གཡང་འཛོམས།
དེ་རིང་ཕྱི་ཚེས་ ༢༡ ཤེས་རིག་བཀའ་བློན་མཆོག་དང་སཾ་བྷོ་ཊའི་འགན་འཛིན་གཞོན་པ་རྣམ་གཉིས་ཀྱིས་མེའོ་ཆོས་འཕེལ་གླིང་སཾ་བྷོ་ཊའི་གཞི་རིམ་མའི་སློབ་གྲྭར་འཚམས་གཟིགས་གནང་ཡོད་པ་རེད། དེ་ཡང་སྔ་དྲོ་དུས་ཚོད་ ༨ དང་ཕྱེད་ཀའི་ཐོག་ཤེས་རིག་བཀའ་བློན་མཆོག་དང་སཾ་བྷོ་ཊའི་འགའ་འཛིན་གཞོན་པ་རྣམ་གཉིས། སློབ་གྲྭའི་དགེ་ཆེ་མཆོག་གིས་ཐོགས་དྲངས་དགེ་ལས་སློབ་ཕྲུག་ཡོངས་དང་ཕ་མའི་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ངང་དགེ་ཆེ་ཡིག་ཚང་དུ་གདན་ཞུ་གནང་ཞིང་། དགེ་ཆེ་ཡིག་ཚང་དུ་དུས་ཡུན་ཆུ་ཚོད་གཅིག་རིང་སློབ་གྲྭའི་ཤེས་ཡོན་དང་། འཛུགས་སྐྲུན་གྱི་ལས་གཞིའི་ཐད་དགེ་ཆེ་མཉམ་བཀའ་མོལ་གནང་ཡོད་པ་རེད།
དེ་རྗེས་འཛིན་གྲྭ་དང་པོ་ནས་བརྒྱད་པ་བར་དང་། དེ་མིན་གྱི་འཁྲིད་ཆས་སྡེ་ཚན་དང་། ཚན་རིག་བརྟག་དཔྱད་ཁང་། དཔེ་མཛོད་ཁང་། གློག་ཀླད་ཁང་། ཆུ་བཙགས་འཕྲུལ་ཆས་དང་ཐབ་ཚང་སོགས་ལ་དུས་ཡུན་ཆུ་ཚོད་གཉིས་རིང་ཞིབ་གཟིགས་གནང་། མཛད་སྒོ་དངོས་གཞིའི་སྐབས་སློབ་གྲྭའི་དགེ་ཆེ་མཆོག་གིས་ཕེབས་བསུ་འཚམས་འདྲི་དང་འབྲེལ་སློབ་གྲྭའི་ལས་སྡོམ་སྙན་སྒྲོན་ཞུས་ཡོད་པ་དང་། ལྟ་གྲུབ་དགེ་རྒན་ལགས་ཀྱིས་སློབ་ཕྲུག་ཚོར་རིགས་ལམ་སྤྱན་འབུལ། བོད་ཡིག་དགེ་རྒན་གྱིས་སློབ་ཕྲུག་ཚོར་སྙན་ཚིག་ངག་སྐྱོར། ཟློས་དགེ་ལགས་ཀྱིས་གཞས་སྣ་འཁྲབ་སྟོན་སོགས་བཀོད་སྒྲིག་ལ། ཤེས་རིག་བཀའ་བློན་མཆོག་ཐུགས་དགྱེས་ཚོར་གནང་ཡོད་པ་རེད། མཇུག་ཏུ་ཤེས་རིག་བཀའ་བློན་མཆོག་དང་སཾ་བྷོ་ཊའི་འགན་འཛིན་གཞོན་པ་རྣམ་གཉིས་དགེ་ལས་སློབ་ཕྲུག་ཚོར་ལམ་སྟོན་བཀའ་སློབ་སྩལ་རྗེས། སོློབ་གྲྭའི་དགེ་རྒན་དང་ཕ་མའི་ཚོགས་ཆུང་ངོས་ནས་བཀའ་བློན་མཆོག་དང་སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་གཞོན་པ་རྣམ་གཉིས་ལ་ཉིན་གུང་གསོལ་ཚིགས་དྲངས་ཤིང་། གསོལ་ཚིགས་རྗེས་དགེ་ལས་བཞུགས་མོལ་ཚོགས་འདུའི་ཐོག་ཕན་ཚུན་དྲི་བ་དྲིས་ལན་ལྷུག་པོ་བྱུང་ཡོད་པ་རེད། ད་རེས་ཤེས་རིགབཀའ་བོློན་མཆོག་གི་གཟིགས་སྐོར་འདི་ཉིད། བཀའ་ཤག་སྐབས་བཅོ་ལྔའི་བཀའ་བློན་རྣམ་པ་ས་གནས་ཁག་སོ་སོར་གཟིགས་སྐོར་དུ་ཕེབས་པའི་སྲིད་བྱུས་ཁྲོད། ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་བྱང་ཤར་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ལ་འཚམས་གཟིགས་གནང་པ་ཞིག་ཡིན་པ་རེད།