བོན་རྒྱ་བསྟན་འཛིན་རབ་རྒྱས།
བསམ་འཆར་འདི་ནི། མི་སྒེར་ཞིག་གི་བསམ་ཚུལ་ཡིན་པས་ཁྱེད་ཅག་འདྲོགས་དགོས་པའི་རྒྱུ་མཚན་མེད། ཡིན་ནའང་། བསམ་ཚུལ་འདི་དང་ལེན་བྱེད་མིན་ནི་ད་ལྟའི་དབུས་བོད་མིའི་སྒྲིག་འཛུགས་འདིས་གཞིས་བཞུགས་རྒྱ་ཆེ་མི་མང་གི་ངོ་ཚབ་མཚོན་ཐུབ་མིན་དང་། མཚོན་པ་ཞིག་བྱེད་པའི་འདུན་པ་ཡོད་མེད། བོད་ཀྱི་ལོ་རྒྱུས་ལ་འགན་ཁུར་མིན་བཅས་དང་འབྲེལ་བ་ཡོད།
ས་ཁུལ་སྤྱི་འཐུས་ཕྱིར་བསྡུ་དང་ལྷན་དུ་ཆོལ་ཁའི་སྤྱི་འཐུས་གྲངས་སྤར་གྱི་སྐད་ཆ་བཤད་ན་འུར་དང་པོར་རྒྱག་མཁན་ནི། ཆོལ་ནད་ཚབས་ཆེན་ཅན་དག་ཡིན་སྲིད། འོན་ཀྱང་། བསམ་གཞིག་ཞིབ་ནན་ཞིག་བཏང་བ་ཡིན་ན། ཆོལ་ཁ་ཞེས་པ་ནི་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་གནད་ཚིག་གལ་ཆེན་ཞིག་ཡིན། དང་པོ། བོད་གསུམ་བོད་ཅེས་སུ་གྲགས་ལ། དེ་དུས་མདོ་དབུས་གཙང་གསུམ་ལ་བོད་གསུམ་བོད་ཅེས་དབུས་དང་གཙང་གི་སྟེང་དུ་མདོ་སྟོད་སྨད་གཉིས་གཅིག་ཏུ་བགྲངས་ཀྱིན་ཡོད། འདི་ནི་ལོ་རྒྱུས་ཡིག་ཆར་གསལ་བ་ཞིག་ལས་བླུན་པོའི་ཚོགས་ལ་གྲགས་པ་ཞིག་མིན།
དེ་ཕྱིས་བོད་ཡུལ་ཕྱོགས་ཁག་གསུམ་མམ་ཆོལ་ཁ་གསུམ་དུ་གྲགས་པ་རེད། ཆོལ་ཁ་ཞེས་པ་ཕྱོགས་ཁའི་སྒྲ་གདངས་འགྱུར་ནས་ཆོལ་ཁར་གྱུར་པ་དང་སོག་སྐད་སོར་བཞག་ཡིན་མིན་ཡི་གེ་བའི་ཁྲོད་ཀྱི་རྩོད་པ་རྙིང་དྲི་ཁ་བ་ཞིག་ཡིན། འོན་ཏེ། དེ་ནི་ལོ་རྒྱུས་ཡིག་ཚགས་ཆགས་ཚར་བ་དང་། དེ་ནི་དམངས་མའི་ངག་ལ་བྱང་ཚར་བའི་ཐ་སྙད་ཅིག་རེད། ཐ་སྙད་འདི་བོད་ཀྱི་གཏམ་དཔེ་དང་ལེགས་བཤད། གླུ་གཞས་དང་བཤད་པ་ཚུན་ཆད་ཀྱི་ནང་དུ་སིམ་ཡོད་པ་མ་ཟད། གཞིས་བྱེས་གཉིས་སུ་བཀོལ་ཤུགས་ཀྱང་ཆེན་པོ་ཡིན་པས། འདི་བསུབ་འདོད་པ་ནི་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་བསུབ་པ་དང་གཅིག་མཚུངས་ཆགས་ཀྱི་ཡོད། ང་ཚོ་བཙན་བྱོལ་དུ་ཡོང་བའང་ལོ་རྒྱུས་ལ་འགན་ཁུར་བ་དང་ངོས་ལེན་པའི་ཕྱིར་ཡོང་བ་ལས་འགྱུར་བའི་རྗེས་སུ་ཞུགས་རྒྱུའི་ཆེད་མིན། འདི་ལྟར་ས་ཁུལ་་སྤྱི་འཐུས་ཀྱི་འགྱུར་བའི་རྗེས་སུ་རྒྱུག་ན་ནམ་ཞིག་ཞིང་ལྗོངས་ལྔའི་སྤྱི་འཐུས་ཟེར་བ་ཞིག་ཀྱང་ཡོང་མི་སྲིད་པ་མིན། ཡང་ན་འགྱུར་བ་ཆེན་པོ་བཏང་ནས་གྲོས་ཚོགས་གོང་འོག་གཉིས་སུ་དགར་ནས་གཅིག་ས་ཁུལ་སྤྱི་འཐུས་ཀྱིས་གྲུབ་པར་བྱས་ན། དེ་ཡང་འོས་པར་འདོད།
རྒྱུ་མཚན་དེའི་ཕྱིར་ན། བྱང་ཨ་རིའི་ས་ཁུལ་དང་ཡུ་རོབ་ས་ཁུལ་གྱི་སྤྱི་འཐུས་ཟེར་བ་དག་ནི་ལོ་རྒྱུས་ལ་འགན་ཁུར་བའི་་ཐོན་རྫས་སུ་གྱུར་མེད། དེ་ནི་འགྱུར་བའི་རྗེས་སུ་རྒྱུག་པའི་ཐོན་རྫས་ཙམ་དང་། བཙན་བྱོལ་བོད་མིའི་དགོས་འདུན་ཁོ་ན་ཙམ་ལ་དམིགས་པའི་ཐོན་རྫས་དང་དེའི་ཆ་རྐྱེན་དུ་བསྐོས་པ་ཙམ་ལས་གཞན་གང་ཡང་མིན། འདི་ལྟར་བཤད་ན་གོ་བ་གང་འདྲ་ཞིག་སྟེར་གྱི་འདུག་གམ དེ་བས་ན། ས་ཁུལ་གྱི་སྤྱི་འཐུས་ཟེར་བའི་ཐོན་རྫས་འདི་དག་ཕྱིར་བསྡུ་དང་ཆོལ་ཁའི་སྤྱི་འཐུས་བཅུ་ནས་ཉི་ཤུའི་བར་གྲངས་སྤར་བྱས་ཏེ། ཆོལ་ཁ་རེའི་ནང་བུད་མེད་གཉིས་རེ་ངེས་པར་ཡོང་དགོས་པ་ལྟར། བཅུ་རེ་རྒྱ་བལ་འབྲུག་གསུམ་དང་། བཅུ་རེ་ཕྱི་རྒྱལ་ཡུལ་གྲུ་ཁག དེ་ཡང་ས་ཁུལ་རེ་ཆ་བགོས་བྱས་ནས་མི་གཅིག་ལ་འོས་གཅིག་གི་ཐོབ་ཐང་ཡོད་པར་བྱས་ན་ད་གཟོད་དགེ་མཚན་གྱི་ཕྱོགས་སུ་གོམ་པ་སྤོས་པ་ཡིན། དགེ་མཚན་གཅིག་ནི་སྒྲིག་འཛུགས་འདིས་བོད་ཀྱི་སྒྲོམ་གཞི་ཞིག་རྩ་འཛིན་བྱས་པ། ལོ་རྒྱུས་ཤིག་ལ་འགན་ཁུར་བ། ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་མི་བཙན་བྱོལ་བ་རྣམས་ཀྱང་དཔྱ་ཁྲལ་ལག་དེབ་ཀྱི་དཔྱ་དངུལ་དང་ཞལ་འདེབས་བསྡུ་ཡུལ་ཙམ་མིན་པར་རྒྱ་བལ་འབྲུག་གསུམ་གྱི་བཙན་བྱོལ་བོད་མི་དང་ཐོབ་ཐང་གཅིག་པར་འགྱུར་བ་ཡིན། ད་གཟོད་ཚོར་བ་ཞིག་དང་འབྲེལ་ནས་ང་ཚོའི་སྒྲིག་འཛུགས་ལ་མིང་དོན་གཉིས་ལྡན་གྱི་ཞེན་པ་ཞིག་འབྱུང་བ་ཡིན།
འདས་སོང་གི་ཆོས་བརྒྱུད་སྤྱི་འཐུས་དང་ཆོལ་ཁའི་སྤྱི་འཐུས་ཀྱི་སྤུས་ཀ་ཞན་པ་ལ་གཞི་བྱས་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཞེས་པ་གོ་ཙམ་ནས་མགོ་ན་བ་དང་སུན་པའི་ཚོར་སྣང་ཞིག་ཡོང་གི་ཡོད་མོད། དེ་ནི་ཚོར་བ་རང་ལས་དགོས་གལ་དང་རྒྱུ་མཚན་མཐོང་བའི་ཤེས་རབ་ཅིག་མ་རེད་སྙམ། ང་མི་སྒེར་ལ་མཚོན་ན། སྤྱི་ལོ་ 2014 ལོ་ནས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་རྩོམ་ཡིག་སྔ་ཕྱིར་སྤེལ་ཏེ་འོང་བས། སྐད་སྒྲ་འདི་ཐོག་མར་སྤེལ་མཁན་ཡང་ང་ཡིན་སྲིད་མོད། དེའི་ཕྱོགས་སུ་བསམ་གཞིག་གི་ཁ་ཕྱོགས་ནང་དུ་བཀུག་ནས་ལོ་རྒྱུས་དང་དམིགས་ཡུལ་གྱི་དགོས་པ་རྒྱུ་མཚན་ལ་གཞི་བྱས་ན། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ནི་སྡོམ་ཐག་ཅིག་རེད་ལ་མཚོན་དོན་དང་ལོ་རྒྱུས་ཤིག་ཀྱང་རེད། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་རང་དབང་ཞིག་རྩོད་ན་ཆོལ་ཁའི་སྤྱི་འཐུས་འདི་སྡོམ་ཐག་རེད་ལ་མཚོན་དོན་དང་ལག་ལེན་ཡང་རེད། དེ་བཞིན་དུ་ཆོས་སྲིད་རིས་མེད་ཀྱི་སྲིད་བྱུས་དཀར་འཇམ་ཡུག་གཅིག་གིས་བོད་འབངས་སྐྱོང་ན་ཆོས་བརྒྱུད་སྤྱི་འཐུས་ཀྱང་དེ་བཞིན་སྡོམ་ཐག་གལ་ཆེན་ཞིག་རེད། མདོར་ན། ལོ་དྲུག་ཅུའི་ཡར་སྔོན་དུ་སྐྱབས་མགོན་ཡིད་བཞིན་ནོར་བུས་ཐུགས་རྗེས་དབྱིངས་དཔྱད་ཀྱིས་སྤྱི་འཐུས་ཀྱི་སྒྲོམ་གཞི་འདི་ལྟར་བསླངས་པ་ལ་དགོས་པ་རྒྱུ་མཚན་འདི་འདྲ་རེད་ཨང་སྙམ་པའི་ངེས་ཤེས་ཤིག་སྐྱེས་སོང་།
བསམ་ཚུལ་འདི་བསམ་དཀར་གྱིས་བསླངས་པ་གཞིར་བཞག་པའི་སྟེང་དུ་ཤེས་རབ་ཀྱི་དཔྱད་པའང་སོང་ཡོད་པས། དགོས་མེད་ཀྱི་སྐད་སྒྲ་དག་ལ་ཡ་ལན་བྱེད་རྩིས་མེད་ཀྱང་གནས་ལུགས་མཉམ་གླེང་དང་ཆ་བགོ་ལ་ཤིན་ཏུ་འཐད་དོ་ཅེས་མངགས་འདོད་སོང་ངོ་།།
ས་ཁུལ་སྤྱི་འཐུས་ཕྱིར་བསྡུས་ཀྱང་། །
བསླེབས་ས་སྔར་ལྟར་ཆོལ་ཆོས་གཉིས། །
སྤྱི་འཐུས་འདེམས་སྟངས་མ་ཤེས་ན། །
ཕྱིར་བསྡུ་བྱས་པའི་ཅི་ལ་ཕན། །
ཡུ་རོབ་དང་། ལྷོ་བྱང་ཨ་རི། ཨོ་གླིང་སོགས་ཀྱི་སྤྱི་འཐུས་ནང་ནས། ཡུ་རོབ་སྤྱི་ཟུར་རྒན་དབང་ཆེན་མ་གཏོགས་གཞན་པ་དེ་ཚོ་ལོ་ལྔའི་ནང་ལ་ལས་འགུལ་གཅིག་ཀྱང་སྤེལ་བ་་མཐོང་མ་སོང་། དེ་བཞིན་གྲོས་ཚོགས་འཚོགས་སྐབས་བོད་དང་བོད་མིར་སྨན་པའི་གཏམ་བཤད་བགྲོ་གླེང་ཡག་པོ་བཤད་པ་ཡང་མཐོང་མ་བྱུང་། དུས་ཚོད་འཕྲོ་ལྷག་རང་རེད།
བོན་རྒྱ་བསྟན་འཛིན་རབས་རྒྱས་ལགས་ཀྱི་ས་ཁུལ་སྤྱི་འཐུས་ཕྱིར་བསྡུ་དང་ལྷན་དུ་ཆོལ་ཁའི་སྤྱི་འཐུས་གྲངས་སྤར་སོགས་དགོངས་ཚུལ་ནང་ནས་ས་ཁུལ་སྤྱི་འཐུས་ཕྱིར་བསྡུ་དང་ཆོལ་ཁའི་སྤྱི་འཐུས་སྤར་རྒྱུའི་གནད་དོན་གཉིས་ཐོག་མོས་མཐུན་མེད་ལ་རྒྱ་ཆེ་མི་མང་ངོས་ནས་ཀྱང་དེ་ལྟར་ཡིན་སྲིད། དེ་ཡང་ཆོལ་སྤྱི་རྣམས་སྤྱི་དོན་དུ་བསམ་ཞིབ་བཞག་ནས་ཆོལ་ཁའི་འཐེན་ཁྱེར་ལ་འཁྱོགས་པའི་ཉམས་མྱོང་ལ་ལོ་མང་རིང་སྐད་རྒྱབ་ཀྱང་ཐབས་ལམ་འཚོལ་ཐུབ་མེད། རྐྱེན་ངན་གྲོགས་ཆགས་ལྟ་བུར་བོད་མི་གྲངས་མང་ཞིག་རྒྱ་བལ་འབྲུག་གསུམ་ལས་ཕྱི་ཡུལ་དུ་གནས་སྤོ་བྱུང་བའི་རྐྱེན་ལས་ས་ཁུལ་སྤྱི་འཐུས་བསྐོ་དགོས་གལ་བྱུང་། ས་ཁུལ་སྤྱི་འཐུས་རྣམ་པ་ཆོལ་ཁ་ཆོས་ལུགས་མེད་པའི་བོད་མི་སྤྱི་བའི་མི་ངོ་དངོས་མཚོན་དེ་ཡིན་དགོས། གལ་སྲིད་ཁོངས་རྣམ་པའི་བོད་སྤྱི་བའི་ངོ་བོ་དེ་མིང་དོན་གཉིས་མཚོན་ཐུབ་པའི་ཕྱག་ལས་གནང་གི་ཡོད་ད་གྲངས་སྤར་དགོས་པ་ལས་ཕྱིར་བསྡུ་ཡོང་མི་དགོས་པ་ཡིན་སྙམས།
ཆོལ་གསུམ་སྤྱི་འཐུས་དང་ས་ཁུལ་སྤྱི་འཐུས་གཉིས་གྲོས་ཚོགས་གོང་འོག་ལྟ་བུ་འབྱུང་ཐབས་དགོངས་ཚུལ་ལ་བསམ་ཞི་བྱ་རྒྱུ་འདུག་ཀྱང་གནས་དོན་ཐད་ཉམས་ཞིབ་ཀྱིས་འཆར་སྣང་འགོད་དགོས་འདུག
ཆོས་འཐུས་རྣམ་པས་མི་ངོ་སོ་སོའི་ཆོལ་ཁའི་ཕྱོགས་སུ་ཉེ་གནས་ལས་སྤྱི་དོན་དུ་འབད་པའི་ལོ་རྒྱུས་ཆེར་སྐྱོ་སྟབས་བསྒྱུར་བཅོས་དགོས་པའི་དགོས་འདུན་མང་པོ་བྱུང་ཀྱང་གོང་ཞུས་ལྟར་ཐབས་ལམ་ཐོན་མེད་། སླར་རྐྱེན་ངན་གྲོགས་ཆགས་ལས་བོད་མི་ངོ་མ་ཡིན་པའི་ཆོས་འཛིན་པ་སེར་མོ་བའི་གྲངས་ཇི་ཉུང་ཇི་ཉུང་དུ་འགྲོ་བས་ནམ་ཞིག་རང་བཞིན་གྱི་བསྒྱུར་བཅོས་ཤིག་འོང་ངེས་ལགས་ཀྱང་དེ་ནི་ཆེར་ཡིད་སྨོན་ནམ་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྒྱུར་བཅོས་སུ་ངོས་འཛིན་ཞུ་དཀའ་འོ།།