ལྷ་ལུང་རྒྱལ།
རིང་མིན་གྱི་ཕྱི་ཟླ་བཅུ་གཅིག་པར་བོད་དོན་ལབ་གླེང་གི་ཚོགས་ཆེན་དེ་རྡ་སར་འཚོགས་རྒྱུ་རེད་ལ། ཚོགས་འདུ་དེར་ཐམས་ཅད་ཞུགས་ཆོག་པ་མ་བྱུང་ཡང༌། ཡོད་ཚད་གླེང་ཆོག་པར་སྙམ་པས། ཁྱོད་ལའང་བཤད་རྒྱུ་ཞིག་ཡོད་ན་དེ་དུས་ཤོད་དང༌། ངས་ཀྱང་བཤད་ངེས་ཡིན།
ཡིན་ནའང༌། བཤད་རྒྱུ་དེ་ཆོས་ལུགས་ཀྱི་ཚོན་རྩིས་མ་བྱུགས་པ་ཞིག མི་ཆེན་གྱི་དབང་གིས་མ་བསྒྱུར་བ་ཞིག གཡམ་རྒྱུགས་དང་ཅལ་འདྲོགས་ཀྱི་དུག་གིས་མ་བཟི་བ་ཞིག ད་དུང༌། ཕྱོགས་ཁག་འཐེན་འཁྱེར་དང༌། དབྱེན་སྦྱོར་དཀྲུག་ཤིང་ལྟ་བུའི་བསམ་སྦྱོར་ངན་པའི་མུན་ཀློང་ནས་མིན་པར། དམངས་ལ་ཁ་ཚ་དགོས་གཏུགས་སུ་གྱུར་ཞིང༌། མི་རིགས་འདིའི་གནད་དོན་ཐག་གཅོད་ལ་ཕན་པའི་སྐད་ཆ་ཞིག་ཡིན་དགོས་ཁར། དེའང་དྲང་ཚུགས་དང་གནས་ལུགས་གཞིར་བཞག་གིས་བཤད་རྒྱུ་དེ་གཏན་ནས་མ་བརྗེད།
ཉིན་དེ་ཚོར་ཁྱོད་ཀྱིས་ཤོད་དང༌། ངས་ཀྱང་བཤད་ངེས་ཡིན། ང་ཚོ་གཞི་ལ་མཉམ་འཛོམས་དང༌། ནུས་པ་མཉམ་སྤུངས་སྒོས། གཞིས་ལུས་མི་མང་གི་རྩ་བའི་མངོན་འདོད་ཅི་ཡིན་དང༌། གྱེན་ལངས་ཞི་རྒོལ་གྱི་འབོད་ཚིག་དག་གིས། རང་བཙན་དང་རང་སྐྱོང་གང་ཞིག་འབོད་ཀྱི་ཡོད་མེད། ལྷག་པར། འབོད་ཚིག་དང་མངོན་འདོད་ཀྱི་བར་ཐག་མ་མཐོང་པའི་སྲིད་དོན་པ་ཚོའི་ས་མཐའི་འཆལ་གཏམ་གྱི་སྐོར་སོགས། དམའ་རང་ཉིད་ཀྱི་ལྟོ་གོས་གནས་མལ་ནས། མཐོ་བཀའ་ཡི་བློན་པོ་ཚོའི་སྤྱི་དོན་ཁུར་འཁྱེར་གྱི་ལྷག་བསམ་སྟོབས་ནུས་ཀྱིས་མཚོན་པའི་དོན་གནད་མང་པོ་ཤེས་པ་བཤད་དེ། མི་ཤེས་པ་དྲིས་དང༌། ངས་ཀྱང་བཟོད་དཀའི་ཟུག་རྔུ་ལྟ་བུའི་གནད་དོན་མང་པོ་ཞིག་ཁྱོད་དང་མཉམ་དུ་བཤད་ངེས་ཡིན། སུ་ལའང་འཛེམས་པ་མེད་པར་ཤོད། གང་ཡང་བདེན་ཐུབ་ཁུངས་འཕེར་གྱིས་ཤོད། ཐུགས་གཟབ་པོས་ཤོད། སྐད་མཐོན་པོས་ཤོད།
ང་ཚོས་འཕག་འཚག་མ་ཐུབ་པའི་དབང་གིས་ང་ཚོ་འདི་ལྟར་ཉལ་གདན་གྱི་བར་ན་འཆི་བཞིན་ཡོད་ལ། ང་ཚོས་ད་བར་བཤད་འོས་པ་མང་པོ་ཞིག་བཤད་མ་ཐུབ་པའི་དབང་གིས། གཞིས་བྱེས་ལྷན་འཛོམས་བྱུང་མ་ཐུབ་ཞིང༌། རྒྱལ་བ་བོད་ལ་ཕེབས་མ་ཐུབ་པའང་རེད། མ་ཟད། བོད་རྒྱ་ཞི་མོལ་འདི་ལྟར་མུན་པས་གཡོགས་འདུག་པའང་བཤད་མ་ཐུབ་པས་ཡིན།
སྤྱང་ལ་ཐོ་མ་བསླངས་ན་སྤྱང་ཀི་ལུག་ཁྱུར་རྒྱུག་ནི་རེད། ཆུ་ལ་རགས་མ་རྩིག་ཕྱིན། ཆུ་ཆེན་རབ་ཀྱིས་བསྣུབས་འགྲོ་བ་རེད། ཤོད། ང་ཚོས་རི་རབ་དང་གཙང་བོས་ཆོད་པའི་བྱེས་ཀྱི་དབུལ་ཕྱུག་བར་ཐག་ནས། དབུལ་བོ་ཚོར་བདག་པོ་ཡོད་མེད། མེད་ན་རྒྱུ་མཚན་ཅི་དང༌། ཡོད་ན་སུ་ཞིག་ཡིན་པ། གཞན་ཡང༌། ཐ་མག་ནག་པོར་གོམས་པའི་བོད་ཕྲུག་ཚོའི་ལས་དབང་དང༌། བོད་ཀྱི་རིག་གཞུང་གླེང་བཞིན། ནུབ་ཀྱི་ཨ་རིར་འབྲོ་བཞིན་པའི་དགེ་རྒན་ཚོ་དང༌། སྐུ་ངོ་ཚོ། ད་རུང༌། རང་ཉིད་ཀྱི་བུ་དང་བུ་མོས་བོད་སྐད་མི་ཤེས་བཞིན་རིག་གཞུང་གཅེས་སྐྱོང་དང་སྐད་ཡིག་རྒྱུན་འཛིན་གྱི་འུར་གཏམ་སྒྲོག་བཞིན་པའི་བྱེས་ཀྱི་མི་ཆེན་ཚོའི་བྱེད་བབ་རྣམ་འགྱུར་སོགས།
ཤོད། ཁ་ཁོག་པས་མ་གསང་བར། གློ་རྒྱུ་མས་མ་བསྐུྐམ་པར། གཙང་པོ་བཞུར་བ་ལྟ་བུའི་ཉམས་ཀྱིས་ཤོད། སེང་གེ་གངས་རིར་འགྱིངས་འདྲའི་སྤོབས་པས་ཤོད། གཏམ་གླེང་འདི་ནི་བཞུད་ཁའི་ཉི་འོད་འོག་གི་བོད་དོན་ལབ་གླེང་དང་འབྲེལ་བའི་གླེང་སྟེགས་མཐའ་མ་དེ་ཡིན་ཡང་སྲིད་པས། ད་ཐེངས་མ་གླེང་ན་ནམ་ཡང་གླེང་མི་ཐུབ་པའི་ཉེན་ཁ་མེད་པ་མིན། གཏམ་གླེང་འདི་བརྒྱུད། ང་ཚོས་ང་ཚོ་མུ་མཐུད་གསོན་གནས་ཀྱི་ལམ་ཞིག་ངེས་པར་འཚོལ་དགོས་ཤིང༌། ཁོར་ཡུག་ཞིག་ཀྱང་བསྐྲུན་དགོས་སྟབས། ང་ཚོ་མ་འོངས་མུན་ངོགས་ནས་ཀྱང༌། ཁ་འཐོར་དགུ་འཐོར་ལ་མི་འགྲོ་ཞིང༌། ཁྱིམ་ཚང་གཅིག་དང་ཕུ་ནུ་གཅིག་ལྟ་བུས་རི་རབ་དང་བྲག་རྡོ་བཞིན་གནས་རྒྱུར་སྨན་པའི་སྐད་ཆ་ཞིག་ཡོད་ན། ལྷ་མི་དགྱེས་ནའང་ཤོད། མི་མི་དགའ་ནའང་ཤོད།
གང་ལྟར། ཐེངས་འདིའི་ཚོགས་ཆེན་དེར། བཙན་པོ་སྲོང་བཙན་སྐབས་ཀྱི་དབྱར་དགུན་འདུན་མ་ལྟ་བུའི་གཟི་བརྗིད་ཞིག་དང༌། དགའ་ལྡན་ཕོ་བྲང་དུས་ཀྱི་ཧྲག་བསྡུས་ཚོགས་ཆེན་ལྟ་བུའི་ནུས་པ་ཞིག་མི་ཡོང་ནའང༌། ཚོགས་ཆེན་ལ་ཚོགས་ཆེན་གྱི་རིན་ཐང་དང༌། ཚོགས་ཆེན་ལ་ཚོགས་ཆེན་གྱི་རྗེས་ཤུལ་ཡོད་པ་ཞིག་ངེས་པར་ཡིན་དགོས།
ཚོགས་འདུ་ནི་ཚོགས་འདུ་རང་རེད། བཤད་བཤད་པའི་རྔ་མར་གྲོལ་སོང་ན་དེ་རེད། ད་བར་དུ་ཚོགས་འདུ་འཚོགས་པ་རེད། ཁ་རྩལ་འགྲན་པ་རེད། བོད་དོན་ཐག་གཅོད་ལ་ཅི་ཡང་ཕན་ཡོད་པ་མ་རེད། གང་ལྟར་ལམ་དབུ་མ་འདི་ལ་སྐྱར་ཞིབ་ཅིག་༧གོང་ས་མཆོག་དབུ་བཞུགས་ཀྱིས་གནང་ཐུབ་ན་ལེགས། བཀའ་ཁྲི་ཟམ་སྟོང་གི་ཟམ་པ་དེའི་སྟེང་ནས་སུ་ཞིག་གཤར་འདུག་གི་རྩིས་ཐོ་རེ་ཡང་སྒྲོག་ཐུབ་ན་ལེགས། གཞན་བསམ་འཆར་ཅང་མེད། རྡ་ས་རྡ་ལིའི་རྒྱལ་ས་རེད། མང་ཟིག་མགོ་བོ་ན་ས་རེད། མང་ཟིག་མགོ་རྡོག་སྒུར་ས་རེད།
དྲ་རྒྱ་འདི་འདྲ་ཞིག་ཡོད་པ་དེ་རིང་མ་གཏོགས་ཤེས་མ་སོང་། གླེང་སྟེགས་ཡག་པོ་ཞིག་འདུག་ལ་ཆ་ཤས་ལེན་ངེས་ཡིན། དང་པོར་མཛུབ་ནོན་སྦྱངས་དགོས་ཀྱི་འདུག གྲོགས་པོ་ཚོ། བགྲོ་གླེང་ནི་ཡར་རྒྱས་ཀྱི་རྨང་གཞི་ཡིན་ཟེར་ན་མུ་མཐུད་གནང་རོགས།