ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།
བོད་ས་ཤོར་ནས་ད་བར་ལོ་ངོ་ཧྲིལ་པུ་༥༣རིང་། ༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། ང་ཚོ་གནས་མེད་ཀྱི་འཁྱམ་པོ་ཞིག་ཏུ་གྱུར་མེད་ལ། བདག་མེད་ཀྱི་དྭགས་ཕྲུག་ལྟ་བུའི་གནས་སྟངས་ཤིག་ཏུ་དེ་བས་ལྷུང་མེད། དེ་ནི་རྒྱ་གར་གཞུང་གིས་ཆབ་སྲིད་དང་ཁྲིམས་ལུགས། རིག་གཞུང་དང་སྤྱི་ཚོགས་སོགས་ལྟ་གྲུབ་དུ་མས་གྲུབ་འབྲས་ཀྱིས། ང་ཚོར་གནས་ཚང་གཡར་པ་རེད། བོད་མིའི་རང་ཉིད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་དང་ལེགས་བྱང་སོགས་མ་ཉམས་གོང་འཕེལ་དང་ཉམས་པར་སླར་གསོའི་ཆེད་དུ། བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་རྒྱལ་ཡོངས་ཀྱི་ཞིང་ཆེན་འདྲ་མིན་དུ་བགོས་ནས། ད་བར་གཞིས་ཆགས་༣༨ཙམ་དུ་གནས་འཁོད་བྱས་པར་མ་ཚད། རང་ཉིད་ཀྱི་མི་དམངས་ཁྲི་ཚོགས་མང་པོ་དཀའ་ངལ་གྱི་གནས་སུ་ལྷུངས་ཡོད་ནའང་། བོད་པ་སྐྱབས་བཅོལ་བ་ཚོར་ས་ཁང་སོགས་གཡར་གནང་མཛད་པ་མ་ཟད། དེའི་བདག་དབང་ཡང་བོད་མི་ཚོར་གནས་སྐབས་རིང་བསྩོལ་གནང་མཛད་པ་རེད། དེ་ནི་རླབས་ཆེན་གྱི་གསོལ་རས་ཤིག་རེད་ལ། བཀའ་དྲིན་དེ་ནི་ང་ཚོས་ནམ་ཡང་གསོས་ཐབས་བྲལ་པ་ཞིག་ཀྱང་ལོས་ཡིན། རྒྱ་གར་གཞུང་ནས་ང་ཚོ་ལ་ད་བར་ཇི་ལྟར་མཐུན་གྱུར་རོགས་རམས་བྱས་པ་དང་། ང་ཚོ་ལ་ཇི་ཙམ་གྱི་བདག་དབང་དང་ཐོབ་ཐང་སྤྲད་ཡོད་ནའང་། དེ་དག་ཡོད་ཚད་ཀྱང་གནས་སྐབས་རིང་ཡིན་པ་ལས། ཁྲིམས་ལུགས་ནས་དེ་ལ་འགན་དབང་དང་ཁུངས་འཛིན་གྱི་པང་ཡིག་ཅིག་ཀྱང་མེད་པ་ཤེས་དགོས། རྒྱ་གར་གཞུང་གི་འཛིན་སྐྱོང་དང་ཁྲིམས་ལུགས་གཏན་འབེབས་གཞི་བཞགས་ཞེ་ན། སྤྱི་ལོ་༡༩༥༩་ལོ་ནས་༡༩༧༩བར་གྱི་བོད་མི་སྐྱབས་བཅོལ་དུ་ཡོང་བའི་མི་བགྲངས་༩༨༤༥ལ་རྒྱ་གར་གཞུང་ནས་ཁྲིམས་མཐུན་གྱིས་བཙན་བྱོལ་སྐྱབས་བཅོལ་བ་ཡིན་པར་ཁས་ལེན་བྱས་མེད་ལ། དེ་དག་ལ་སྤྲད་པའི་བདག་དབང་དང་མཐུན་རྐྱེན་ལའང་དུས་ཡུན་དང་གནས་སྟངས་ཚད་མེད་ཀྱི་ཐོག ཁྲིམས་ལུགས་ནས་འགན་དབང་ནམ་ཡང་བྱས་མེད་པ་རེད། དེའི་རྗེས་སོར་ཡོང་བའི་བོད་མི་ཕལ་ཆེར་ལ་དམིགས་བསལ་གྱི་གནས་སྟངས་ཕུད། རྒྱ་གར་གྱི་ས་ཁྱོན་ཁྱབ་ཁོངས་སུ་སྡོད་ཆོག་པའི་ཆོག་འཆན་རིམ་པ་སྤྲད་པ་ལས། ས་ཁང་བདག་དབང་དང་གཞིས་ཆགས་གསར་སྐྲུན་གྱིས་ཐོབ་ཐང་དང་འགན་དབང་སྤྲོད་ཡོད་པ་མ་རེད། ད་བར་རྒྱ་གར་གཞུང་ནི་སྤྱི་ལོ་༡༩༥༡ལོའི་རྒྱལ་སྤྱི་སྐྱབས་བཅོལ་བའི་གྲོས་ཆོད་དུ་མིང་རྟགས་འགོད་པའི་རྒྱལ་ཁབ་ཞིག་མིན་ལ། སྤྱི་ལོ་༡༩༦༧ལོར་རྒྱལ་སྤྱིའི་Protocolལའང་ཁས་ལེན་བྱས་པའི་རྒྱལ་ཁབ་ཞིག་མིན། དེས་མ་ཚད་རྒྱ་གར་ལ་སོ་སོའི་དམིགས་བསལ་གྱི་སྐྱབས་བཅོལ་ཁྲིམས་ལུགས་ཤིག་ད་བར་མེད་པ་རེད། རྒྱུ་ཚན་དེའི་རྐྱེན་པས་བོད་པ་ཚོར་ཁྲིམས་ལུགས་ཀྱི་སྐྱབས་བཅོལ་བའི་འགན་དབང་གང་ཡང་གནང་མེད་པ་རེད་ལ། དེ་མ་གནང་པར་རྒྱ་གར་གཞུང་ལ་རྒྱལ་སྤྱིའི་འགན་དབང་ཡང་གང་ཡང་ཡོད་པ་མ་རེད། ལོ་འདི་དག་གི་རིང་རྒྱ་གར་གཞུང་ནས་“རྒྱ་གར་མི་སེར་ཁྲིམས་ལུགས་དང་” “ཕྱི་ཡོང་མི་སེར་ཁྲིམས་ལུགས་”ཞེས་ཁྲིམས་ལུགས་འདི་གཉིས་དང་ཞིང་ཆེན་སོ་སོའི་ཁྲིམས་ལུགས་དང་སྒྲིག་སྲོལ་གྱིས་བོད་མི་ཚོར་སྟངས་འཛིན་བྱེད་མུས་རེད། ཡིན་ནའང་ང་ཚོ་བོད་མི་རྣམས་རྒྱ་གར་གྱི་རྩ་ཁྲིམས་ལེའུ་གསུམ་པ་དང་། ལེའུ་གཉིས་པར་ནང་གསལ་དོན་ཚན་༥་པ་ནས་༡༡་པར་ནང་གསལ་མི་སེར་ཐོབ་ཐང་དང་འགན་དབང་དེའི་ནང་རྟོགས་མེད་པ་རེད་ལ། སྤྱི་ལོ་༢༠༠༣ལོར་“རྒྱ་གར་མི་སེར་ཁྲིམས་ལུགས་”ལ་སྐྱར་བཅོས་ཤིག་གནང་སྟེ། དེས་སྤྱི་ལོ་༡༩༨༧ལོའི་ཟླ་༧ཚེས་གཅིག་ཉིན་སྔོན་དུ་རྒྱ་གར་ལ་སྐྱེས་བའི་(ཕ་མ་གཉིས་རྒྱ་གར་མི་སེར་མིན་པ)ཕྲུ་གུ་ཚོ་ལས་གཞན་རྒྱ་གར་མི་སེར་གྱི་ཐོབ་དབང་མེད་པ་བཟོས་ཡོད། གང་ལྟར་ཀྱང་རྒྱ་གར་རང་ཉིད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དཀའ་ངན་ནས་ང་ཚོ་བོད་པ་ཚོར་དུས་ཡུན་རིང་པོར་གཏན་སྡོད་ཀྱི་ཁྲིམས་ལུགས་འགན་དབང་ཞིག་གཏན་ནས་མེད་པ་རེད།
རྒྱ་གར་ཁྲིམས་ལུགས་དང་སྒྲིག་སྲོལ་གང་གི་ཆ་ནས་ཀྱང་བོད་མི་ཚོར་ས་ཁང་བདག་དབང་ལ་ཅི་འདོད་ཀྱི་བརྗེ་འདྲེན་བྱེད་པ་དང་ཉོ་ཚོང་བྱེད་པའི་ཐོབ་ཐང་ནི་མེད་པ་རེད་མོད། ཡིན་ནའང་། ཚོ་གཞིས་ཆགས་ཁག་གི་བོད་མི་མང་པོས་རང་ཉིད་ཀྱི་ཁ་ཕན་དང་གཞན་རྒྱུ་སྒེར་བདག་གི་བསམ་བློའི་འདུ་ཤེས་ཁྲོད། ཐབས་བརྒྱ་ཇུས་སྟོང་གིས་ས་ཁང་བརྗེ་འདྲེན་དང་ཉོ་ཚོང་བྱེད་ཅིང་ཡོད་པར་ང་ཚོས་མཁྱེན་གསལ་རེད་མོད། ཡིན་ནའང་། བོད་པ་གཞུང་སྒེར་གཉིས་ཀྱི་གཡོག་འགེབས་གང་ཐུབ་ཀྱིས་ད་བར་ཁྲིམས་ལུགས་ཀྱི་དཀའ་ངན་དེ་ཙམ་བྱུང་མེད་པ་རེད། འོན་ཀྱང་བཤད་སྲོལ་ལ་རྫུན་དང་གླང་ཆེན་གཉིས་ཀྱི་རྔ་མ་མི་རིང་ཞེས་པ་བཞིན། གལ་སྲིད་འདི་ལྟར་ལྷོད་གཡེང་དང་གོ་མེད་ཚོར་མེད་དུ་མུ་མཐུད་སོང་པས་ན། ནམ་ཞིག་བོད་མི་གཞིས་ཆགས་སྲ་བརྟེན་ཡོང་པ་ལས་ཐོར་བཤིག་ཏུ་འགྲོ་མི་སྲིད་པ་མ་རེད། ང་ཚོ་ཚང་མས་མཁྱེན་གསལ་རེད། རྒྱ་གར་ནི་མང་གཙོ་རྒྱལ་ཁབ་ཞིག་ཡིན་པ་དང་། མཐར་ཐུག་གི་དབང་ཚད་ནི་མི་དམངས་རང་ལ་ཡོད་པ་ཡིན་དུས། ནམ་ཞིག་རྒྱ་གར་ཡུལ་མི་ཚོས་བོད་ཐོག་འཛིན་བའི་ལྟ་སྟངས་ཇེ་སྡུག་ཏུ་སོང་གྱུར་ན། རྒྱ་གར་གཞུང་ལའང་ཐབས་ཤེས་མེད་པའི་དཀའ་ངན་ཞིག་བཟོ་མི་སྲིད་པ་མ་རེད། རྒྱ་གར་ནི་མི་འབོར་མང་ཞིང་དབུལ་ཕོངས་དང་ཞིང་པ་དེ་བས་མང་བའི་རྒྱལ་ཁབ་ཞིག་ཡིན་པ་དང་། ཁོང་ཚོའི་མི་དམངས་ས་ཡ་མང་པོར་བཀྲེས་ལྟོགས་ཀྱི་མནར་པ་དང་ས་ཞིང་མེད་པའི་དཀའ་ངན་འཕྲད་བསྡད་ཡོད། རྒྱུ་མཚན་དེའི་རྐྱེན་པས་དེ་སྔོན་བོད་སྡོད་གཞིས་ཆགས་ཨོ་རིས་ས་(Orrisa)སོགས་གཞིས་ཆགས་མང་པོར་རྒྱ་གར་དང་བོད་མི་གཉིས་བར་ས་ཁང་བདག་དབང་གི་དཀའ་རྙོག་བྱུང་ཡོད་པ་དང་། ང་ཚོ་བོད་མི་ཚོས་གཟབ་གཟབ་མ་བྱེད་ན། དེ་ལས་སྡུག་བའི་དཀའ་ངལ་ཞིག་འཕྲད་མི་སྲིད་པ་མ་རེད། ཉེ་ཆར་ང་ཚོའི་བོད་གཞུང་གིས་གཞིས་ཆགས་སྲ་བརྟེན་དང་རང་ཁ་རང་གསོའི་ལས་གཞི་དང་སྒྲིལ་སྲོལ་གཏོད་དེ། གཞིས་ཆགས་བོད་མི་ཚོར་རང་ཉིད་ཀྱི་ས་ཁང་བདག་དབང་དང་འཚོ་བའི་ཡར་རྒྱས་ཆེད་རང་ཉིད་ཀྱི་ས་ཁང་དང་དེའི་བདག་དབང་ལ་སྲུང་སྐྱོབ་གང་ཐུབ་དང་། ས་ཞིང་འཕྲོག་བརླག་ཏུ་མི་འགྲོ་པར་ལས་ལ་བརྩོན་ཞིང་ཐོན་ཁུངས་ཇེ་བཟང་གཏོང་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཡོད་ནའང་། གཞན་བརྟན་ལ་གོམས་ཤིང་ལེ་ལོ་ཡིས་ཕྱུག་པའི་བོད་མི་ཚོས་རང་ཉིད་ཀྱི་ལས་ཀ་ལས་མི་དགོས་པ་དང་། ས་ཞིང་རྒྱ་གར་ཡུལ་མི་ལ་འབོར་གླ་གཏོང་མི་དགོས་པ་མ་ཟད་མ་འོངས་པར་ཐོན་སྐྱེས་ཁེ་བབས་ཡོད་པའི་ལས་རིམ་ཞིག་བརྩམས་དང་བརྩམ་མུས་ཡིན། དེ་ནི་རྒྱ་གར་ཁྲིམས་ལུགས་ནས་གསལ་བའི་བཅད་གཏུབ་དང་ཉོ་ཚོང་ཆོག་པའི་ཤིང་སྡོང་ཁག་འདེབས་འཛུག་བྱེད་པ་དེ་རེད། དེང་སང་རྒྱ་གར་ལྷོ་ཕྱོགས་བོད་སྡོད་གཞིས་ཆ་ཁག་ལ་ལས་རིམ་འདི་ཚར་ཚར་འིར་འིར་གྱིས་འགྲོ་བཞིན་ཡོད་ལ། མི་མང་པོས་འདི་ནི་ཁེ་བཟང་ཟུང་ལྡན་གྱི་ལས་རིམ་ཞིག་ཡིན་པར་བརྩིས་ཏེ། སྤྲོ་སེམས་འཕེལ་བཞིན་ཡོད་མོད། ཡིན་ནའང་ངས་བསམ་པར་ཁོང་ཚོས་འདིའི་མཇུག་འབྲས་ཅི་ཡོང་ལ་བསམ་བློ་ཞིག་བཏང་མྱོང་ཡོད་དམ་སྙམ། ས་ཞིང་ཨེ་ཀར་མང་པོར་སོ་ནམ་གྱི་འབྲི་རིགས་ཐོན་ཁུངས་ཆེར་བསྐྱེད་ཡོང་ཐབས་མ་བྱེད་པར། ཤིང་སྡོང་འདེབས་འཛུག་བྱེད་བཞིན་ཡོད། རྒྱ་གར་ནི་གཙོ་བོ་སོ་ནམ་ཞིང་ལས་དང་དེའི་ཐོན་ཁོངས་ལ་བརྟེན་པའི་རྒྱལ་ཁབ་ཞིག་ཡིན་པ་དང་། དེ་ཡང་ས་ཞིང་ཨེ་ཀར་མང་པོར་སོ་ནམ་ཞིང་ས་ནས་ཤིང་སྡོང་ནགས་ཚལ་དུ་སྒྱུར་པ་ནི་གཞུང་དམངས་གཉིས་ཀྱི་དམ་ལེན་བྱེད་ཁ་བའི་གནས་དོན་ཞིག་ཡིན་ལ། རྒྱ་གར་ཡུལ་མི་མང་པོའི་སོ་ནམ་ཐོན་རྫས་དང་ལས་ཀ་སོགས་ལ་ཕོག་ཐུག་ཆེས་ཆེར་འགྲོ་བའི་གནད་དོན་ཞིག་ཀྱང་ཡིན། དེང་སང་བོད་པ་ཕལ་ཆེར་གྱིས་སོ་སོའི་ས་ཞིང་ནང་དངུལ་ཤིང་(SilverTree)འདེབས་འཛུག་བྱེད་ཅིང་ཡོད། ཤིང་སྡོང་འདི་ནི་ཤིང་རྫས་ཁྲོམ་རྭ་རུ་གོང་ཚད་མཐོ་བའི་ཤིང་སྡོང་ཞིག་ཡིན་ལ། ཁྲིམས་ལུགས་ཀྱིས་འགོག་རྐྱེན་མེད་པའི་ཤིང་སྡོང་ཞིག་ཀྱང་རེད་མོད། འོན་ཀྱང་ཤིང་སྡོང་འདི་ཉིད་ལ་འབྲས་བུ་བཏགས་རྒྱུ་མེད་ལ། འདི་ཉིད་ཉོ་ཚོང་ཆོག་པར་དུས་ཡུན་ཉུང་ཐའང་ལོ་༥་ནས་༦་བར་དགོས་པ་ཡིན། ཤིང་སྡུང་འདེབས་འཛུག་འདིའི་རིང་ལ་དུས་རྟག་ཏུ་ངལ་རྩོལ་གྱི་ཤུགས་ལས་མི་དགོས་ལ། ལས་མིའང་མང་པོ་གླ་མི་དགོས། འདི་ནི་ལོ་ངོ་ལྔ་དྲུག་རྗེས་དོ་བདག་སྒེར་ཞིག་ལ་ཁ་བབ་རག་པ་ལས་ཞིང་པ་དང་གླ་མི་སོགས་ལ་རྒྱུན་ལྡན་གྱི་ཁེ་བབ་ལྡན་པ་ཞིག་མིན། དེས་མ་ཟད་ལས་རིགས་འདིའི་རིགས་ཀྱིས་ལོ་ངོ་ལྔ་དྲུག་རིང་ཞིང་ལས་ཐོན་ཁུངས་མེད་པར་བཟོས་པ་མ་ཚད། སོ་ནམ་ཞིང་ས་དེ་ཉིད་ལོ་ངོ་ལྔ་དྲུག་རིང་ཐོན་ཁུངས་མེད་པ་དང། སོ་ནམ་ཞིང་ས་བེད་མེད་བཟོ་ཉེས་ཡོད། འདི་ནི་ལྷོད་གཡེང་གཏོང་འོས་པའི་གནད་དོན་ཞིག་མ་རེད་ལ། སྤྱི་དམངས་ལ་ཕན་འདོགས་ལྡན་པའི་གནད་དོན་ཞིག་ཀྱང་མ་རེད། རྒྱུ་མཚན་དེས་རྐྱེན་པས་རྒྱ་གར་ཡུལ་མི་ཚོས་ང་ཚོ་བོད་པ་ལ་དཀའ་ངལ་གསར་པ་ཞིག་བཟོ་མི་སྲིད་པ་མ་རེད་ལ། རྒྱུན་དུ་ནས་བོད་རྒྱ་ཡུལ་མི་རྣམས་ཀྱི་འགལ་ཟླ་དེའང་ཇེ་སྡུག་ཏུ་འགྲོ་མི་སྲིད་པ་ཞིག་མ་རེད་སྙམ། རྒྱ་གར་གཞུང་ནས་ང་ཚོའི་གཞིས་ཆགས་ཁག་ལ་ཤིང་ནགས་ཀྱིས་ཁེངས་བའི་ས་ཆ་ཞིག་སྤྲད་ནས་བོད་མི་ཚོ་གནས་སྡོད་བྱེད་དུ་འཇུག་ཡོད་ལ། ལོ་འདི་དག་གི་རིང་ང་ཚོའི་རྒན་རབས་ཚོས་དཀའ་ངལ་ཁྲི་སྟོང་ལ་ཁྱད་གསོད་ཀྱིས། སོ་ནམ་ཞིང་ས་དང་མཛེས་སྡུག་ཐོན་ཁུངས་ལྡན་པའི་ས་ཆ་ཞིག་ཏུ་སྒྱུར་ཐུབ་པ་དེ་མ་འོངས་པར་སླར་ཡང་ཤིང་ནགས་ཀྱི་ཁེངས་པའི་ས་ཆ་ཞིག་ཏུ་སྒྱུར་པར་རྒྱ་གར་གཞུང་དམངས་གཉིས་ནས་དམ་ལེན་བྱེད་དཀའ་པར་སོམ་ཉི་མེད་པར། ང་ཚོའི་གཞུང་དམངས་གཉིས་ནས་ངེས་པར་ཏུ་བསམ་བློ་གཏོང་དགོས་གལ་ཆེ་སྙམ།།
མི་སྲིད་པ་མིན་པའི་ཁྲིམས་ལུགས་པ་ལགས།
ཁྱོས་ང་ཚོ་ལ་དེ་འདྲའི་སྐྲག་རྩོང་ཐུབ་ཀི་མ་རེད་ལོ། ཁྲིམས་དང་ཁྲིམས་རྩོད་པ་ཡོད་སའི་རྒྱལ་ཁབ་ཞིག་ནས་དེ་ལྟར་སྐྲག་སྐྲག་འཇིགས་འཇིགས་ལ་འདུག་དགོས་བ་མ་རེད་ལོ། བོད་པ་ཚོས་རྒྱ་གར་འཕར་རྒྱས་ལ་ཕན་ཞིག་མ་བཏེགས་ན་གནོད་ཞིག་སྐྱེལ་ཡོད་པ་མ་རེད་ལོ། སྐྱབས་བཅོལ་ཞུ་ས་རྒྱ་གར་གཅིག་པོ་ལ་རེ་དགོས་པ་ཞིག་ཡང་མ་རེད་ལོ། བོད་རྒྱལ་ཁབ་ཕྱིར་ལ་མ་ཐོབ་བར་དུ་གནས་ཡོད་ན་འདུག་རྒྱུ་རེད་ལོ། གནས་མེད་ན་འཁྱམ་རྒྱུ་རེད་ལོ། སྤྱིར་རྒྱ་གར་འདི་མི་རིགས་དང་ཆོས་ལུགས་ཀྱི་དབྱེ་འབྱེད་ཆེན་པོ་ཡོད་ནིའི་རྒྱལ་ཁབ་ཞིག་མ་རེད་ལོ། ང་ཚོ་ལ་རྒྱ་གར་ནག་གཉིས་ཀྱི་ཁྲིམས་ཁ་ནས་ཐར་བའི་ཁྲིམས་རྩོད་ནི་ཞིག་མ་གཏོགས་ཁྲིམས་ཤེས་ནི་ནི་དེ་འདྲའི་གལ་ཆེན་པོ་ཞིག་མ་རེད་ལོ།
རྗེས་མར་བོད་པར་རོགས་པ་གནོངས་ཤོག་ལོ།
གནམ་གྱི་སྐད་ཆ་མགོ་མ་ཚོས་རེད། ཁྲིམས་ལུགས་ལ་ཁྱེད་རང་སློབ་སྦྱོང་བྱས་ཡོད་པས? བོད་པས་རྒྱ་གར་ལ་ཕན་ཐོགས་ཡོད་བཤད་ན་བགད་མོ་ཤོར་གྱི་རེད། ཕྱོགས་ཡོངས་རྫོགས་མཐོང་ནས་སྐད་ཆ་ཤོད་ལོ།