ཁྲོ་གཏུམ།
ཤོག་བུ་གློའུ་ལྡིང་འགའ་ཀློག་ཞོར
བསམ་གཞིགས་ཀྱི་སྣེ་མོ་ནམ་མཁར་བཏེགས་པའི་སྐྱེས་བུ
མཐོང་རྒྱ་མཐེ་མོང་ཀེར་ས
ཐོས་རྒྱ་རང་སྟོད་བྱེད་ས
དེ་ལྟ་བུའི་གཡང་གཟར་ན་ལྷོད་ལ་བབས་པའི་ཕུག་འདུན་དག
རླུང་ཆེན་གཡུགས་སྟངས
དྲག་ཆར་འབབ་སྟངས་སུ
ནམ་ཡང་གར་འགྲོ་མེད་པའི་མཛོ་མོ་བལ་དཀར་ཞིག
ཤོག་བུ་གློའུ་ལྡིང་དེར་ཟད་པའི་མཐོང་ཚོར་ལས
ཞར་ཀོག་གི་མགོ་འཕངས་མཐོ་བའི་རྣམ་འགྱུར་འགའི་རྐང་སྣེ
གནས་ལུགས་སུ་ཐོག་སྟེ་འཚིག་པ་ཟོས་པའི་རྐང་རྡུབ་འཁྲབ
ཡ་ཁོག་གི་ཕུག་ལ་ཤ་རྒྱུམ་པའི་ཚོར་བ་དག་སྙིང་ནད་དུ་གྱུར
མདུན་རི་ཡི་རྩེ་མོའི་ལབ་རྩེ་མ་གཏོགས་བསམ་མེད་ལ
རྒྱབ་ལྗོངས་ཀྱི་ཐང་གི་བསང་ཁྲི་མ་གཏོགས་མཐོང་མེད
ཤོག་བུ་གློའུ་ལྡིང་ངོས་སུ་དེ་ལས་ཀྱང
ཡ་མཚར་བ་ཞིག་ལ
ཡིག་འབྲུ་སྦྱོར་ཀློག་ཤེས་པ་ཙམ་ང་རྒྱལ་དུ་རློམས་པའི་ལེའུ་ཞིག
གཡང་གཟར་དེའི་ཐེམ་པ་རེ་རེ་ན་ཉི་མར་ལྡེ་ཡོད
ཨ་གནམ་རྒན་མ
ཁྱེད་ཀྱིས་ཉིན་དཀར་ཉི་འོད་སྦྱིན
མཚན་མོར་ཟླ་འོད་སྦྱིན
ཆར་བ་དང་རླུང་བུ་ཡང་སྦྱིན
དེ་དག་ནི་ཤོག་བུ་གློའུ་ལྡིང་ངོས་སུ་དེ་དག་བྲིས་མི་འདུག
གལ་སྲིད་བྲིས་ཡོད་སྲིད་ཀྱང
སྦྱོར་ཀློག་གཅིག་པུར་དམིགས་མཁན་དག་གིས་ཚོར་མི་འདུག
ཕྱི་ལོ་ ༢༠༢༡ ཟླ་ ༠༦ ཚེས་ ༠༥ ཉིན་ཨོ་གླིང་ནས།