སྤོབས་པ་མཐའ་ཡས།
རང་རེ་བོད་ཀྱི་གྲོང་བརྡལ་ནས་གྲོང་གསེབ་དང་ཐ་ན་འབྲོག་ཁྱིམ་ཁེར་རྐྱང་ནས་བཟུང་སྟེ་ཡུལ་ལུང་གང་སར་བཀྲ་ཤིས་པའི་ལོ་གསར་སྤྲོ་དགའི་སྐབས་སུ་བཀྲ་མི་ཤིས་པའི་གཡུལ་འཐབ་ཆེན་པོ་ཞིག་བྱེད་བཞིན་པའི་མེ་མདའི་སྒྲ་དང་མཚུངས་པར་ཤོག་སྦག་ཆེ་ཆུང་མང་པོ་མཚམས་མ་ཆད་དུ་སྦར་བ་དར་སྲོལ་ཆེ་རུ་འགྲོ་བཞིན་འདུག ལ་ལ་ཞིག་དེས་ཀྱང་ཡིད་མ་ཚིམ་ནས་ས་རྐོ་རྡོ་སློག་ལ་བེད་སྤྱོད་བཞིན་པའི་འགད་རྫས་ཆེན་པོ་རི་ལུང་འདར་ཡོམ་རྒྱག་པ་ཡང་མཚམས་མཚམས་སུ་བཀད། ང་ཚོས་ལོ་གསར་སྐབས་སུ་སྦར་བཞིན་པའི་ཤོག་སྦག་ནི་རྫས་ནག་སོགས་འགད་རྫས་ཀྱི་མཐར་ཤོག་བུ་རིམ་པ་མང་པོ་དམ་བཙིར་གྱིས་དཀྲིས་ནས་འགད་ཤུགས་ཆེ་རུ་བཏང་བ་ཡིན་སྟབས་རྣ་བ་འོན་ཞིང་སྙིང་རྩ་འཕག་པའི་སྒྲ་ཆེན་པོ་དང་། སྣ་བུག་འགག་པའི་དྲི་ངན། ཤོག་བུ་ཚལ་བ་མང་པོས་ཁོར་ཡུག་ཚང་མ་བཙགས་པ་བཟོ།
ཤོག་སྦག་སྦར་བ་དེས་ལྷིངས་འཇག་དཀྲོག་ནས་ཉམས་མི་སྤྲོ་བ་བཟོ་བ་དང་། ཐ་ན་སྒོ་ཁའི་ཁྱི་ཡང་སྐྲག་ནས་སྡོད་མི་ཚུགས་པར་ངུ་ཟུག་བྱེད་དགོས་པའི་ཚད་དུ་སྐྱེལ་བར་བལྟས་ན་ཉེ་འཁོར་གྱི་སྲོག་ཆགས་དུད་འགྲོའི་རིགས་ལ་སྐྲག་སྣང་ག་ཚོད་ཅིག་སྟེར་བ་ཤེས་ནུས། རྫས་ངན་གྱི་དུ་བ་དང་། དྲི་ངན། ལྷག་པར་ཡང་ཤོག་བུ་ཚལ་བ་མང་པོ་ཁ་བ་བབ་པ་བཞིན་གང་སར་འཐོར་ནས་ཁོར་ཡུག་འབགས་བཙོག་དང་། མཐོང་སྣང་ལ་མི་མཛེས་པ། སྐྱེ་ཁམས་ལ་གནོད་པ་སོགས་འབྱུང་གིན་ཡོད། དེར་བརྟེན་རང་རེ་བོད་ལུགས་ཀྱི་ལོ་གསར་ལ་བཀྲ་མི་ཤིས་པའི་བྱ་བ་འདི་ལྟ་བུ་བོད་རང་གི་སྲོལ་རྒྱུན་མིན་ཐོག་དགེ་མཚན་གྱི་ཆ་གང་ཡང་མེད་པས་ཤོག་སྦག་སྦར་སྲོལ་དེ་མཐའ་གཅིག་ཏུ་སྤང་བར་འོས།
ཤོག་སྦག་སྦར་སྲོལ་འདིའི་འབྱུང་ཁུངས་རྒྱ་ནག་ལ་ཐུག་ཡོད་ཅིང་དེ་ཡང་མེ་མདའི་སྐད་དང་མཚུངས་པར་གཞིག་ན་ཐོག་མར་དྲག་པོ་དམག་གི་བྱེད་སྒོ་ལྟ་བུ་ཞིག་རིམ་གྱིས་མང་ཚོགས་ཀྱི་ཁྲོད་དུ་དར་བ་ཡིན་ནམ་སྙམ། དེང་དུས་སུ་ཤོག་སྦག་སྦར་སྲོལ་ནི་རྒྱ་ནག་གཙོས་པའི་ཡུལ་མང་པོར་ཡོད། དཔེར་ན། རྒྱ་གར་དང་བལ་པོའི་དེ་ཝ་ལི་དུས་སྟོན། ཨ་མེ་རི་ཁའི་ཧ་ལོ་ཝུན་དང་རང་བཙན་ཉིན་མོ། མ་ལེ་ཤི་ཡའི་ཨ་ཤུ་རའི་དུས་ཆེན། ཤྲི་ལངྑའི་ལོ་གསར་སོགས་སུ་སྦར་སྲོལ་ཡོད་ཅིང་། ཕལ་ཆེ་བ་ནི་ཡུལ་གང་ན་རྒྱ་རིགས་ཡོད་པ་དེ་ན་ཤོག་སྦག་སྦར་སྲོལ་ཆེན་པོ་ཡོད།
ཤོག་སྦག་རང་ངོས་ནས་ཁྲིམས་འགལ་གྱི་ཅ་དངོས་རིགས་སུ་མི་གཏོགས་ན་ཡང་། བཟོ་བསྐྲུན་བྱས་སྟངས་དང་། ཉར་སྟངས། ཚོང་ལས་བྱེད་སྟངས། བེད་སྤྱོད་བྱེད་སྟངས་བཅས་ལ་ཡུལ་ལུང་མང་པོར་ཁྲིམས་ཐོག་ནས་བཀག་སྡོམ་ཚད་གཞི་འདྲ་མིན་བྱེད་བཞིན་ཡོད། ལྷག་པར་ཡང་ལོ་རེ་རེ་བཞིན་ཤོག་སྦག་གི་གནོད་སྐྱོན་ལས་ཚེ་སྲོག་ཤོར་བ་དང་། རྨས་སྐྱོན་བྱུང་བ། ལུས་ཀྱི་ཡན་ལག་ཤོར་བ་སོགས་ཀྱི་གནས་ཚུལ་རྒྱུན་མ་ཆད་པར་ཐོན་བཞིན་ཡོད་པར་བརྟེན་ཤོག་སྦག་བཀག་སྡོམ་ཆེ་རུ་འགྲོ་བཞིན་ཡོད།
རང་རེ་བོད་ལ་མཚོན་ན་ཤོག་སྦག་སྦར་སྲོལ་འདི་ནི་རྒྱ་མིའི་བཙན་འཛུལ་དང་འགྲོགས་ཏེ་སླེབས་པའི་རིག་གཞུང་ཡུལ་སྲོལ་གྱི་བཙན་འཛུལ་ཡ་ང་བ་ཞིག་ཡིན་པ་ཙམ་དུ་མ་ཟད་། བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བསག་དངུལ་ཕྲན་བུ་དེ་རྒྱ་མིའི་ཤོག་སྦག་བཟོ་གྲྭ་ཁག་ལ་སྐྱེལ་བའི་དཔལ་འབྱོར་གྱི་བཙན་འཛུལ་ཞིག་ཀྱང་ཡིན། རྟགས་དང་རྟེན་འབྲེལ་གྱི་ཆ་ནས་ཀྱང་རྒྱ་དམར་གྱི་མེ་མདའི་དྲག་གནོན་འོག་ན་འགྱེལ་ཡོད་པའི་མི་རིགས་འདིས་མེ་མདའི་སྐད་དང་མཚུངས་པའི་རྒྱ་ནག་གི་ཤོག་སྦག་སྦར་ནས་ལོ་གསར་གཏོང་བ་འདི་ངོ་གནོང་འོས་པ་ཞིག་ཡིན་སྟབས་ཤོག་སྦག་སྦར་སྲོལ་འདི་མི་འགྱང་བར་མཐར་བསྐྲོད་གཏོང་དགོས།
མདོར་ན་ལོ་གསར་སྐབས་སུ་ཞི་བདེ་ལྷིངས་འཇག་གི་སྤྲོ་དགའ་ལ་རོལ་བ་དང་། རི་མཐོ་ས་གཙང་གི་ཁྱིམ་གཞིས་འདི་ཉིད་འབགས་བཙོག་མི་བཟོ་ཆེད། བོད་རང་གི་ཐུན་མིན་སྔར་ལུགས་དང་མི་མཐུན་ཞིང་དགོས་ཕན་མེད་པའི་ཕྱི་མིའི་དར་སྲོལ་ངན་པ་མང་པོས་ཡུལ་སྲོལ་བཟང་པོ་ལ་བསྲེ་ལྷད་མི་ཞུགས་པ་སོགས་དགོས་པ་རྒྱུ་མཚན་ལ་བསམ་གཞིགས་བྱས་ནས་ཤོག་སྦག་མེད་པའི་ལོ་གསར་སྤྲོ་དགའ་ལ་རོལ་བའི་བསམ་འཆར་ཕྲན་བུ་འདི་ཡང་རང་སྡེའི་རིགས་ལ་ཞེན་པ་དཀའ་པོས་སྤེལ་བ་ལགས་སོ༎
དེང་སང་དགོན་པ་ཁ་ཤས་ནང་ལོ་སར་སྐབས་སྒོར་མོ་ཁྲི་ཁ་ལྷག་གིས་ཤོག་སྦག་བཀད་ཀྱི་ཡོད་པའི་གནས་ཚུལ་ལོ་ཤས་ནང་ཐོན་སོང་། ཕྱག་མཛོད་འབྲུག་ཡུལ་ནས་ཡིན་པའི་གྲྭ་བ་ཞིག་གིས་དངུལ་ཕྱག་མཛོད་ཁང་ནས་བཏོན་ནས་ཉོས་རབས་འདུག
སྤོབས་པ་ལགས་ཀྱི་དཔྱད་གཏམ་འདི་ལ་རྒྱབ་སྐྱོར་ཡོད་དོ།། མཚམས་འཇོགས་གནང་དགོས་ངེས་རེད་དོ།། དོན་མེད་དངུལ་ལོར་སྟོང་ཟད་དུ་བཏང་བ་ཡིན་ནོ།། བོད་མིའི་གོམས་སྲོལ་དང་ཀྱང་མི་འགབ་མི་མཛེས་པས་སྲོལ་ངན་ཀྱང་ལགས་སོ།།
ཤོག་སྦག་ནི་གསར་ཏུ་དར་བའི་ནུབ་སྲོལ་ཞིག་དང་དེ་ཡང་ཚེས་བཟང་ཉིན་བཟང་གི་སྐབས་སུ་དགའ་རྟགས་མཚོན་པའི་སྒྲ་ལྡན་རྩེད་ཆས་ཤིག་ཡིན་པར་སྣང་།རང་རེའི་ཡུལ་དུ་སྔར་ནས་དར་ཡོད་པའི་དུས་སྤྲོའི་མཚམས་རེར་རྔ་བརྡུང་བ་དང་དུས་ཆེན་སྐབས་རེར་མེ་མདའ་རྒྱག་པ།ཀི་འདེབས་པ་སོགས་ཡོད་པ་ལྟར།སྤྱིར་མི་རྣམས་སྤྲོ་དགའི་སྐབས་སུ་སྒྲ་ཆེན་པོར་འདོན་པར་སྤྲོ་བ་ནི་མིའི་རིགས་ཀྱི་གཤིས་སུ་གྲུབ་ཡོད་པར་སེམས།དེ་ལྟར་ནའང་།གས་ཤུགས་ཚད་བརྒལ་ཅན་མིའི་ལུས་ལ་གནོད་སྐྱོན་བཟོ་བའི་ཤོག་སྦག་རིགས་བཟོ་བ་ནི་ཁྲིམས་འགལ་ཡིན་པ་མ་ཟད།འཚོང་བཞིན་མེད་ངེས་པ་དང་།ཁོར་ཡུག་ལ་འབག་བཙོག་ལ་གནོད་དུ་སྲིད་ཀྱང་ངེད་ཅག་བོད་རྣམས་གཅིག་པུས་ཁོར་ཡུག་གཙང་ཉར་ཐུབ་པ་ནི་མི་སྲིད་དོ།
སྤོབས་མཐས་བྲིས་པ་ལ་ཡི་རངས་ཡོད། ཤོག་སྦགས་ནི་དཔལ་འབྱོར་ཁོར་ཡུག་བཟང་སྤྱོད་སོགས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པ་གདོན་མི་ཟ། ལོ་གསར་སྤྲོ་སྐྱིད་སྐབས་སུ་སྤྲོ་དགའི་མཚོན་པའི་བྱ་བཟང་མང་དག་ཡོད་ངེས་པའི་རང་གཞན་ལ་གནོད་མེད་ཕན་བདེ་སྟེར་བའི་ལག་བསྟར་མི་ཕོངས་པ་གྱ་ནོམ་པ་ཡོད།
སྤོབས་མཐའ་ལགས་ཀྱིས།
ཤོག་སྦག་སྤར་ན་ཕན་ལས་གནོད་ཆེ་བའི་རྒྱུ་མཚན་ཚང་མར་རྒྱབ་སྐྱོར་ཡོད་ལགས།
ཤོག་སྦག་སྤར་ན་ཕན་ལས་གནོད་ཆེ་བ་ནི་དངོས་གནས་ཡིན་པས། དེ་སྤངས་པ་ལ་རྒྱབ་སྐྱོར་ཡོད།
ཤོག་སྤག་རྒྱག་པའི་ལུགས་སྲོལ་འདི་རྒྱ་ནག་ནས་དར་བ་རེད། ཤོག་སྤག་བགད་ན་འགྲོ་སོང་དང་ཉེན་ཁ་རྫོབ་པོ་སོགས་གང་ལྟར་བོད་པའི་སྲོལ་ངན་འདི་དོར་ན་ཡག་པོ་རེད་བསམ། ཤོག་སྤག་བགད་ནས་མེ་ཤོར་བ། མི་བསད་པ། མིག་ཤར་བ། ཡན་ལག་གཏིབ་པ་སོགས་བཀྲ་མི་ཤིས་པ་མང་པོ་བྱུང་བའི་ལོ་རྒྱུས་ཡོད།
མ་རྩོམ་དང་མཆན་བུ་ཚང་མ་ལ་རང་ངོས་ནས་རྒྱབ་སྐྱོར་ཡོད། འོན་ཀྱང་གནས་སྐབས་ཀྱི་བདེ་སྐྱིད་ཙམ་ལས་ཕུགས་རྒྱང་ལ་མི་ལྟ་བའི་རང་རེའི་སྤྱི་ཚོགས་ནང་དེ་རིགས་ལ་བསམ་ཤེས་བྱེད་མཁན་ཉུང་ཉུང་རེད།
གང་ལྟར་ཚང་མས་དོ་སྣང་བྱས་ན་ཡག་པོ་འདུག
སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱིས་གསུངས་པར་ལྟར་ཤོག་སྦག་ནི་ཉེས་པ་དུ་མའི་འབྱུང་ཁུངས་སུ་གྱུར་འདུག་པས། གལ་ཏེ་ལོ་གསར་གཏང་ན་ཤོག་སྦག་མེད་པའི་ལོ་གསར་གཏང་དགོས་པ་ནི་ལེགས། འོན་ཀྱང་ལོ་གསར་གཏང་དགོས་མིན་ནི་སྤྱི་ཚོགས་ཀྱི་གནས་བབ་དང་བསྟུན་ནས་བྱ་དགོས་པ་ལས་ངེས་པ་མེད།
གང་ལགས་ཞུ་ན། དཔེར་ན། ཁྱིམ་ཚང་གཅིག་གི་ནང་མི་ཤིའི་གནས་ཚུལ་བྱུང་ན་ཁྱིམ་ཚང་དེས་ལོ་གསར་མི་གཏོང་བར་མངོན་གསལ་རེད། དེ་བཞིན་ད་ལྟའི་བོད་ནང་གི་བོད་མིའི་གནས་སྟངས་ལ་བལྟས་ན་ལོ་འགོ་བཙུགས་ཀྱང་ལོ་གསར་གྱི་དགའ་སྤྲོའི་རྣམ་པ་སུ་ལ་འཆར། །
སྤོབས་མཐའི་གསུང་ལ་རྒྱབ་སྐྱོར་ཡོད། བཙན་བྱོལ་བའི་དགོན་པ་ཁ་ཤས་ནས་ལོ་གསར་ལ་ཤོག་སྦག་སྤར་བའི་ལུགས་སྲོལ་འདུག དེ་རིགས་དགོས་མེད་གནོད་སྐྱོན་ཅན་དུ་མ་གཟིགས་པ་ཡིན་སྲིད། གང་ལྟར་གཞིས་བྱས་གཉིས་ནས་དགོས་མེད་ཀྱི་ཤོག་སྦག་སྤར་སྲོལ་འདི་ངེས་པར་དུ་སྤོང་ཐབས་གནང་དགོས། ལྷག་པར་དུ་མཁའ་ལ་རང་དབང་དུ་རྒྱུ་བའི་འབུ་རིགས་མང་པོའི་སྲོག་ལ་དངོས་སུ་གནོད་པ་བྱེད་པའི་སྡིག་ལས་འདི་སྤྲོ་སྐྱིད་ལ་མི་རན་པ་དང་མི་འཁོ་བས་ཅིས་ཀྱང་འཇོག་པ་གལ་ཆེའོ།
སྤོབས་མཐའི་གསུང་རྩོམ་ལ་ངས་ཡིད་རང་དང་བཅས་ཏེ་རྒྱབ་སྐྱོར་ཡོད།
བླ་མ་དང་གྲྭ་ཚང་དག་གི་རྒྱུ་ནོར་ནི།
ཤི་བསམ་དུ་མའི་རྔུལ་ཆུ་ལས་གྲུབ་པ་ཞིག་ཡིན་ན་ཕྱག་མཛོད་དང་དགོན་པའི་ལས་ཀྱི་སྣེ་མོ་དག་གི་མ་ཤེས་སམ་
ཡིན་ན་ཞིག་པ་འདི་
ཡིན་པ་ལ་བཅོས་རོགས་ཞུ་
སྤོབས་པ་མཐའ་ཡས་ལགས། ཉིད་ཀྱི་རྩོམ་ཡིག་ཆེས་མི་ཉུང་བ་ཞིག་དྲ་ཐོག་ནས་ཀློག་པ་ཡིན། ཚང་མར་དངོས་ནས་དོན་དག་ཡོད་པ་རྐྱང་རྐྱང་རེད། ལྷག་དོན་ད་རེབས་ཀྱི་རྩོམ་ཡིག་འདིའི་སྔ་གཞུག་གི་མདུན་རྒྱབ་གཉིས་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཞུ་བཞིན་ཡོད། མི་རེ་རེ་ནས་རང་རང་གི་ཕ་མ་སྤུན་མཆེད་དག་ལ་འབོད་སྐུལ་ཞུ་ཐུབ་ན་ལེགས་པོ་འདུག ངས་རང་གི་ཉེ་དུ་ཚོ་ལ་ད་ལོ་འབོད་སྐུལ་ཞུ་ངེས་ཡིན། ཉན་མིན་ཁོང་ཚོ་རེད། དྲ་ཐོག་གི་སྤུན་ཟླ་ཚོས་ཀྱང་དེ་ལྟར་བྱེད་པར་སྐུལ་ལྕགས་ཞུ།
http://www.youtube.com/watch?v=mTe3Xfcrh4Q
འབྲེལ་ཐག་འདི་ལ་གསན་རོགས་ཞུ། སྤུན་ཟླ་དག་གི་འབོད་སྒྲ་རེད། མེ་མདའི་འོག་གི་སྐུལ་ལྕགས་རེད། རིགས་ཞེན་གཙང་མའི་ན་ཟུག་རེད།
སྤོབས་པ་མཐའ་ཡས་ལགས་ཀྱིས་གསུངས་པར་རྒྱབ་སྐྱོར་ཡོད། དགའ་ཉེ་སྤུན་མཆེད་ལྷན་འཛོམས་ངང་དགའ་སྤྲོའི་ཚོར་བར་རོལ་བ་སྐལ་བཟང་ལོ་སར་གྱི་ཉིན་མོ་དེ། སེམས་ཀྱི་ཞི་བདེ་དཀྲོགས་པ། ཁོར་ཡུག་གཙང་མ་བརླག་པ། དཔལ་འབྱོར་དོན་མེད་ཆུད་ཟས་གཏོང་བ་སོགས་ཀྱི་རྫས་ངན་ཤོག་སྦག་སྦར་བའི་ལུགས་སྲོལ་ངན་པ་འགོག་པ་ལ། ཤེས་ཡོན་ཅན་དང་། ལྷག་བསམ་ལྡན་པ། འཇིག་རྟེན་འདིར་འཚོ་གནས་བྱེད་བཞིན་པའི་སྐྱེ་འགྲོ་སྤྱི་ཡི་བདེ་སྡུག་ལ་ཐུགས་བསམ་ཡོད་པ་ཀུན་གྱིས་ཐབས་བརྒྱ་ཇུས་སྟོང་གིས་ལས་འགུལ་སྣ་མང་གང་མགྱོགས་སྤེལ་ནུས་ན་ཅི་མ་རུང་།
སྤོབས་པ་མཐའ་ཡས་ལེགས་ཀྱི་བསམ་འཆར་ལ་དགའ་བསུ། ལོ་གསར་ལ་མི་མངས་ལྷ་ཀླུ་བཅས་སྐྱེ་དགུ་ཀུན་ལ་བདེ་ལེགས་འབྱུང་བའི་ཐབས་རྟེན་འབྲེལ་རྩི་དགོས་པས། རྣམ་དཔྱོད་ཅན་སུ་ཞིག་གིས་འགྲོ་བ་སེམས་ཅན་ལ་གནོད་པའི་བྱ་བ་རྩོམ། སེམས་ཅན་ལ་གནོད་འཚེ་བྱ་བ་རྩ་བ་ནས་མི་འོས་པ་ཞིག་ཡིན་པས། ལ་དྭགས་ལ་དེ་འདྲའི་རྫས་ངན་རིགས་ཁྲོམ་དུ་ཚོང་མི་ཆོག་པའི་ཁྲིམས་ཡོད་ཀྱང་། མང་ཉུང་རྐུ་ཐབས་ཀྱིས་བཀོལ་བའི་གནས་ཚུལ་འདུག མ་འོངས་པ་ན་དེ་ལྟ་བུ་རྐུན་ཚོང་རྒྱབ་མཁན་ལ་ཆོས་པའི་ཚོགས་སྡེས་སྨོད་པ་དང་། ཡུལ་སྡེས་ཆད་པ་གཅོད་པའི་ཁྲིམས་སྲོལ་རེ་ཡང་འཛུགས་ཐུབ་ན་ལེགས་པ་འབྱུང་ངེས། རྒྱ་གར་དུ་ཡོད་པའི་དགོན་སྡེ་རྣམས་སུ་དེ་ལྟར་ཤོག་སྦག་སྤོར་བའི་གནས་ལུགས་མེད་ངེས་ལགས། གལ་ཏེ་དེ་ལྟར་བྱེད་མཁན་ཡོད་ན་ནི་དེ་དག་ལ་མི་མངས་ཀྱིས་སྨོད་ཅིང་། ཕྱག་འཚལ་བར་་འོས་མ་ཡིན་པས་ན། འདི་ལྟ་བུའི་བག་མེད་ཀྱི་བྱ་བ་ལ་འཇུག་པ་འདོར་དགོས། ཇི་སྐད་སྐད་དུ།
བག་ཡོད་འཆི་མེད་གནས་ཡིན་ཏེ།
བག་མེད་པ་ནི་འཆི་བའི་གནས།
བག་ཡོད་འཆི་བར་མི་འགྱུར་ཏེ།
བག་མེད་པ་ནི་རྟག་ཏུ་འཆི།། ༡ །། ཆེད་དུ་བརྗོད་པའི་ཚོམས་ ༤
འཛམ་གླིང་ཤར་ནུབ་སྟོབས་ཆེན་སྟོབས་མེད་ཡུལ་གྲུ་ཀུན་ཏུ་འགྲོ་སོང་འཕངས་མེད་བཏང་ནས་རྒྱལ་སྟོན་དུས་ཆེན་སོགས་སུ་གལ་ཆེའི་ལས་དོན་ཞིག་ལ་བརྩིས་ནས་ཤོག་སྦག་སྤོར་བཞིན་པ་ཡིན། དཔེ་ན་ཨ་རིའི་་༧་༤་སོགས།
ལ་དྭགས་བློ་བཟང་། ཁྱེད་ཀྱི་གནས་ལུགས་ལུགས་རྒྱུ་མཚན་གསལ་པོ་གསུང་འདུག་བསྔགས་བརྗོད་ཞུ། རང་རེ་བོད་དང་ཧི་མ་ལ་ཡའི་་ལོ་ངོ་སྟོང་ཕྲག་མང་པོར་འབྲལ་དུ་མེད་པའི་ཤ་ཕྲག་རུས་རྒྱུད་གཅིག་པ་ཡིན་པ་དང་། ཆོས་དང་ལེགས་བྱང་སྐད་ཡིག་བརྡ་སྤྲོད་གཅིག་པ་ཡིན་ཙང། ཚང་མས་སེམས་ཤུག་གནང་ཐུབ་པ་དང་། ང་ཚོས་བརྡ་སྤྲོད་པའི་ཡི་གེ་དབྱངས་གསལ་རིན་པ་ཆེ་འདི་ཉིད་དར་སྤེལ་གནང་ཐུབ་པ་དང། དཔེར་ན་རྒྱ་ནག་གཞུང་གི་ལག་འཁྱེར་དང་དངུལ་ལོར་ལ་རང་རིག་གི་ཡི་གེ་བཀོད་ཡོད་པ་དང་། མ་ཟད་བལ་པོ་གཞུང་ལ་རང་རེ་ཧི་མ་ལ་ཡས་གྲ་བཙུན་གྱིས་སྙན་ཞུ་རབ་རིམ་མང་པོ་བཏང་ནས་འབྱུང་འགྱུར་གཞུང་གི་ཡིག་ཆའི་ནང་ལ་ངོས་ལེན་བྱ་རྒྱུ་ཞལ་བཞེས་གནང་བ་རེད་ཟེར། མ་ཟད་བཤད་གྲྭའི་ཁག་གི་ཕྱག་སཁྱེར་ལའང་ངོས་ལེན་ཡང་གནང་འཆར་ཡོད་ཚུལ་འདུག དེ་བཞིན་འཕགས་ཡུལ་དུའང་འདི་ལྟར་གནང་བ་ཡིན་ན་རང་རུག་རྩམ་ཟན་པ་ཡོངས་ལ་རུག་གཞུང་གོང་འཕེལ་མི་ཡོང་ངམ།
ཤ་ཁྲག༽ རང་རིགས་རྩམ་ཟན༽ བཅོས་གནང་
ཤོག་སྦག་རྫས་ངན་དྲི་ངན་རྫས་ལས་གྲུབ། །
དེ་བེད་བྱས་པས་ལྷ་ཀླུ་ཁོར་ཡུག་གནོད། །
ཀླད་མེ་ད་གཞན་གྱིས་ལད་ཟློས་ཀླད་མེད་འགྱུར། །
ཁྱི་དང་དཔལ་འབྱོར་ཁྱིམ་མཚེས་ལ་གནོད་པས། །
རྡུལ་ཕྲན་མཚོན་ཆ་དང་འདྲའི་ཤོག་སྦག་སྤོངས། །
ཤོག་སྦག་མ་རེད་སྐྱག་བག་རེད། །
དང་ཐོག་རྒྱ་མི་གཅིག་གིས་བཟོས། །
ཤོག་བག་མ་རེད་རྒྱ་སྐྱག་རེད། །
བོད་པས་འཆང་ན་དམ་ཚིག་ཉམས། །
སྤྱིར་ཤོག་སྦག་སྦར་བ་འདིའི་འབྱུང་ཁུངས་རྒྱ་ནག་ཡིན་ཟེར་བ་དང་། ཁོར་ཡུག་སྲུང་སྐྱོབ་ལ་གནོད་ཚུལ་གྱིས་ལོ་གསར་སྐབས་ཤོག་སྦག་སྦར་མི་ཆོག་ཅེས་པ་འདི་སྐད་ཆ་རྣལ་མ་ཞིག་མ་རེད། རྒྱུ་མཚན་ནི་ལོ་གསར་སྐབས་སུ་ལྷ་དང་སྲུང་མ་ལ་མཆོད་པ་བྱེད་དགོས་དུས་དྲག་པོའི་སྲུང་མ་ལ་མཆོད་པ་ཤ་ཁྲག་དམར་གཏོར་དང་། མེ་མདའ་རྒྱག་པ། ཤོག་སྦག་སྦར་བ་སོགས་ཀྱིས་ལྷ་སྲུང་དབུ་འཕང་བསྟོད་ནུས། རྒྱ་ནག་གིས་སྦར་བ་ཤུག་ཆེ་ཡང་རྒྱ་ནས་དར་བའི་ལོ་རྒྱུས་མི་འདུག ཆོས་སྡེ་ཁག་གིས་ཤི་གསོན་གྱི་བསྔོ་རྟེན་ལྐོག་ཟ་རུལ་སོང་གི་ལོ་རྒྱུས་སོགས་ལ་བློ་ཕམ་ཡོད།འདི་ནི་ལྷ་སྲུང་ལ་ཇ་ཆང་མཆོད་ནས་སྒོར་འབུམ་ཕྲག་གཏོང་ཆོག་ན། ཤོག་སྦག་སྦར་ནས་མི་ཆོག་པ་ཅི་ཡོད། མ་ཟད་ཤ་ཁྲག་གི་མཆོད་པ་ཅི་འདྲའི་མང་། ངོ་མ་བཤད་ན་ཤ་ཁྲག་གི་མཆོད་པ་རྒྱུན་བཅད་དགོས་འདུག
རྩོམ་སྒྲིག་པ་ལགས། ངས་ཤོག་སྦག་མེད་པའི་ལོ་གསར་གཏང་དགོས་ཞེས་པ་ལ་མཆན་བུ་ཅུང་ཙམ་བཀོད་ཡོད་ཀྱང་དེ་རིང་མཐོང་ཡུལ་དུ་མེད་པར་གྱུར་འདུག བྱས་ཙང་དེ་འདྲ་མི་ཡོང་བའི་ཆེད་ཆ་རྐྱེན་གང་སྒྲུབ་དགོས་པ་ང་ལ་རོགས་རམ་གནང་བར་ཞུ།
ཤོག་སྦག་དང་པོ་རྒྱ་མིས་བཟོས་པའི་སྐོར། །
མར་ཀོ་པོ་ལོའི་ལོ་རྒྱུས་བཀླགས་ན་ཤེས། །
བོད་ཀྱི་ཆོས་ནང་དམར་མཆོད་མེད་པ་ནི། །
ཀརྡོ་ང་ཡི་རྩ་བའི་དམ་བཅའ་ཡིན། །
ལྷ་སྲུང་དབུ་འཕངས་དགུང་དུ་འདེགས་པའི་སླད་དྲག་པོའི་འཚེག་སྒྲས་མཚོན་པ་ཙམ་ལས་ས་གནམ་གང་བའི་ཤོག་སྦགས་སུས་སྤར། ཇ་ཆང་སྒོར་འབུམ་གཏོང་མཁན་ཡོད་དུ་ཆུག་ཀྱང་ཤོག་སྦགས་བཞིན་ཕན་ལས་གནོད་གཞི་ཆེར་གྱུར་པ་ལོང་བའི་ག་ལ་མཐོང་ནུས། རེ་གཉིས་ཀྱི་སྐྱོན་སྤྱི་ཡོང་ལ་བཀལ་བ་དཀོར་ལས་སྐུར་བ་འདེབས་པ་ལྕི། ཤེས་བཞིན་ཤ་ཁྲག་གི་མཆོད་པ་སུས་བྱས་མ་ཟད་ཤ་ཁྲག་གི་མཆོད་རྒྱུན་འགོག་རྒྱུ་ཁྱོད་མིན་བསམ་ཡོད་ཀུན་གྱིས་ཤེསགསལ་རེད།
ཤོག་སྦག་སྦར་བ་མ་རེད་ཤོག་སྦག་བཀད་པ་རེད། བྱ་ཚིག་འདི་ཡི་རིགས་ལ་དོན་ལ་བལྟས་ནས་འབྲི་དགོས་པ་གལ་ཆེན་པོ་རེད། གཞིས་ཆགས་བོད་སྐད་བཟོ་ལྟ་མ་སྟོན་རོགས།
འགའ་ཤས་ཀྱིས་ཤོགབག་གྲི་དང་སྟ་གྲིས་ཤིང་དང་རྡོ་ནང་བཞིན་བཀས་དགོས་ཡོད་ས་རེད། ངས་ནི། ཤོག་བག་མེ་ལ་སྤར་བ་མཐོང་བྱུང་། གྲོང་གསེབ་པ་ལགས།
རང་ཉིད་ཤོག་སྦག་སྤར་ཡ་ལ་ཤིན་ཏུ་དགའ་བ་དེ་ལྟ་ནའང་། གནས་ལུགས་གི་མདུན་རྒྱབ་འདི་དག་ལ་བསམ་ན་དགའ་ཕྱོགས་འདི་ལེགས་པ་ཞིག་མིན་པ་དངོས་གནས་རེད། སྐུ་ཉིད་ཀྱི་དགོངས་ཚུལ་འདི་དག་ལ་རྒྱབ་སྐྱོར་ཡོད། ལུགས་སྲོལ་འདིའི་ཐད་སྔོན་མ་བོད་ཀྱི་རྩོམ་པ་པོ་ཞིག་གིས་བསམ་ཚུལ་ཞིག་བཏོན་པ་ད་ལྟའང་དྲན་གྱི་འདུག རྩོམ་ཡིག་དེའི་ནང་དུ་ལུགས་སྲོལ་་འདི་སྔོནཆད་རྒྱའི་དམག་སྒར་གྱི་ལུགས་སྲོལ་ཞིག་ཡིན་ཚུལ་བཤད་འདུག གང་ལྟར་ལུགས་སྲོལ་འདི་ལུགས་སྲོལ་གྱི་ཐད་དང་ཁེ་ཕན་གྱི་ཐད། ལྷག་པར་དུ་བདེ་འཇག་གི་ཐད་ནས་སྤོང་འོས་པ་ཞིག་ཡིན་པ་དངོས་ཡོད་གནས་ཚུལ་རེད།
མི་ལ་གྲོང་གསེབ་པ་མ་ལབ་པའི་སྔོན་ནས། སྟ་རེས་ཤིང་བཀས་ཞེས་པའི་བཀས་དང་། འབར་རྫས་བཀད་ཅེས་པའི་མི་འཛོལ་བར་དབྱེ་འབྱེད་ཤེས་དགོས། དེ་གཉིས་གཅིག་པ་འདོད་ན་སློབ་རིམ་དང་པོའི་སློབ་ཕྲུག་ཚོས་ཀྱང་རྣ་བ་སྲབ་ཏུ་གཏོང་འོང་།
སྤོབས་པ་མཐའ་ཡས་ལགས། ཁྱེད་ནི་དངོས་ནས་བསམ་བློ་བ་
ཞིག་རེད། དངོས་ནས་རེད་ཤོག་སྦག་ནི་རྒྱ་ནག་གི་གསར་བཏོད་
བཞི་གྲས་ཀྱི་གཅིག་རེད། ད་ལོ་ངོས་བར་དུ་བོད་ལ་ཁ་པར་གཏོང་
གི་ཡིན། ཐུགས་རྗེ་ཆེ།
ཤོག་སྦག་དང་རྫས་ཅི་དང་ཅི་ཡོད་ཡུལ་འདི་དང་བཟོས་ཞེས་ཡུལ་སྤྱི་ལ་མ་གཡོགས་པར་དེ་འདྲ་བཟོ་མཁན་ལ་དྭགས་པ་ཡང་ཡོད་ངེས། གཞན་ནས་ཁེ་བོགས་ལེན་མཁན་རིགས་ཀྱིས་བཟོ་བར་བཤད་ན། འཚམས་པ་འདུག དེ་མིན་རྒྱ་མིས་བཟོས་པ་ཡིན་ཞེས་བཤད་ན། རྒྱ་མི་ཐམས་ཅད་ག་ལ་ཡིན། རྒྱ་ཡི་དཀྱིལ་ན་གཞན་ལ་ཕན་སེམས་ཅན་ཡོད་པའི་སྐྱེ་བོ་མང་ཞིང་། གཞན་ནས་ཁེ་བཟང་ལེན་གང་ཐུབ་རང་གཞན་ཚང་མས་བྱེད་པ་མངོན་སུམ་མོ།།
ལོ་བཅུ་ཕྲག་གཉིས་ཙམ་གྱི་གོང་ལ་བོད་དུ་ལོ་གསར་སྐབས་བུ་ཆུང་ལོ་གཞོན་ཚོས་ཤོག་སྦག་བཀད་སྲོལ་འདྲ་ཞིག་ཡོད་མོད་དེ་འདྲའི་ཁྱབ་རྒྱ་ཆེན་པོ་ཞིག་མིན། དེང་སང་དང་དོད་དང་རྒྱས་སྤྲོས་ཆེན་་པོ་ཆགས་ནས་ཚོད་ཅིག་མི་འདུག གྲོང་སྡེ་ཕན་ཚུན་བར་ལ་ཤོག་སྦག་མང་ཉུང་དང་སྒྲ་ཆེ་ཆུང་འགྲན་བསྡུར། ཁྱིམ་མཚེས་གཡས་གཡོན་བར་ལ་ཡང་ཤོག་སྦག་མང་ཉུང་དང་ཆེ་ཆུང་འགྲན་བསྡུར། བུ་སྤུན་བར་ལ་ཡང་ཤོག་སྦག་མང་ཉུང་དང་ཆེ་ཆུང་འགྲན་བསྡུར། མདོར་ན་ལོ་གསར་སྐབས་རྣ་བ་ཚ་ནས་སྡོད་མི་ཚུགས་པ་ཞིག་བཟོས་ཡོང་གིན་འདུག ལ་ལ་ཞིག་ནི་ཤོག་སྦག་གིས་ཡིད་གཏན་ནས་མི་ཚིམ་པར་ས་རྐོ་རྡོ་སློག་ལ་བེད་སྤྱྱོད་བཞིན་པའི་འབར་རྫས་ཆེན་པོ་དེ་འདྲ་ཡང་བཀད་ཀྱིན་འདུག ངས་རྫུན་བཤད་པ་གཏན་ནས་མིན།
སྤོབས་མཐའ་ལགས་ཀྱིས་སྤྱི་ཚོགས་ནང་ཉེས་སྐྱོན་མང་ཉུང་གིས་ཆ་ནས་གསུངས་པ་ཡིན་ན། ཤོག་སྦག་ལས་ཆང་དང་ཤོ་བག་གིས་གནོད་སྐྱོན་ཆེ་འདུག ཆང་དང་ཤོ་བག་གིས་བཟའ་མི་ཁ་བྲལ་དང་། ཁྱིམ་ཚང་ཁ་བྲལ་སོགས་ང་ཚོས་མྱོང་བཞིན་པའི་སྡུག་བསྔལ་འདི་སུ་སེལ་ནུས།
རྒྱུ་འབྱོར་འགྲོ་གྲོན་གྱི་ཆ་ནས་བཤད་ཀྱང་ཆང་དང་ཤོ་བག་གིས་མི་ཚང་རྩ་རླག་ཕྱིན་ཚུལ་མང་ཞིང་། ཤོག་སྦག་གིས་ཧ་ཅང་དཀོན་པར་མཐོང་། ཁྲི་འབུམ་སོགས་ཀྱིས་འགྲོ་གྲོན་གཏོང་བ་ནི་ཚད་མ་ཟིན་པས་ཉེས་པ་ཞིག་རེད། སྲིད་ཚད་ཙམ་བྱས་ན་(རྩམ་པ)ས་མི་འཆི་ལམ་དུ་སྐྱེལ་བ་ཡང་ཡོད་མོད།
སྤོབས་མཐའ་ལགས་ལ་སོགས་པའི་དྲ་གྲོགས་ཚོས་དེ་ལས་ཆང་དང་ཤོ་བག་མི་རྩེན་པའི་ལོ་སར་གཏོང་དགོས་ལབ་ན་འོས་མཚམས་རེད་ལ་དོན་གནད་ཀྱང་ཆེ་བར་མཐོང་།
ཤོག་སྦག་སྦར་བ་ལས་བཀད་པ་ཞེས་པ་དེར་བདེ་སྦྱོར་མི་འདུག་ལ། དམིགས་བསལ་གོ་རྒྱུ་ཁྱད་པར་ཅན་ཞིག་ཀྱང་མི་འདུག དེས་ན་ཤོག་སྦག་སྦར་ཞེས་པ་ཁོ་རང་གྲོང་སྐད་ཡིན་པས་དེ་རང་སྤྱོད་ན་མཛེས་སྙམ། བྱེའུ་ཆུང་ཐོག་ལ་ལྕགས་མདའ་མི་མཛེས་སྙམ།
ཤོག་སྦག་རྒྲ་ལ་ཡོད་ངེས་པ་སྔོན་མ་ནས་རྒྱ་གར་ལ་ཡང་ཡོད་ཚོད། རྒྱ་ནས་དར་ན་ཁུངས་སྐྱེལ་རོགས་ཞུ།
འོ་ན་དགུ་ཐུག་དེ་ཡང་རྒྱ་ནས་དར་བ་རེད་དམ། སྣེ་གཅིག་ལ་འཇུས་ནས་ལྟ་བ་མཆོག་འཛིན་མ་བྱེད་རོགས་ཞུ།
དྲ་གྲོགས་ཚོས། བོད་ལ་ཞལ་པར་ཐོག་ནས་ད་ལོར་ཆང་དང་ཤོ་བག་མི་རྩེན་པའི་ལོ་སར་གཏོང་རོགས་ཞེས་འབོད་སྐུལ་ཞུ་རོགས་གནང་།
ལོ་སར་སྨོན་ལམ་གཏོར་རྒྱབ་སྐབས་མེ་མདའ་རྒྱག་པ་དེ་ནང་རྒྱ་ཡིས་ཤན་ཞུགས་པ་རེད་དམ།
རང་མི་རིགས་ལ་ཡོད་ཚོད་མིའི་ཤན་ཞུགས་ཚུལ་བཤད་པ་འདི་ཡང་དེ་ཙམ་ཡག་པོ་ཞིག་མ་རེད།
ཆོས་རྒྱ་གར་གྱི་ཤན། གོས་སོག་པོའི་ཤན། ཟས་རྒྱ་ནག་གི་ཤན།
རང་མི་རིགས་ལ་ཅི་ཡང་གསར་གཏོད་མེད་དམ།
ལ་དྭགས་པ་ཧོན་ལོག་པ་འདྲ། འ་རོ་ལ་དྭགས་པ་སུའི་རྒྱ་མི་དཀྱིལ་ན་
གཞན་ཕན་ཅན་ཡོད་མེད་བཤད་ཀྱིན་འདུག
མིག་ལགས། ངའི་ནང་མི་ཚོས་ཆང་དང་ཤོ་བག་ངོ་མི་ཤེས།
དེ་ལ་ཁ་པར་གཏོང་དགོས་མི་འདུག
ཁྱོད་ཀྱིས་བོད་ནང་གི་སློབ་མ་ཞིག་ལ་སྐད་ཆ་དྲིས་དང་ཤོག་སྦག་རྒྱ་ནག་
གི་གསར་བཏོད་བྱས་མིན་ཤེས་ནི་རེད།
དགུ་གཏོར་ལ་མེ་མདའ་རྒྱག་སྲོལ་དེ་ཡང་ཆོས་ཀྱི་དྲག་པོའི་མངོན་སྤྱོད་ལས་དང་བསྱུན་པ་ཡིན་པས་ལུགས་སྲོལ་དེ་ལ་དགའ་རྒྱུ་དང་ཉར་དགོས་དོན་ཡང་མེད་དོ། ། ཤོག་སྦག་ནི་དེ་བ་ས་སྲོལ་མི་དར་བའི་ཐབས་ལ་འབད་པར་མཛོད།
དྲ་གྲོགས་ཚོས་ངའི་བསམ་ཚུལ་ལམ་རེ་སྐུལ་འདི་ལ་རྒྱབ་སྐྱོར་དང་མོས་མཐུན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྐུ་ཞབས་མིག་ཟེར་བ་ཞིག་གིས་ཤོག་སྦག་ལས་ཀྱང་ཆང་དང་ཤོ་རྒྱན་འགྱེད་པ་གནོད་ཆེ་ཚུལ་གསུངས་པ་བདེན་པ་ཡིན་སྲིད། ཁྱེད་ཀྱིས་དེའི་སྐོར་ཅིག་བྲི་རོགས་དང་ཕན་ཐོགས་ཏན་ཏན་ཡོད་ངེས་རེད།
ལོ་གསར་ཡོད་ལ། དགའ་རྩེད་གླུ་དབྱངས་མེད་པ།
ལོ་གསར་ཡོད་ལ། ཤོ་བག་རྒྱན་རྩེད་མེད་པ།
ལོ་གསར་ཡོད་ལ། “ཤོག་སྦག་”རྟ་རྒྱུགས་མེད་པ།
ལོ་གསར་ཡོད་ལ། ཁྲག་དྲིསི་རྒྱག་འདྲེ་མེད་པ།
ལོ་གསར་ཡོད་ཐོག ཟང་ཟིང་མཆོད་པ་ཡོད་པ།
ལོ་གསར་ཡོད་ཐོག མཇལ་འཕྲད་འཛམས་འདྲི་ཡོད་པ།
ལོ་གསར་ཡོད་ཐོག མཉམ་བཟའ་མཉམ་འཐུང་ཡོད་པ།
ལོ་གསར་ཡོད་ཐོག སྤྱི་དོན་བགྲོ་གླེང་ཡོད་པ་ཅིག་བྱུང་ན་ཨང་། །
འཛམས་འཚམས་ལ་བཅོས།
འབའ་བློ་ལགས། ཆང་དང་ཤོ་སྦག་མི་ཤེས་མཁན་ཞིག་གིས་ཤོག་སྦག་ཤེས་པ་དེ་ངོ་མཚར་རེད། ཡིན་རྒྱུ་གྱིས།
དྲི་འདོད་ན་ཁྱོད་རང་གིས་ཀྱང་ཤོ་བག་སློབ་མ་ལ་ཅིའི་ཕྱིར་འདྲི་མི་ཆོག
སྤོབས་མཐའ་ལགས། ཤོག་སྦག་འགད་དང་། བཀད། དགད་གསུམ་ལས་འདས་ཚིག་འདི་གསུངས་པའི་དགོས་པ་གང་ཡིན།
མ་ཟད་སྦར་དང་བཀད་གཉིས་ལས་བཀད་ཅེས་འབྲི་དོན་དགོས་དམིགས་ཅི་ཡོད།
དེང་སྐབས་གསུང་ཆོས་ལ་ཡོད་པས་དུས་ཟེང་འོག་རྩོམ་ཟིག་འབྲི་སྐབས་ཕྲ། རྗེས་མར་ཨེ་ཡོང་ལྟ་རྒྱུ་ཡིན།
ཨ་སྤོ་མཐའ་ལགས། ཤོག་སྤག་གི་ཉེས་དམིགས་བགྲངས་པ་ལས་མྱ་ངན་གྱི་ལོ་གསར་ཞིག་གསར་དགོས་སྐོར་བྲིས་ན་དགའ་བ་མེད་འགྲོ