སྤོབས་པ་མཐའ་ཡས།
བོད་ནང་གི་བླ་མ་མཁས་པ་ཞིག་གིས་ཤོག་བུའི་རླུང་རྟ་གང་སར་གགཏོར་སྲོལ་འདི་མི་བཟང་ཚུལ་གྱི་བཀའ་སློབ་ཅིག་གནང་མྱོང་ཚུལ་སྔོན་ནས་ཐོས། ང་བྱིས་པ་ཡིན་དུས་གཟུངས་སྔགས་སྤར་ནས་དར་ཤིང་ལ་འཕྱར་བའམ་རྡོ་རྩིག་ངོས་སུ་སྦྱར་སྲོལ་སོགས་མཐོང་མྱོང་། ཡིན་ན་ཡང་བར་སྐབས་ཤིག་ནས་ཁ་ཆེ་ཚོང་ཁྲོམ་སྟོན་མཁན་ཚོས་ཀ་ཇུ་ཡས་མས་ནས་རླུང་རྟ་ཤོག་བུར་སྤར་བ་ཆག་པ་ཆག་པ་བྱས་པ་མང་པོ་ཁྱེར་ཡོང་ནས་བཙོང་སོང་། འབྲོག་པ་ཚོས་ཧབ་ཐོབ་བརྒྱབ་ནས་ཉོས་སོང་། ད་དུང་ཡང་རླུང་རྟ་འདི་གཏོར་དགོས་དུས་མདོ་སྟོད་སྨད་ཀྱི་འབྲོག་རིགས་ཚོ་ལྷག་པར་ངར། ཤོག་བུའི་རླུང་རྟ་མང་པོ་རི་སྒང་དུ་གཏོར་ཐུབ་ན་ཁ་ལས་རླུང་རྟ་དར་སྤྱད་ལྟ་བུ་ཞིག་ཏུ་ཡིད་ཆེས་བྱས་ནས་ཆག་པ་དང་ཆག་པ་ཉོས་ནས་གཏོར། རིམ་གྱི་རི་བསང་སོགས་ཀྱི་སྐབས་སུ་ཤོག་སྒམ་ཆེན་པོ་གང་རེ་ཉོས་ནས་གཏོར། རི་བསང་བྱེད་མཁན་ཚོའི་བར་ལ་རླུང་རྟ་གཏོར་རྒྱུ་གང་མང་གི་འགྲན་བསྡུར་ཤིག་ཀྱང་སླེབས་འདུག ངས་ཀྱང་སྔོན་མར་རླུང་རྟ་འདི་ཉོས་ནས་གཏོར་ཁུལ་བྱེད་མྱོང་། རི་མཐོ་ས་རེར་སླེབས་སྐབས་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་ཟེར་ནས་ཤོག་བུ་དེ་གཏོར་ན་སྣང་བ་སྤྲོ་བོ་འདྲ་ཞིག་ཡོང་སྣང་ཤར།
མི་སྐྱ་ཙམ་མ་ཡིན་པར་གྲྭ་བ་ཚོ་ཡང་རླུང་རྟ་འདི་གང་སར་གཏོར་བར་དགྱེས། འགྲུལ་བཞུད་ཅིག་བྱེད་ན་ཡང་རླུང་རྟ་ཆག་པ་ཁ་ཤས་རུམ་དུ་བཅུག་ནས་རི་མཐོ་ས་གཙང་རེར་སླེབས་སྐབས་འགྲུལ་འཁོར་སྒེའུ་ཁུངས་ཕྱེ་ནས་ཀི་ཀི་བསོ་བསོ་ཟེར་ནས་ཕྱི་ལོགས་སུ་གཏོར། ཉེ་འགྲམ་ན་གཉིད་དུ་ཡུར་བཞིན་པའི་རྒྱ་མི་ལྟ་སྐོར་བ་ཚོས་ཀྱང་མགོ་ཀྲོག་ཀྲོག་བྱས་ནས་ཡ་མཚན་ཆེ་མདོག་གིས་པར་རེ་རྒྱག བོད་མི་ཚོས་དེ་ལས་ཧ་ལས་པ་ཞིག་བྱེད་དགོས་སྣང་ཤར་ནས་རླུང་རྟ་ཆག་པ་ཆག་པ་ཕྱིར་བཏོན་ནས་སྐད་ཅོར་འདོན་བཞིན་གཏོར། རྟ་ཚོང་ཟོག་ཚོང་བྱེད་པ། ཕོ་ཤ་མོ་གྱོད་གླེང་བ། རྩྭ་ཁ་ཞིང་ཁ་རྩོད་པ། སློབ་མའི་ཡིག་ཚད་གཏོང་བ་ལ་སོགས་བྱ་བ་གལ་ཆེན་ཚང་མ་མགོ་རྩོམ་ལ་ཉེ་དུས་ཤོག་བུའི་རླུང་རྟ་ཁུར་བོ་རེ་ཉོས་ནས་རི་ཁར་གཏོར།
བོད་མི་དད་ལྡན་ཚོས་གསུང་རབ་ཡི་གེ་ན་གཅིག་ཡན་ཆོད་ལ་འགོམ་ཡུག་བྱེད་སྲོལ་མེད་ན་ཡང་རླུང་རྟ་འདི་རིགས་ཕལ་ཆེར་གྱི་ངོས་སུ་གཟུངས་སྔགས་པར་འདུག་མོད་འགོམ་ཡུག་བྱེད་པ་ལ་འཛེམས་སྲོལ་མི་འདུག བསང་གསོལ་གཏང་ས་དང་ཉག་ག་ལ་བཙས་ཚང་མར་ཁ་བ་བབ་པ་བཞིན་པུས་མོ་མན་ཆད་ཟུག་འགྲོ་བ་བཟོས་འདུག རླུང་རྟ་དེ་ལྟར་རི་ལུང་གང་སར་གཏོར་ཚུལ་ཞིག་གསུང་རབ་ལས་གསུངས་པ་ཡོད་དམ།
ངས་འདི་ལ་སྐྱོན་མང་པོ་ཞིག་མཐོང་སོང་། གཟུངས་སྔགས་འདི་རིགས་འགོམས་ཡུག་བྱས་ན་རྟེན་འབྲེལ་འཆུག་པ་དང་། སྐྱབས་འགྲོའི་བསླབ་བྱ་ལ་མ་གུས་པ། བསོད་ནམས་ཟད་པ་སོགས་དང་། རླུང་རྟ་འདི་རིགས་གང་སར་གཏོར་ན་ཁོར་ཡུག་ལ་གནོད་པ། ཤོག་བུའི་ཐོན་ཁུངས་ཆུད་ཟོས། དངུལ་འཕྲོ་བརླགས། མཐོང་སྣང་ལ་མི་མཛེས་པ། ཤོག་བུ་སྣག་ཚའི་རྒྱུ་ཆ་གང་ཞིག་ལས་གྲུབ་ཡོད་མེད་མི་ཤེས་ཀྱང་ནོར་ལུག་སེམས་ཅན་ཚོའི་ཁར་འདི་མང་པོ་སོང་ན་འཕྲོད་རྟེན་ལ་ཡང་གནོད་ཤས་ཆེ་བ། རང་བྱུང་རི་ལྗོངས་ཀྱི་མཛེས་སྡུག་བསྒྲིབས་པ་སོགས་སྐྱོན་མང་པོ་ཞིག་ཡོད་པ་འདྲ། ཁྱེད་རྣམ་པས་ཀྱང་ཏན་ཏན་ཤོག་བུའི་རླུང་རྟ་གཏོར་སྲོལ་དར་ཁྱབ་ཆེན་པོ་བྱུང་བཞིན་པ་འདི་ལ་དོ་སྣང་བྱུང་ཡོད་ངེས་པས་དགོངས་ཚུལ་གང་ཡོད།
སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པ་རྣམས་བདེན་པ་རང་རེད། རླུང་རྟ་གཏོར་སྲོལ་ནི་ལུགས་སྲོལ་རྙིང་གྲས་ཤིག་ཡིན་པ་དངོས་བདེན་ཡིན་མོས། དེ་རིགས་རིག་པས་དཔྱད་ན་ཕལ་ཆེར་ཆོས་དང་འཇིག་རྟེན་སོགས་སྒོ་གང་ས་ནས་བལྟས་ཀྱང་དགེ་ལས་སྐྱོན་ཆེ་བར་མཐོང་བས།ཚང་མར་གོམས་སྲོལ་དེ་རིགས་སྲོལ་རྒྱུན་དུ་གྲགས་ལ་འཕྲལ་དུ་སྤང་རྒྱུ་ནི་དེ་བས་དཀའ་ནའང་། ངེས་པར་སྤོང་ཐབས་གནང་རྒྱུ་ནི་གལ་ཆེ་བར་མཐོང་། ད་དུང་དེ་ལས་ཀྱང་སྐྱུགས་བྲོ་བའི་རང་རེའི་གོམས་སྲོལ་གཞན་ཞིག་ནི་བཀའ་ཆོས་དང་གསུང་ཆོས་སོགས་ཀྱི་སྐབས་ཆོས་ཞུ་བ་མང་པོས་དགོས་རྒྱུའི་ཆོས་ལ་མ་མཉན་པར།དེ་ལས་ལྡོག་སྟེ་ཚེ་རིལ་དང་ལྗགས་མདུད་སོགས་འཐོབ་རྒྱུར་ཧབ་ཐོབ་ཚད་མེད་དང་འཚང་ཁ་རྒྱག་སྟངས་སོགས་ལགས་པ་བཅས་བསམ་ཚུལ་ཙམ་དུ་ཕུལ་ལོ།།
ད་རྙིང་དོར་གསར་འཛུགས་ཀྱི་ལས་ལ་བཞུགས་ན་ལེགས་ས་རེད།
བདེན་པ་རེད། སྤོས་བསང་གཏོང་རྒྱུ་དང། ཇོ་དར་སྒྲོན་རྒྱུ་དང། མཆོད་མེད་འབུལ་རྒྱུ་དང། གཏོར་མ་བཅའ་རྒྱུ་དང། ཐང་ཤམ་རྒྱབ་རྒྱུ་དང། གསེར་དངུལ་ལས་སོགས་རིན་གོང་ཆེན་པོ་དག་ལས་དཀྲུན་པའི་ལུགས་སྲོལ་དག་ཀྱང་འདོར་དགོས་པ་རེད།
ནང་མི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་དང། ཕན་ཚུན་འགྲན་རྩོད་ཀྱི་རྙོག་ཁྲ་དང། ཁོར་ཡུག་སོགས་ལའང་གནོད་ཉེན་འདུག་པས་འདི་རིགས་དོར་ན་གང་འདྲ་འདུག་གམ།
ལུང་དང་རིགས་པ་སྨྲ་བ་དག་གིས་དགོངས་པ་ཞིག་བཞེས་རོགས།
རྩོམ་འདི་ཡི་བརྗོད་གཞི་གལ་ཆེན་པོ་ཞིག་ཡིན་འདུག་པས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
རླུང་རྟའི་རིག་གནས་འདིའི་མགོ་ཁུངས་གཏུགས་ས་དེ་ནི་བོད་ཀྱི་བླའི་རིག་གནས་ལ་གཏུགས་ན་ཆོག་ཅིང་། དང་པོར་ཡར་ཀླུང་ཚོ་བ་ཞིག་གི་བླའི་སྲོག་ཆགས་དེ་རྟ་ཡིན་པས་རྟའི་གཟུགས་བརྙན་ལ་མཆོད་འབུལ་བྱས། རྗེས་སུ་ཤིང་ལོའི་ངོས་སུ་རྟའི་གཟུགས་བརྙན་བྲིས་ནས་རི་མཐོ་ས་གཙང་དག་ཏུ་གཏོར། དེ་ནས་རྒྱ་གར་ནག་བརྒྱུད་ཤོག་བུ་དར་ཁྱབ་བྱུང་བས་ཤོག་བུའི་སྟེང་དུ་རྟའི་གཟུགས་བརྙན་བྲིས་ནས་གནམ་ལ་གཏོར། རིམ་བཞིན་རྟའི་ཕྱོགས་བཞིའི་འབྱུང་བཞིའི་མཚོན་དོན་སྟག་སེང་ཁྱུང་འབྲུག་བཞིའི་རི་མོ་ཡང་བྲིས། བོད་ལ་ཡི་གེ་འབྲི་ལུགས་དར་བ་ནས་བཟུང་རྟའི་གཡས་གཡོན་དུ་རང་རང་གི་འདོད་དོན་དང་ལྷའི་མཚན་སྔགས་སོགས་བྲི་བའི་ལུགས་སྲོལ་བྱུང་། ད་ལྟར་ཤོག་བུ་འབེལ་བས་རི་ཀླུང་གང་སར་བསང་མཆོད་འབུལ་སར་རླུང་རྟའི་ཤོག་བུ་གཏོར། དེའི་སྟེང་དུ་རྡོག་བརྫིས་བྱེད་བཞིན་པ་མིག་གིས་མི་བཟོད་པའི་ཚོད་དུ་སྣང་། འདི་ལ་བླ་ཆེན་ཞིག་གིས་བཀའ་སློབ་རེ་གནང་བ་ལེགས་པར་མཐོང་། དེ་ཡང་རླུང་རྟ་སྤུར་མཚམས་ལམ་སེང་འཇོག་མི་ཐུབ་པས་རླུང་རྟའི་ངོས་སུ་གཟུངས་སྔགས་མི་འབྲི་རྒྱུའི་བསླབ་བྱ་བརྒྱབ་ན་ལེགས།
གསུངས་བ་བདེན་པ་རེད།གོམས་སྲོལ་འདི་བོད་སྤྱི་ལ་ཡོད་པ་ཞིག་ཀྱང་རེད་མི་འདུག དཔེར་ན་དབུས་གཙང་ཁུལ་དུ་རླུང་རྟ་གཏོར་སྲོལ་དེ་ཙམ་མེད་པར་སྣང་། གལ་སྲིད་རླུང་རྟ་གཞན་གྱིས་གཏོར་བཞིན་པ་མཐོང་ན་རྒན་གྲས་ཚོས་གཤེ་གཤེ་གཏོང་གིས་འདུག ཁམས་ཕྱོགས་སུ་རླུང་རྟ་གཏོར་སྲོལ་དར་ཁྱབ་ཡོད་མེད་གསལ་བོ་མ་ངེས་མོད། འོན་ཀྱང་བོད་ཡིག་ཅན་གྱི་བཅའ་དངོས་གང་ཡིིན་སྒང་ལ་དོན་མེད་འགོམ་ཡུག་མི་བྱེད་པ་འདི་བོད་ཡོངས་ལ་ཡོད་པའི་ལུགས་སྲོལ་གལ་ཆེན་ཞིག་རེད་འདོད་དོ།།
སྤོམས་མཐའ་ལགས་ཀྱིས་གསུངས་ལ་གནས་ལུགས་འདུག
བསང་དང་རླུང་རྟ་གཏོར་བ་སོགས་བོན་གྱི་ལུགས་སྲོལ་རེད་ཟེར་བ་ཞིག་ཐོས་མྱོང་ཡོད
ད་ལྟ་བོད་ཡུལ་ན་ཚད་ལས་བརྒལ་བའི་བྱ་སྦྱོད་མང་པོ་ཞིག་ནོར་བ་རྒྱུན་འབྱམས་སུ་འགྲོ་བཞིན་པའི་བཟོ་འདུག དཔེར་ན་རི་སྒང་སོགས་སུ་མ་ནི་དར་ལྕོག་གིས་ཁེངས་ནས་ཡོད་པ་མང་པོ་ཞིག་མཐོང་རྒྱུ་འདུག
རླུང་རྟ་འདི་དགག་དགོས་པའི་རྒྱུ་མཚན། མི་རྣམས་ཐོག་ཏུ་འགོམ་བཞིན་པར་བསམ་བློ་བཏང་ན། བླ་ཆེན་ཚོ་ཕེབས་སྐབས་བཀྲ་ཤིས་རྟགས་བརྒྱད་དང་རྒྱལ་སྲིད་སྣ་བདུན་སོགས་ལམ་གྱི་ནང་དུ་འབྲི་བ་འདི་ཡང་འགོག་དགོས་པར་སྣང་། མི་ཚང་མ་འགོམ་སའི་ལམ་ནང་དུ་དེ་ལྟར་བཞག་ན་ག་ལ་འགྲིག ད་དུང་བླ་མ་ཚོའི་བཞུགས་ཁྲིའི་འོག་ཏུ་རྡོ་རྗེ་རྒྱ་གྲམ་ཕབ་པ་དེ་ཡང་གཅིག་མཚུངས་རེད།
འགྲོ་སོང་ལ་བསམ་བློ་བཏང་ན་མཆོད་མེ་འབུལ་བ། དར་ལྕོག་འཛུགས་པ། ལབ་ཙེ་བསྟོད་པ་འདི་ལྟར་བསམ་བློ་བཏང་ན་སྔོན་མ་ཞིག་ལ་༼མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་༽ཟེར་བ་དེའི་ལུང་བསྟན་དུས་ཐོག་ལ་འབབ་ཀི་ཡོད་ས་རེད་ད།
ང་ཡིན་ན་མི་རིགས་ཀྱི་རིགས་གཞུང་ཡིན་ན་ཞེ་དྲག་བཀག་ན་མི་རིགས་དེ་འཆི་ལམ་དུ་འདེབས་པ་རེད་བསམ་གི་འདུག འགྲོ་སོང་ཕྱི་རྒྱལ་མགོ་སེར་ཚོའི་ཆང་སའི་སྐབས་ཀྱི་རྡོ་རྗེ་ཕ་ལམ་དང་གསེར་དངུལ་གྱི་འཛུབ་དཀྲིས་གཅིག་ལ་བསམ་བློ་བཏང་ན་ང་ཚོའི་བོད་ཀྱི་རྒྱན་ཆ་ཕྱོགས་ཆ་ལ་ཡང་དོ་གི་མ་རེད། གྱོན་གོས་ཀྱི་ཕྱོགས་ནས་ཡང་དེ་ག་ནང་བཞིན་རེད། ང་ཚོའི་དེང་སང་གི་ལྭ་བ་ཟེར་ནས་གསར་བརྗེས་ཡིན་མདོག་མདོག་ཅང་བྱས་ཡ་ཡོད་པ་མ་རེད། དེང་སང་གི་ལྭ་བ་དེ་ཚོ་ཡང་གསར་བ་ཅང་མ་རེད་པ། ཡོ་རོབ་པ་དག་གི་ལྭ་བ་རེད་པ། དེའི་ལད་མོ་བྱས་ན་དེང་རབས་པ་དང་གསར་བརྗེས་པ། སྟབས་བདེ་བ་སོགས་སུ་རློམ་བཞིན་པ་མ་གཏོགས། རང་མི་རིགས་ཀྱི་རུས་རྐང་ཉམས་འགྲོ་གི་ཡོད་པ་རེད་བསམ་ཀི
དཀར་ནག་ཙམ་ལས་གཉིས་ཀ་ཡང་རིག་གནས་གསར་བརྗེ་རེད། རྒྱ་ནག་གིས་སྤེལ་ན་རྩོག་རྒྱུ་དང་། བོད་ཀྱིས་སྤེལ་ན་ཡག་རྒྱུ་གང་ཡང་ཡོད་པ་མ་རེད། རིག་གནས་གསར་བརྗེས་རེད་དོ། བསམ་ཚུལ་མུ་མཐུད་ནས་ཡིན་ད།
བོད་ཀྱི་རླུང་རྟ་ཀི་བཏབ་ནས་གཏོར་བ་ལ་རྒྱ་ནག་གིས་འཕྱ་བ་དང་ཧང་སང་མདོག་བསྟན་པར་ངོ་ཚ་མི་དགོས། རྒྱ་ནག་གིས་མི་ཤི་བའི་དུར་ཁྲོད་ནང་དུ་མཆོད་ཤོག་ཆགས་པ་ཆག་པ་བྱས་ནས་ངུ་ཤར་རྒྱག་ཞོར་བསྲེགས་གི་རེད། ཧང་སང་ན་ཕར་སང་ཚུར་སང་རེད། འཕྱ་སྨོད་བྱེད་ན་ཕར་བྱེད་ཚུར་བྱེད་རེད། འདི་ཚོ་མི་རིགས་རང་རང་གིས་ལྟ་ཚུལ་ཞིག་ཡོད་པ་ལས། མི་རིགས་གཞན་ཞིག་ལ་དེ་མེད་པས་ང་ཚོ་ལ་ལན་པོ་མི་འདུག་ཟེར་ན། དེ་ཚོ་ཡ་མཚན་གྱི་བསམ་བློ་རེད།
དངོས་གནས་སྤོབས་མཐས་གསུངས་པ་ལ་གནས་ལུགས་འདུག
ང་ཚོས་མུ་འཐུད་འདི་འདྲའི་རྐྱང་ཞིག་བྱས་ན་དོན་མེད་འགྲོ་སོང་གཏོང་གཏོང་ནས་ཉི་མ་གཅིག་ཧ་ལམ་རང་གི་སྐྱེས་དམན་དང་ཕྲུ་གུ་དེ་དག་མུ་གེས་ཤི་བའི་བའི་ཉེན་ཁ་འདུག
ཉེ་སྔོན་ཨ་ཞང་རྒྱ་ནག་ཚང་གིས་མི་ལོ་ལྔ་བཅུ་ལྷག་དཀའ་ལས་རྒྱབ་སོང་དེ་ཡིན་ན། བོད་ཀྱི་ཐུན་མིན་གྱི་རིག་གཞུང་འདི་དག་གི་ངོ་བོ་རྩ་བརླག་གཏོང་ཐུབ་མ་སོང་། ད་ང་ཚོས་དངོས་སུ་ལག་པ་རྐྱང་ན་དགའ་ས་རེད། གལ་སྲིད་འདི་དག་མེད་པ་བཟོ་ཐུབ་ན་གཞི་ནས་ངེད་ཅག་༼ལྷོ་བརྒྱུད་པའི་གྲྭ་བ་བཞིན་ཚང་པ་གདོང་བཞི་དང་། ཚོགས་བདག་གླང་སྣ། སྤྲེའུ་་ཧ་ནི་མནྡྷ། གཟའ་བདུན་གྱི་ལྷ་ལ་སོགས་པ་ལ་མཆོད་པ་དང་། གནས་བརྟན་རྒན་པོ་རྣམས་ཀྱི་རོ་དམར་གདུང་བྱས་ནས་བཞུགས་པ། གདུང་རུས་ཀྱི་སཙྪ་གྲྭ་བ་དང་མི་སྐྱ་ཀུན་གྱིས་མཆོད་པ། གྲྭ་ཆུང་གཞོན་ནུའི་དུས་ནས་ཞི་གནས་གྲུབ་པ་རེ་ལ་དགྲ་བཅོམ་པ་ཐོབ་འདུག་ཅེས་དགེ་འདུན་པ་སྤྱིའི་་ཕྱག་བྱེད་པ་དང་། སེམས་གར་བཞག་ས་ལ་གནས་པ། སྐབས་རེར་ཉིན་གསུམ་བཞི་རེ་མཉམ་བཞག་གཅིག་གི་ངང་ལ་གནས་ཐུབ་པས། ཆོས་ལུགས་ཀྱི་དབུ་འཛིན་གནས་བརྟན་ཆེན་མོ་ལ་གནས་ཚུལ་ཞུས་ན་ཁྱོད་ལ་དགྲ་བཅོམ་པ་ཐོབ་འདུག་ཟེར་ནས་ངོས་འཛིན་ཡི་གེ་གནང་། རྒྱལ་པོས་ཀྱང་བནབས་བཟའ་དང་་། དགྲ་བཅོམ་པའི་གཟེངས་བསྟོད་ཕྱག་ཆེར་ཟངས་ལེབ་ལ་བརྐོས་ནས་གནང་བ་དང། ཡང་ཕྱིས་སུ་གྲྭ་ལོག་བྱས་ཏེ་འཁོར་བ་བཟུང་བ་༽སོགས་ཤག་ཀྱཱའི་རྗེས་འཛིན་དངོས་གནས་དེ་བྱས་ན། ད་དངོས་གནས་སྐྱིད་པོ་དང་སྟབས་བདེ་མོར་འདུག་ཆོག་རྒྱུ་རེད་ཡ་ཨ་རོགས།
ད་ཤུགས་རྒྱོབས་ཨ། ཨ་ཞང་ཚང་གི་རོགས་པ་གྱིས་ཕ་བཟང་བུ།།
སྤོབས་པ་མཐའ་ཡས་ལགས། དཔྱད་གླེང་ཡག་པོ་གནང་འདུག། ཤོག་ཐོག་རླུང་རྟ་པར་མ་གཏོར་བ་དེ་ཙམ་མ་ཟད་སྙམ་བུ་དང་རས་སྣ་འདྲ་མིན་སོགས་ལ་པར་བའི་རླུང་རྟ་གྱི་དར་མཚན་དཀར་དམར་རྙིང་ཧྲུལ་ཇི་སྙེད་ཅིག་བོད་ཀྱི་ས་ཕྱོགས་གང་སར་མུར་མཚམས་མེད་པ་མཐོང་ཡ་འདུག།
ནང་པའི་ལྷ་ཆོས་ནས་ཞུས་ན་སངས་རྒྱས་བྱང་སེམས་སོགས་ཀྱི་གཟུངས་སྔགས་རྣམས་རྐང་འོག་དང་མི་གཙང་བའི་གནས་སུ་གཡུགས་པས་ཆོས་ལ་རྟེན་པའི་སྡིག་ཁ་འབོར་ཆེའམ་ཉེས་ལྟུང་ཚོད་མེད་བསོགས་པའི་རྒྱུ་ལས་ཅི་ཡོད། འཇིག་རྟེན་མི་ཆོས་ནས་ཞུས་ན་སྤྱི་མཐུན་གྱི་འཁོར་ཡུག་སྲུངས་སྐྱོབ་ལ་གནད་ཚབ་ཆེ་བ་དང་མི་སྒེར་གྱི་རྒྱུ་དངོས་འགྲོ་སོང་ཆེ་བ་བཅས་ལས་འདི་ཤི་ལེགས་ཚོགས་ཀྱི་གནད་ཞིག་ཡིན་དོན་མི་འདུག།
དེ་བཞིན་མར་དང་སྣུམ་རིགས་ཀྱི་མཆོད་མེའམ་དཀར་མེ་རྒྱ་མཆོད་དང་སྟོང་མཆོད་ཁྲི་མཆོད་ལ་སོགས་འབུལ་སྲོལ་དེ་ཡང་རྒྱུ་དངུལ་དང་ལུས་ཁམས་འཕྲོད་རྟེན་སོགས་ལ་གནོད་སྐྱོན་ལས་དགེ་ཚོགས་འཕེལ་བའི་རྒྱུ་རུ་འགྱུར་བས་ངེས་པར་མི་འདུག།
གལ་སྲིད་རང་ཉིད་ཀྱིས་ཀུན་སློང་དག་ན་ལྷ་མཆོད་དང་ཀླུ་མཆོད། ལྷ་གསོལ་དང་ཀླུ་གསོལ་སོགས་ལ་ཕན་ཡོན་ཞིག་ཡོད་ཆོག་ཀྱང་རང་ཉིད་ཀྱི་འཁོ་འབྱོར་ལ་ཞིག་པས་མཆོད་རྫས་འབུལ་བ་ལས་འགྲན་རྩོད་དང་མཚུངས་བའི་རྒྱ་མཆོད་སྟོང་མཆོད་དེས་དགེ་བསགས་ཕར་ཚོད་ཆགས་སོགས་འཕེལ་བས་རྒྱུ་ལས་མེད་དོ།
རླུང་རྟའི་རི་མོའི་འདིའི་ཁུངས་ནི་བོད་རང་རེད། དེ་ཡང་ཐུ་བྷོད་བཙན་རྒྱལ་དམག་དཔུང་གི་དུས་རབས་ཀྱི་སྐབས་དེར་དར་བའི་བོད་དང་ཕྱོགས་བཞིའི་རྒྱལ་ཁབ་རྣམས་ཀྱི་མཚོན་དོན་ཅན་ཞིག་རེད། མདོར་ན་བོད་ཀྱི་ས་བཀྲ་རྙིང་པ་ཞིག་རེད། དབུས་ཀྱི་རྟ་དེ་བོད་རང་ཉིད་མཚོན་པ་དང་། གནའ་དུས་བོད་ཀྱི་ཡུལ་དུ་རྟ་ལས་རིན་ཐང་མཐོ་བའི་སྒོ་ཟོག་ཞིག་མེད་པ་དང་། ལྷག་པར་བཙན་པོ་དམག་གི་དུས་རབས་དེར་རྟ་ནི་ཧ་ཅང་གལ་གནད་ཅན་གྱི་སྒོ་ཟོག་དང་། བུ་རྟ་གཉིས་ཟེར་ན་མིའི་འཕྲོས་ནས་རྟ་ལ་གཅེས་པར་འཛིན་པ་རེད། བོད་ཀྱི་རྟ་དམག་ཕྱོགས་བཞིར་དཀྱེ་བ་སོགས་ལའང་མེད་ན་མི་འབྱུང་བའི་འབྲེལ་བ་ཡོད་པས་བོད་ཀྱི་མཚོན་བྱེད་སྲོག་ཆགས་དེ་རྟ་ལ་བྱས་པ་རེད། དེང་དུས་སྐད་ཆ་བྱས་ན་བོད་རྒྱལ་ཁབ་ཀྱི་སྲོག་ཆགས་རྟ་རེད། སྔ་མའི་དུས་དེར་རྟ་རྐྱང་པ་ཞིག་མ་གཏོགས་རྟའི་སྟེང་དུ་སྒ་དང་ནོར་བུ་སོགས་ཁྲ་སྤུངས་སེ་དེ་འདྲ་མེད་པ་ཡིན།
ཕྱོགས་བཞིར་ན་ཡོད་པའི་སྲོག་ཆགས་བཞི་པོ་དེ་བོད་དང་འདབས་འབྲེལ་བའི་རྒྱལ་ཁབ་བཞི་རེད། འབྲུག་རྒྱ་ནག སྟག་སོག་པོ། སེང་གེ་རྒྱ་གར་། ཁྱུང་ཆེན་ངམ་གླག་རྒོད་དེ་དབྱི་ལང་སོགས་ཁ་ཆེའི་ཡུལ་མཚོན་པ་རེད། གཅིག་ཏུ་ན་བྱ་འདི་འོལ་པ་ཡིན་སྲིད། ཁ་ཆེ་བ་རྣམས་ཀྱིས་འོལ་པ་ངམ་ཡང་ན་པིང་ཀྱུར་འདི་ཉིད་ལ་ཁོང་ཚོའི་བླ་བྱ་ལྟ་བུ་རེད། དེ་ཙམ་ཡིན། དུས་ཚོད་བྱུང་ན་འདིའི་སྐོར་གྱི་བསམ་ཚུལ་རྒྱས་པ་ཞིག་འབྲི་འདོད་ཀྱང་ཡོད།
ད་རླུང་རྟ་སྤུར་དགོས་མིན་དེ་མི་རང་རང་གི་བསམ་ཚུལ་རེད། སྤྱིར་ན་ལས་ཀ་གང་བྱས་ཀྱང་མཐའ་གཉིས་ཡོད་པ་ལྟར་འདི་ཡང་རི་མགོ་མཐོ་སར་གཏོར་ཏེ་ཀི་ཤར་འདྲ་བྱས་ནས་སྨོན་ལམ་དང་། ཁ་གཡང་འདྲ་བོས་ཚེ་ཤིན་ཏུ་སེམས་མཐོ་ཡེར་རེ་བ་འགྲོ་རྒྱུ་ཡོད་པས་མི་སེམས་ཞུམས་པ་དང་། ཤི་བ་སོགས་ལ་ཕན་ཐོགས་འདུག་པས་རེ་ཞིག་རྩ་བཅད་གཏོང་ན་འདོད་པ་མེད། ཡིན་ནའང་ལམ་མདོར་སོགས་གང་སར་གཏོར་ན་མིག་ལ་མི་མཛེས་པ་སོགས་ཁྱོད་ཅག་གིས་བཤད་པའི་ཉེས་པ་འདི་དག་ཡོད་པས་མཐའ་རུ་མ་ལྷུང་པ་བྱེད་རྒྱུ་གལ།
ད་དུང་བསམ་དགོས་པ་ནི་རླུང་རྟའི་རིགས་འདི་རས་གཞི་འདྲ་མིན་ལ་སྤར་ནས་འཛམ་གླིང་གང་སར་འདུག་ལ་ལྷག་པར་དུས་རབས་འདི་དག་བོད་ཀྱི་ཆོས་དང་རིག་གཞུང་གི་དྲི་ཙམ་ཡོད་ས་དེར་རླུང་རྟ་ཁྲ་སྤུངས་སེ་འདུག་པས་མ་འོངས་པར་བོད་ཀྱི་མཚོན་དོན་ལྟ་བུ་འགྱུར་བའི་རེ་བ་འདུག་བསམ། བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་མཚོན་བྱེད་ཅིག་ཏུ་འགྱུར་གྱིན་འདུག་བསམ།
ངས་སྤོབས་པ་མཐའ་ཡས་ཀྱི་གསུང་ལ་རྒྱབ་སྐྱོར་ཡོད། དཔེར་ན། དེང་སང་ཁམས་ཕྱོགས་ཀྱི་ལུང་པ་འགའ་ཞིག་ན་གཞི་མོ་ཞེས་ལོ་རེར་བླ་མ་ཞིག་གི་རྩར་ནས་མོ་རེ་བཏབ་སྟེ། བླ་མས་ཅི་གསུང་སྒྲུབ་རྐྱང་གིས་འགྲོ་སོང་དཔག་མེད་དུ་འགྲོ་གི་ཡོད་པ་རེད། མོ་ལ་བབ་པ་ནི། རླུང་རྟ་ཉིས་ཁྲི་སུམ་ཁྲི་ཞིག་གཞི་བདག་དང་ལུང་པའི་གཞི་མདོ་གང་རུང་ཞིག་གི་སྡོང་བུ་སོགས་སུ་འཐེན་དཔྱོང་བྱེད་དགོས་པ་དང། ཁྱིམ་ཚང་གི་རྟེན་དུ་སྐུ་འབུམ་ཞེས་སངས་རྒྱས་ཀྱི་སྐུ་ཐང་བྲིས་མ་འབུམ་གཅིག་ཡོད་པའི་ཤོག་སྒམ་གྲུ་བཞི་ཆེ་ཐག་ཆོད་ཅིག་ཉུང་མཐར་ཡང་གཅིག་ཉོས་ཏེ་མཆོད་གཤོམ་ཁང་དུ་འཇོག་དགོས་པ་དང་། གཞན་ཡང། ཚྭ་ཚྭ་ཉུང་མཐར་ལྔ་བརྒྱ་དང་མང་མཐར་ཉིས་སྟོང་ནས་སུམ་སྟོང་ཡས་མས་དཔར་ཏེ། ཁང་པའི་མདུན་རྒྱབ་གང་རུང་ངམ། ཡང་ན་ཉེ་འགྲམ་གྱི་བྲག་ངོས་སུ་ཁུང་བུ་བརྟོལ་ཏེ་དེའི་ནང་དུ་འཇོག་གི་ཡོད། འདི་དག་ལ་འགྲོ་སྒོ་ཆེ་བས་མ་ཚད་ད་དུང་ངལ་རྩོལ་གྱི་དཀའ་ཚེགས་ཀྱང་ཆེན་པོ་ཞིག་བྱེད་དགོས་ཀྱི་འདུག
ཁྱེད་ཅག་གིས་གསུངས་སྟངས་བྱས་ན་རླུང་རྟ་འདི་དང་ནང་ཆོས་བར་ལ་འབྲེལ་བ་ཞིག་མེད་ས་རེད། ཁྱེད་རྣམ་པས་ནང་ཆོས་བོད་ལ་མ་དར་གོང་ནས་རླུང་རྟ་འདི་བཞིན་སྤར་སྲོལ་ཡོད་ས་རེད་གསུང་གིན་ཡོད་རེད་དམ། རྒྱལ་མཚན་རྩེ་མོའི་རླུང་རྟ་དར་ལྕོག་དེ་ལ་རྟ་དགོས་པ་རེད་དམ་མ་རེད། ངས་ནི་དེ་ནང་པའི་སྔགས་ལུགས་ལས་བྱུང་བ་ཞིག་ཡིན་ས་རེད་སྙམ་གྱིན་ཡོད་ད།
རྡ་སས་མཚོན་པའི་བོད་མི་འདས་སྡོད་བྱེད་ཡུལ་ཕལ་མོ་ཆེར་གཞུང་ལམ་གཡས་གཡོས་དང་རི་འགོ་སོགས་གང་སར་དར་ལྕོག་འཐེན་པས་ཁོར་ཡུག་ལ་གནོད་སྐྱོན་གཏོང་གིན་འདུག་ཅེས་རྒྱ་གར་ཚགས་པར་རེ་ཟུང་ནང་སྐྱོན་བརྗོད་བྱས་ཡོད་རབས་ཤིག་ཀྱང་ཡོད། རྒྱ་གར་ནས་ཤིང་སྡོང་ཞིག་གཏུབ་ན་སྲོག་ཁྲིམས་འབབ་ཚུལ་བཤད་སྲོལ་ཡོད་པས། བོད་མི་ཚོས་ཤིང་སྡོང་ལ་དར་ལྕོག་མང་པོ་བཏགས་པས་རེད་སྐྱོན་བརྗོད་བྱུང་བ་རེད། གང་ལྟར་འདི་ཡང་ལུགས་སྲོལ་ཡག་པོ་ཞིག་རེད་མི་འདུག་སྙམ། གོ་ཐོས་ལ་མ་སུ་རིའི་༼སྡེ་ར་ལྡུན༽ལྷ་གསོལ་རི་དང་མཚོ་པད་མ་སོགས་ས་ཆ་ལ་ལར་དར་ལྕོག་གསར་པ་རེ་བཏགས་ནས་ཅང་མ་འགོར་བར་རྒྱ་གར་གྲོང་གསེབ་བུ་གུ་ཚོས་བཀོག་ནས་སླར་ཡར་ཁྲོམ་ནས་བཙོང་གིན་འདུག་ཟེར་བས་དེང་སང་བོད་མི་མང་ཆེ་བས་དར་ལྕོག་སྟེང་རང་དང་ནང་མི་ཚོའི་མིང་སོགས་བྲིས་ནས་འཐེན་བཞིན་འདུག ཤོག་བུའི་རླུང་རྟ་གཏོར་སྲོལ་དེ་གོང་དུ་འཚོ་བྱེད་བུས་གསུངས་པ་ལྟར་ཨ་མདོ་བ་ལས་གཞན་ལ་དར་ཁྱབ་དེ་ཙམ་མེད་པར་སྙམ། འདི་ཁ་ལས་རླུང་རྟ་དར་ཆེད་ཡུལ་ལྷ་གཞི་བདག་ལ་ཕུལ་བའི་མཆོད་པ་ཞིག་ཡིན་ཚོད་ཀྱང་དེའི་སྟེང་སྔགས་སོགས་བྲིས་ནས་གཞི་བདག་མཆོད་ན་མ་འགྲིག་པ་རེད། ཁ་ལས་དར་རྒྱུའི་ཚབ་ལ་ཉེས་པ་ཆེན་པོ་བསགས་པ་རེད།
རླུང་རྟ་འཕྱར་བ་དང་དཔྱངས་བ་སོགས་མཐོང་སྣང་ལ་མཛེས་པོ་འདུག ཡིན་ན་ཡང་ཤོག་བུའི་ངོས་སུ་སྤར་བ་ཁུར་བོ་ཁུར་བོ་བྱས་ནས་རི་སྒང་དང་ལམ་མདོ་ཡོད་ཚད་ལ་གཏོར་བ་དེ་ཡག་པོ་ཞིག་མི་འདུག་ཅེས་བཤད་ཀྱིན་ཡོད།
བདག་ལ་བསམ་ཆ་དང་འཆར་ཚུལ་ཞིག་ཡོད་པ་འདི་སྤོབས་པ་དང་ཕྱོགས་འདྲ་ཡིན་མོད། འདི་དག་ལོ་རྒྱུས་དང་རྒྱུ་མཚན་བཤད་པའི་དུས་ཚོད་མེད་ཀྱང་། ཚད་ལྡན་གྱི་རླུང་རྟ་འཕྱར་བ་དང་དཔྱངས་བ་དང་ལྷ་གསོལ་ཀླུ་བཅོས་སོགས་འཇིན་རྟེན་ལྷ་མིའི་ཐེག་པའི་དབང་དུ་བྱས་ནས་དར་སྲོལ་དང་བཅས་པ་ལ་སུ་ཞིག་གིས་རང་དབང་མེད་པར་བཟོ་སྟེ་བྱེད་མི་ཐུབ་བོ། ཡིན་ན་ཡང་བོད་ནང་པའི་ཆོས་ལུགས་སྨྲ་བ་དག་གིས་འདྲེ་སྲིན་དམ་སྲི་རླུང་རྟ་དར་ལྕོག་དང་རི་མགོར་སྒྲོན་པ་དང་ཆོག་ཤེས་མེད་པའི་འཁོར་ཡུག་ལ་རྩོག་པར་བཟོ་བ་དག་ངེས་པར་སུན་འབྱིན་དགོས་པར་ངེས་སོ། ཡུལ་ཤུལ་ཁུལ་དུ་ས་ཡོམ་དང་འབྲུག་རི་ཉུལ་འདི་དག་ཕལ་ཆེ་བ་དག་དང་། དེས་རྐྱེན་འཇའ་ཕན་དང་ཨ་རི་དང་ཡོ་གླིང་སོགས་སུ་ཡང་རྟེན་འབྲེལ་ལོག་པའི་བྱ་ཉེས་འབྱུང་བ་ཡིན་པར་གདོན་མི་ཟ་བ་རེད་འདུག ། ཁྱད་པར་ཚོང་ལས་ཁོ་ནས་ཐོས་བསམ་མེད་པའི་བན་རྒན་བོན་རྒན་རེ་གཉིས་དང་བཙན་རྒྱལ་དབང་ཤེད་ཅན་གྱི་ངག་ལ་རྩི་ནས། ལྷ་འདྲེ་མི་མ་ཡིན་རྣམས་སྙིང་ཁམས་དཀྲུགས་པའི་ལས་ངན་དང་རང་ལྟ་གྲུབ་མཐའ་མཆོག་འཛིན་དག་མ་བྱས་ན་དགའ་ངེས་རེད། དཔེར་ན་། རང་སྲུང་དང་གཞན་གནོད་ཀྱི་ངན་སྦྱོར་བའི་དམིགས་འདུན་ཅན་འགའ་ཞིག་གིས་གདུགས་དཀར་འཁོར་ལོ་དང་ཇོ་དར་སྒྲོན་པ་དེ་དག་རྩ་ནས་སྤོང་དགོས་པར་སྣང་། བོད་པ་རེད་ཟེར་ནས་ལག་འཁོར་ལོ་དང་ཕྲེང་བ། རླུང་རྟ་དར་ལྕོག་རྒྱན་པ་རྣམས་བདག་ཀྱང་བོད་ཡིན་པས་ཆ་ནས་མཐོང་སྣང་ལ་མཛེས་པོ་འདུག་ཀྱང་། དོན་ལ་དྲག་སྔགས་དང་མཐུ་གཤེད་དར་ལྕོག་སྒྲོན་ན་མདོ་རྒྱུད་ཀྱི་གཞུང་དང་འགལ་བ་ཡང་དུ་མ་ཡོད་པས་སོ། དཔྱོད་ལྡན་ཚོས་བརྟག་པར་འཚལ། ཤྲྰིས་སོ། །
བདག་ལ་བསམ་ཆ་དང་འཆར་ཚུལ་ཞིག་ཡོད་པ་འདི་སྤོབས་པ་དང་ཕྱོགས་འདྲ་ཡིན་མོད། འདི་དག་ལོ་རྒྱུས་དང་རྒྱུ་མཚན་བཤད་པའི་དུས་ཚོད་མེད་ཀྱང་། ཚད་ལྡན་གྱི་རླུང་རྟ་འཕྱར་བ་དང་དཔྱངས་བ་དང་ལྷ་གསོལ་ཀླུ་བཅོས་སོགས་འཇིན་རྟེན་ལྷ་མིའི་ཐེག་པའི་དབང་དུ་བྱས་ནས་དར་སྲོལ་དང་བཅས་པ་ལ་སུ་ཞིག་གིས་རང་དབང་མེད་པར་བཟོ་སྟེ་བྱེད་མི་ཐུབ་བོ། ཡིན་ན་ཡང་བོད་ནང་པའི་ཆོས་ལུགས་སྨྲ་བ་དག་གིས་འདྲེ་སྲིན་དམ་སྲི་རླུང་རྟ་དར་ལྕོག་དང་རི་མགོར་སྒྲོན་པ་དང་ཆོག་ཤེས་མེད་པའི་འཁོར་ཡུག་ལ་རྩོག་པར་བཟོ་བ་དག་ངེས་པར་སུན་འབྱིན་དགོས་པར་ངེས་སོ། ཡུལ་ཤུལ་ཁུལ་དུ་ས་ཡོམ་དང་འབྲུག་རི་ཉུལ་འདི་དག་ཕལ་ཆེ་བ་དག་དང་། དེས་རྐྱེན་འཇའ་ཕན་དང་ཨ་རི་དང་ཡོ་གླིང་སོགས་སུ་ཡང་རྟེན་འབྲེལ་ལོག་པའི་བྱ་ཉེས་འབྱུང་བ་ཡིན་པར་གདོན་མི་ཟ་བ་རེད་འདུག ། ཁྱད་པར་ཚོང་ལས་ཁོ་ནས་ཐོས་བསམ་མེད་པའི་བན་རྒན་བོན་རྒན་རེ་གཉིས་དང་བཙན་རྒྱལ་དབང་ཤེད་ཅན་གྱི་ངག་ལ་རྩི་ནས། ལྷ་འདྲེ་མི་མ་ཡིན་རྣམས་སྙིང་ཁམས་དཀྲུགས་པའི་ལས་ངན་དང་རང་ལྟ་གྲུབ་མཐའ་མཆོག་འཛིན་དག་མ་བྱས་ན་དགའ་ངེས་རེད། དཔེར་ན་། རང་སྲུང་དང་གཞན་གནོད་ཀྱི་ངན་སྦྱོར་བའི་དམིགས་འདུན་ཅན་འགའ་ཞིག་གིས་གདུགས་དཀར་འཁོར་ལོ་དང་ཇོ་དར་སྒྲོན་པ་དེ་དག་རྩ་ནས་སྤོང་དགོས་པར་སྣང་། བོད་པ་རེད་ཟེར་ནས་ལག་འཁོར་ལོ་དང་ཕྲེང་བ། རླུང་རྟ་དར་ལྕོག་རྒྱན་པ་རྣམས་བདག་ཀྱང་བོད་ཡིན་པས་ཆ་ནས་མཐོང་སྣང་ལ་མཛེས་པོ་འདུག་ཀྱང་། དོན་ལ་དྲག་སྔགས་དང་མཐུ་གཤེད་དར་ལྕོག་སྒྲོན་ན་མདོ་རྒྱུད་ཀྱི་གཞུང་དང་འགལ་བ་ཡང་དུ་མ་ཡོད་པས་སོ། དཔྱོད་ལྡན་ཚོས་བརྟག་པར་འཚལ། ཤྲྰིས་སོ། །
རླུང་རྟ་འདི་བོད་ཤར་ཕྱོགས་ལ་ཤུགས་ཆེན་དར་ཞིང་འཁོར་ཡུག་ལ་གནོད་པ་མི་ཉུང་བ་ཞིག་བཟོས་ཡོད་པ་མངོན་གསལ་རེད། དེར་མ་ཟད་ཁ་བཏགས་དང་། དར་ཅོག གོས་ཆེན་གྱི་བཟོ་གྲྭ་ཕལ་ཆེར་རྒྱ་ཡུལ་ན་ཡོད་པ་དང་། རྒྱུ་བཅའ་ཡང་འགྱིག་གི་རིགས་ཉེ་་ལིན་རང་ཡིན་པས། བསང་གི་ནང་ཏུ་བཏང་ན་དུད་པ་ཕོག་ཚད་ལ་དུག་འགོ་བ་དང་། ས་ལ་རུལ་བཅུག་ན་འཁོར་ཡུག་ལ་གཙོག་པ་བཟོ་བ་སོགས་ཉེས་སྐྱོན་ཆེན་པོ་འདུག དེང་དུས་བོད་ནང་དུ་འཚོ་བ་ཡར་རྒྱས་ཅུང་སོང་ཡོད་པས་རི་ཀླུང་གཉིས་ཀ་ཁ་བཏགས་དང་དར་ཅོག་གིས་བཀང་ཡོད་པར་དར་གྱི་རྒྱུ་དང་། སྣག་ཚ། ཐག་པ་སོགས་རང་བྱུང་ངམ་འཁོར་ཡུག་ལ་གནོད་པ་མེད་པའི་དངོས་པོར་སྒྱུར་བའི་ཐབས་ལ་ཤེས་ལྡན་ཀུན་གྱིས་སློབ་གསོ་གནང་བར་འོས། དར་ཅོག་དང་རླུང་རྟ་གསར་རྙིང་གཉིས་ལ་ཡོངས་སུ་གྲགས། གཏེར་མའི་ཕྱོགས་ལ་ཁྱབ་ཆེ། འཇའ་ཚོན་སྙིང་པོ་ཉག་བླ་པདྨ་བདུད་འདུལ་སོགས་ཀྱི་ཇོ་དར་ཕན་ཡོན་དང་། མི་ཕམ་པའི་གེ་སར་དར་ཅོག་སོགས་ཀྱི་བཤད་པ་མཐོང་ན་འགོག་ཕོད་པ་ཞིག་རེད་མི་འདུག གསར་ཕྱོགས་ཀྱི་བླ་མ་མང་པོར་རླུང་རྟ་བསྐྱེད་ཅོག་བཞུགས་ཤིང་ཁྱད་པར་ཐུའུ་བཀྭན་ཚང་དང་། ཞིང་སྟོན་པ་སོགས་ཀྱི་རླུང་རྟའི་ཀྭ་འཛུག་སོསག་ཡུལ་ཚུན་ལ་ཁྱབ་འདུག ཀུན་མཁྱེན་འཇིགས་མེད་དབང་པོའི་རྨད་བྱུང་བྱིན་རླབས་མ་སོགས་སྐྱ་སེར་ཡོངས་ལ་གྲགས་ཤིང་རླུང་རྟ་མཆོད་ཚད་ཀྱི་ཁ་ལ་བྱང་ཆུབ་པར་འདུག ཞིང་སྟོན་པའི་བླ་མ་རྗེ་བཙུན་མ་གསར་རྙིང་རྒྱ་བོད་ཡོངས་ལ་ཁྱབ་ནས་འདུག དེ་ཁྱབ་པ་ནང་བཞིན་རླུང་རྟ་མཆོད་མཁན་ཡང་མང་། དེ་ལ་དགག་པ་གནང་རྒྱུ་ལས་མཆོད་པའི་སྤུས་ཀ་ཇེ་ལེགས་སུ་བཏང་ན་ཕན་ཡོན་ཆེ་ཞིང་། རླུང་རྟ་དར་བར་འདོད་པ་རྣམས་ལ་ཕན་པར་ངེས། །
སྤོབས་པ་མཐའ་ཡས་ཀྱིས་དངོས་དོན་འཐད་ལྡན་གྱི་ཉེས་འགོག་ལེགས་སྤེལ་གྱི་རྣམ་པ་དེ་ནི་ཆེས་
བདེན་པར་མཐོང་གང་ཞེ་ན་རླུང་རྟ་་ཡར་དར་བའི་གཟུངས་སྔགས་རྣམས་མར་རྡོག་རྫིས་གཏང་ན་ྱ
ཡར་དར་བའི་ལྡོག་ཕྱོགས་སུ་འགྲོ་ཉེན་ཡོད་པ་དང་གཞན་ཡང་རང་འབྱུང་གི་ཁོར་ཡུག་ལ་གནོད་སྐྱོན་
ཡང་ཐེབས་སྲིད། འོན་ཀྱང་གཙོ་བོ་བེད་སྤྱོད་ཐང་ལ་རགས་ལད་པ་རེད་ལ་ཁར་གཏོར་རྒྱུའི་རླུང་རྟ་
གཟུངས་སྔགས་མེད་པའི་རླུང་རྟ་གཅིག་པུ་བེད་སྤྱད་ན་ཁོར་ཡུག་ལ་གནོད་སྐྱོན་ཙམ་ལས་སྐྱབས་
སྡོམ་དང་འགལ་བ་མི་འགྲོ་བས་ཉེན་ཁ་དེ་ཙམ་ཡོང་དོག་མ་རེད་ཡིན་ན་ཡང་ཕར་ལྟ་ས་ལ་དེ་འདྲའི་
ཁམས་གཙང་ཞིག་རྩ་བ་རང་ནས་མི་འདུག་མོད།
ཐའེ་ཝན་དང་མི་རིགས་དཔེ་སྐྲུན་ཁང་སོགས་ནས་པར་སྐྲུན་བྱས་པའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་རྩོམ་ཕྱོགས་སྒྲིག་ཏུ། འདིའི་ཐད་དམིགས་བསལ་བཀའ་སློབ་གསལ་ཞིང་རྒྱས་པ་ཞིག་ཡོད་པ་དེ་དཔེ་འབྱོར་ན་འགོད་རོགས།
ཁོང་གིས་གཟུགས་འགྲོས་རིགས་སྟོར་ཆོག་པ་ལས་གཟུངས་སྔགས་ཡོད་པ་མེ་ལ་སྲེག་པ་ལས་ལམ་དུ་མི་གཏོར་རྒྱུ་དང་། རྒྱུ་སྤས་ཀྱང་ཁོར་ཡུག་ལ་མི་གནོད་པ་དང་། རྒྱུ་ཆ་མི་གཙང་བའི་རིགས་མིན་པས་བཟོ་རྒྱུ་སོགས་གསུངས་ཡོད་སྙམ།
ཁོང་གིས་དེའི་ནང་དུ་རྒྱ་ནག་གི་བཟོ་གྲྭ་དག་གི་རླུང་རྟའི་ཤོག་བུ་གཟོ་སྤྱད་ཀྱི་སྐོར་ལ་ཞིབ་འཇུག་ཅིག་ཀྱང་གནང་འདུག
ཐའེ་ཝན་ལ་མཚོན་ན་ཡང་། གསུར་དང་ཆ་འདྲ་བའི་ཤོག་བུའི་སྒོར་མོ་སོགས་མེ་ལ་བསྲེགས་པ་དང་སྤོས་སྒྲོན་པ་སོགས་ཀྱི་ལུགས་སྲོལ་རྒྱ་བརྒྱུད་བོད་བརྒྱུད་ཁྱད་པར་ཏའོ་ཅའོ་སོགས་ལ་ཤུགས་ཆེན་པོ་ཡོད་ན་ཡང་ས་ཆ་དང་རྒྱུ་སྤས་བྱེད་ཐབས་སོགས་ཚན་རིག་དང་མཐུན་པ་དུས་དང་མཐུན་པ། ཆོས་དང་མཐུན་པ་བཅས་གང་ལེགས་ཡོད་པ་དག་ལ་ང་ཚོས་ཀྱང་ལེགས་ཆ་ལེན་དགོས་སོ།།
དཔེར་ན། རྒྱ་གར་གྱི་དགོན་པ་མང་པོར་མར་མེ་མཆོད་ས་ལོགས་སུ་ཡོད་པ་ལྟ་བུ་རེད།
འདི་རིགས་བདེ་འཇགས་དང་འཕྲོད་བསྟེན། ཁོར་ཡུག་སྲུང་སྐྱོབ་སོགས་མང་པོའི་ཐད་དགོངས་པ་བཞེས་གིན་འགྲོ་དགོས་པ་ཞིག་རེད་འདུག
དེ་ནི་ཡུལ་དུས་དང་མཐུན་པའི་འགྲོ་སྟངས་ཀྱང་རེད།
༢༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༠ གི་ཆུ་ཚོད་ ༠ སྐར་མ་ ༡༨
གོང་གི་མཆན་གཉིས་པ་ལ་སྟོད་བུས་བཤད་པ་༼ད་རྙིང་དོར་གསར་འཛུགས་ཀྱི་ལས་ལ་བཞུགས་ན་ལེགས་ས་རེད།
བདེན་པ་རེད། སྤོས་བསང་གཏོང་རྒྱུ་དང། ཇོ་དར་སྒྲོན་རྒྱུ་དང། མཆོད་མེད་འབུལ་རྒྱུ་དང། གཏོར་མ་བཅའ་རྒྱུ་དང། ཐང་ཤམ་རྒྱབ་རྒྱུ་དང། གསེར་དངུལ་ལས་སོགས་རིན་གོང་ཆེན་པོ་དག་ལས་དཀྲུན་པའི་ལུགས་སྲོལ་དག་ཀྱང་འདོར་དགོས་པ་རེད།
ནང་མི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་དང། ཕན་ཚུན་འགྲན་རྩོད་ཀྱི་རྙོག་ཁྲ་དང། ཁོར་ཡུག་སོགས་ལའང་གནོད་ཉེན་འདུག་པས་འདི་རིགས་དོར་ན་གང་འདྲ་འདུག་གམ།
ལུང་དང་རིགས་པ་སྨྲ་བ་དག་གིས་དགོངས་པ་ཞིག་བཞེས་རོགས།
རྩོམ་འདི་ཡི་བརྗོད་གཞི་གལ་ཆེན་པོ་ཞིག་ཡིན་འདུག་པས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།༽ནི་བདེན་པ་རེད། དེ་བཞིན་དུ་ཕྱུག་པོ་རྣམས་ཀྱིས་གསེར་དངུལ་ལས་གྲུབ་པའི་སྐུ་འདྲ་དང་མཆོད་རྟེན་སོགས་འགྲན་རྩོད་ཀྱིས་ཚུལ་དུ་ཤོར་ཐོབ་རྒྱག་གི་ཡོད་པ་མ་ཟད་བླ་སྤྲུལ་ཆེ་ཁག་དག་གིས་ཀྱང་འགྲན་རྩོད་ཀྱི་ཚུལ་དུ་ཤོར་ཐོབ་རྒྱག་གི་འདུག ཡང་མི་ཤི་དུས་དགེ་བསྐུལ་ཡིན་ཟེར་ནས་དཔལ་འབྱོར་ཕངས་མེད་མེར་སྲེག་གཏོང་གི་ཡོད་པ་དང་། གསོན་གྱིས་སྐུ་རིམ་ཡིན་ཟེར་ནས་གྲྭ་པ་མང་པོ་གདན་འདྲེན་ཞུས་ཏེ་རྒྱུ་ཟས་ཚད་མེད་གཏོང་གི་འདུག དེ་དག་ཀུན་སྟོན་པ་བཅོམ་ལྡན་འདས་ཀྱི་གསུངས་པ་ཡིན་མིན་དཔྱད་ན་ཤེས་མོད། དོན་དག་མི་དམངས་ཀྱི་དཔལ་འབྱོར་དང་རྒྱལ་ཁབ་ཀྱི་ཡར་རྒྱས་ལ་གནོད་འཚེ་ཕོག་གི་ཡོད་པ་ཤེས་གསལ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས་རང་གི་སེམས་ནི་ཡོངས་སུ་འདུལ། དེ་ནི་སངས་རྒྱས་བསྟན་པ་ཡིན་གསུང་པ་མ་གཏོགས་རླུང་རྟ་དང་དར་ཅོག་རི་བསང་གཏོར་རྒྱག་ཡུལ་ས་གཞི་བདག་མཆོད་ཚུལ་སོགས་གསུང་པའི་ལོ་རྒྱུས་ཡོད་དམ། ཡོད་ན་སྨོས་པས་ཆོག་མོད། དེའི་ག་ལ་ཚད་མི་དམངས་སྟོང་ཕྲག་དུ་མ་འཛོམ་ནས་ལྷ་རྒྱལ་ཟེར་ནས་ཙམ་པ་དོས་མང་པོ་གནམ་ལ་གཏོར་བ་དེ་ལ་དགོས་པ་གང་ཡོད་ལྐུགས་པའི་ལས་དཀའ་མ་ཡིན་ནམ། དེ་མིན་ཤཀྱའི་སྲས་ཀྱི་བསྟན་པ་བོད་ལ་མ་དར་གོང་དུ་བོད་རྒན་དག་གི་བྱེད་སྟངས་ལ་འབད་ན་ཁ་ཡིས་ཐུབ་པའི་དབང་པོའི་བསྟན་པ་ཞེས་འབོད་པ་ཙམ་ལས་དོན་དུ་བོད་ཀྱི་ཆོས་ལུགས་རྙིང་པའི་ངང་ཚུལ་ལས་མ་འདས། ཤེས་ལྡན་ཀུན་གྱིས་འདི་འདྲའི་ཚུལ་ལ་དོགས་ཟོན་དགོས་པ་གལ་ཆེན་དུ་མཐོང་།
ང་སྡོད་སུའི་ལུང་པ་འདིར་བོད་མོ་གཅིག་གིས་རླུང་རྟ་འཐེན་པ་མིག་ལ་མ མཛེས་བཀག་པ་མཐོང་།
རླུང་རྟ་འཐེན་པ་ནི་གཙང་མ་གཙང་རྐྱང་ལས་མི་མཛེས་བའི་འབག་བཙོག་གང་ཡང་མེད་ལ་ད་དུང་
རླུང་རྟ་རས་དཀར་སེར་དམར་ལྗང་སོགས་གང་ལ་གདབ་སྟེ་དབྱུག་པ་རིང་པོའི་རྒྱུད་གྱེན་དུ་སླངས་
པ་དང་ཐག་པའི་རྒྱུད་ནས་འཕྲད་ལ་དཔྱངས་པ་སོགས་བོད་པ་སྤྱི་ཡི་གནའ་ནས་ད་བར་གྱི་ལམ་
ལུགས་དེའི་རིགས་རྣམ་པ་མི་འདྲ་བ་གང་ཡང་འགྱུར་མེད་པས་གཞུང་ལུགས་དང་
རིག་གཞུང་དང་ཆོས་འཇིག་རྟེན་ཀུན་མཐུན་ཡོིན་པ་ལས་འགལ་བ་གང་ཡང་མེད་པ་རེད། ཡང་བླ་
ཚེ་ལས་རླུང་འཕེལ་བའི་བསྙེན་པའམ་གཟུངས་སྔགས་གང་མཉན་མཉན་ཡོད་པའི་རླུང་རྟ་ཁུར་
པོ་ཁུར་པོ་མི་ཟོག་འཁོར་རིགས་སྐྱོད་སའི་ལམ་ཁ་ལ་གཏོར་བ་དང་དེ་འཁོར་རིགས་རྐང་ཐང་མང་
པོས་འོག་ཞབས་གནན་བཞིན་དུ་ཁ་ནས་ཡི་གེ་འབྲུ་གཅིག་ཡན་ལ་སྒབ་མི་ཆོག་པ་རེད་ཅེས་
ཁ་ཏ་བསླབ་བྱ་གནང་བསྡད་ན་མི་གཞན་དེའི་མིག་ལམ་དེ་ཙམ་གྱིས་གཙང་མདངས་མངོན་ཐུབ་
ཅི་མ་རེད་ཡ། སྤྱིར་ཏང་ཡང་ཤོག་བུའི་རླུང་རྟ་ཕོན་ཆེན་གང་སར་གཏོར་རྒྱུའི་ལུགས་དེ་ཕྱིས་
སུ་སྡེ་བ་རྒྱུ་ནོར་འབེལ་པོ་འགྲོ་བ་བཞིན་ཤོག་བུ་དེ་ཡང་ཚོད་མེད་གཏོར་བ་ཞིག་ཡིན་སྲིད་པ་ལས་
ཤོག་བུའི་རླུང་རྟ་མང་ཐག་ཆོད་ཅིག་གང་སར་བཀྲམ་མ་ཐུབ་ན་ལས་རླུང་གུད་འགྲོ་བ་དང་སྲོལ་
ལུགས་ཉམས་འགྲོ་བ་ཞིག་ཡིན་འགྲོ། ཡིན་ཡང་དཔྱོད་ལྡན་རྣམས་ཀྱིས་བཀའ་སློབ་ཆུ་བོའི་རྒྱུན་
བཞིན་བཞུར་ན་ཕན་ཆེན་པོ་ཡོད་ཅི་རེད།
དགོངས་འཆར་དང་བཀའ་སློབ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད། ང་ཚོའི་མི་ཆེ་ཆུང་ཚང་མས་སྲོལ་རྒྱུན་རིག་གནས་མི་ཉམས་རྒྱུན་འཛིན་དང་དེང་རབས་རིག་གནས་ནང་འདྲེན་དགོས་ཞེས་མ་ཎི་འདོན་འདོན་བྱེད་བཞིན་ཡོད་པ་འདི་རེད། ཡིན་ན་ཡང་དེང་རབས་རིག་གནས་ནང་འདྲེན་གྱི་ཕྱོགས་ལ་དཀའ་ངལ་ཆེ་བ་བཤད་མ་དགོས་མོད་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་ཕྱོགས་དེ་ལ་ཡང་མི་དགོས་པའི་འགྱུར་བ་འདྲ་མིན་ཞིག་ཐེབས་སོང་ན་གྱོང་གུད་ཆེན་པོ་ཞིག་རེད། དེར་བརྟེན་འདི་རིགས་ཀྱི་ཕྱོགས་ལ་མཁྱེན་ལྡན་ཚོས་སྐད་གསང་མཐོན་པོས་བླང་དོར་ཁྱབ་བསྒྲགས་བྱེད་དགོས་པ་གལ་ཆེན་པོ་རེད་འདུག
སྤོབས་པ་མཐའ་ཡས་བདེན་པ་རེད། བོད་དུ་ལྷ་གསོ་བྱེད་དུས་དཀར་གསུམ་མངར་གསུམ་ཕྱེ་མ་ཆང་ཕུད་སོགས་ཞེས་དངོས་གནས། ཞོ་དང་། འོ་མ། མར་བཅས་གསུམ་དང་། ཀ་ར་དང་། བུ་རམ། སྦྲང་རྩི་གསུམ། དེ་མིན་ཡིད་འོང་ཟ་བཅས་ཞེས། འབྲས། ཁྲེ། གྲ་མ། གྲོ ནས། སོ་བ་སོགས་འཕོན་ཆེན་གྱི་བསངས་གསོལ་གཏོང་གི་ཡོད་པ་མཐོང་མྱོང་། དེའང་རྒྱས་སྤྲོས་ཤིག་ཡིན་པ་འདྲ། དེ་འདྲ་ཡིན་དུས་ལྷ་གསོལ་བྱེད་སྐབས་ཤིང་དུམ་སྐམ་པོ་ཁ་ཤས་ལ་མེ་སྤར་ནི་སྒང་དུ་རྩམ་སྐྱ་ཕྲན་བུ་བླུག་སྟེ། ཁ་ནས་དཀར་གསུམ་མངར་གསུམ་ཕྱེ་མ་ཆང་ཕུད་སོགས་ཞེས་སྐད་གདངས་མཐོན་པོའི་གྱེར་འདོན་བྱས་ན་མི་ལེགས་སམ། ང་ཚོ་ལ་གསར་བཏོད་བྱེད་པའི་ཤེས་འཇོན་མེད་ནའང་། སྔར་ཡོད་སྲོལ་རྒྱུན་བཟང་པོ་དེ་མེད་པར་བཟོ་བས་ཐབས་ཤེས་བྱེད་གལ། ད་ཡིན་ད། ད་དུང་སྐྱོན་རེ་ཡོད་ན་འབྲི་དགོས་ནི་རེད་ད།
ཤིང་སྐམ་དང་རྩམ་སྐྱ་མེར་བསྲེགས་ཚར་བའི་མཇུག་ཐོག་ཏུ་མི་ཚང་མས་རྩམ་སྐྱ་ཉུང་ངུ་རེ་ནམ་མཁར་གཏོར་ཞོར་དུ་ཀྭེ་ཀྭེ་བསཽ་བསཽ་ལྷ་རྒྱལ་ལོ།། བོད་རྒྱལ་ལོ་ཞེས་ཁ་གཡང་རེ་བརྗོད་ན་སྐྱིད་ཉམས་ཆེ་བ་དང་འགྲོ་སོང་ཉུང་བ།
ཧཧཧ ད་བཤད་མི་ཤེས་ཡ་་་་ཕོན་ཆེ་བའི་དཀར་གསུམ་མངར་གསུམ་ཤིང་སྐམ་རྩམ་སྐྱ་སོགས་
ཀྱིས་གསུར་བསྔོ་བ་དག་ཀྱང་བོད་ནང་དོན་རིག་པའི་གཞུང་ལུགས་དང་འགལ་ཟླ་ཆེ་ཙམ་འགྱུར་བ་
ཡིན་འདོད་རེད་ཡ༌༌༌༌༌༌༌༌༌༌༌༌༌ཧཧ
རླུང་རྟ་འཕྱར་བར་ལེགས་ཉེས་གང་ཡང་ཞུ་རྒྱུ་མེད་ཀྱང་མཁོར་ཡུག་ལ་ངེས་པར་ཐུགས་སེམས་བཞེས་དགོས་པ་ཞིག་མཐོང་གི་འདུག གང་ལ་ཟེར་ན་རླུང་རྟ་དེ་འཕྱར་སའི་ཤིང་སྡོང་སྐམ་པོ་ཆག་པ་དང་ས་ཆ་གང་སར་ཙོག་པ་གཟོ་བ་སོགས་ལ་ཐུགས་བཞེས་གནང་དགོས་ཀྱི་འདུག །
ཡུན་རིང་ཞིག་ལ་ཁ་བརྡ་དྲ་ཐོག་ཏུ་ཡོང་ཐུབ། དེ་རིང་གསར་དུ་སླེབས་དུས་རྩོམ་འདི་དང་མཆན་བུ་རྣམས་ཞིབ་ཀྱིས་བཀླགས། གཞོན་ནུའི་བཤད་སྟངས་དང་བསམ་སྟངས་བདེན་པ་ཡིན་པའི་ཚོར་སྣང་བྱུང་།
རླུང་རྟ་རླུང་བསྐུར་གྱི་བྱེད་སྒོས་མཚོན་གནའ་སྲོལ་བྱེད་སྒོ་ཁག་ནི་ལོ་རྒྱུས་བསྔོག་འདོན་དང་། རིག་གནས་ཉམས་ཞིབ་བྱེད་རྒྱུ་སོགས་ཉམས་ན་ཕངས་པའི་རིན་ཐང་ཧ་ཅང་མང་། ལྷག་པར་དེང་སང་དེའི་སྐོར་ཕྱི་ནང་རྐྱེན་ངན་སྣ་ཚོགས་ཀྱི་དབང་གིས་ཉམས་ཉེས་མགྱོགས་པོར་འགྲོ་བཞིན་ཡོད་པས་ང་ཚོས་སྐད་བརྒྱབས་ནས་རྩ་མེད་བཟོ་ཐབས་བྱེད་དགོས་པ་ཞིག་མ་རེད་འདོད།
རླུང་རྟ་གཏོར་རྒྱུ་དང་དར་ཅོག་འཛུགས་སྲོལ་དེ་དག་ནི་བོན་ནས་བྱུང་བ་ཡིན་ཤས་ཆེ། ནང་བསྟན་གྱི་ཆོས་ཐེག་པ་ཆེ་ཆུང་གང་དུ་ཡང་གསལ་མེད་དེ་བཞིན་བོད་རྒྱུད་ནང་བསྟན་གྱི་ནང་དུ་བོན་ཆོས་ཀྱི་ལུགས་སྲོལ་མང་ཙམ་ཡོད་སྐོར་མཁས་པ་ཚོས་བཤད་པ་ལྟར་ན་བོན་དང་ནང་པ་གཉིས་ནི་ཛ་ཧཱུྃ་བམ་ཧཱུྃ་རེད།
ཨ་ཁུ་སྤོབས་པ་ལགས། ཀླུང་རྟ་དང་རླུང་རྟ་གཉིས་ལས་གང་དག་པ་རེད། བཀའ་འདྲི་ཙམ་ཞུས་པ་ཡིན།