བསྟན་འཛིན་བསོད་ནམས་ཀྱིས་བརྩམས། རྡོ་བྷས་བོད་བསྒྱུར་བྱས།
ངས་དྲན་ཚད་ལ་ངས་སོ་སོའི་ཁྱིམ་ཅེས་འབོད་བའི་ས་ཆ་དག་ནི་ངའི་ཁྱིམ་དངོས་མ་དེ་མིན་ལ། ང་སྐྱེས་ས་དང་ཆུང་བྱིས་པའི་དུས་ཚོད་སྐྱེལ་སའི་རྡོ་རྗེ་གླིང་དུ་ཡང་གནས་སྐབས་ཀྱི་ཚོར་བ་ཞིག་གམ་ཡང་ན་དུས་ཀུན་ཏུ་ང་ཚོའི་དངོས་ཁྱིམ་དེ་གངས་ཅན་ལྗོངས་ཀིའི་རི་རྒྱུད་ཀྱི་གྲིབ་གཟུགས་འོག་གི་ང་ཚོ་གནས་སྡོད་བྱེད་སའི་ཕ་རོལ་གྱི་བོད་ལ་ཆགས་ཡོད་པར་བརྗོད་ཀྱི་ཡོད། བོད་ལ་ཕར་འགྲོ་ཚུར་ཡོང་བྱེད་མཁན་བྲོས་བྱོལ་བ་གཉེན་ཉེ་དང་། ངོ་ཤེས་དེ་དག་གིས་ངའི་ཕ་མས་ཀྱང་ཁོང་ཚོ་བཞིན་རང་ཁྱིམ་དང་ནང་མི་ཤུལ་དུ་བཞག་ནས་ཧི་མ་ལ་ཡའི་འགྲུལ་བཞུད་འདི་བརྒྱུད་པ་རྟོགས་པར་བཅུག་སོང་། ང་ཚོས་སྐྱབས་བཅོལ་གྱི་འགོ་སྟོད་དེ་བརྒལ་ཐུབ་པ་ནི་ད་ལོ་མིན་ན་ལོ་རྗེས་མ་བོད་ལ་ལོག་ཐུབ་ཀྱི་རེད་ཅེས་བའི་དོག་འདྲི་མེད་པའི་ངེས་གཏན་དེ་རེད། ངའི་ཨ་ཕ་ནི་དམིགས་བསལ་གྱིས་འདི་ལ་ཡིད་ཆེས་བརྟན་པོ་བྱེད་མཁན་ཞིག་ཡིན་པས་ཁོང་ཕྱི་ལོ་༡༩༩༩ ལོར་ལྡི་ལིར་སྨན་ཁང་ཞིག་དུ་ཚེ་ལས་མ་འདས་པར་དུ་རེ་བ་དེ་ཡིད་ལ་བཅངས་ཡོད་པ་རེད།
ང་རང་ལོ་དགུའི་སྟེང་ཡེ་ཤུའི་གཏན་སྡོད་སློབ་གྲྭ་ཞིག་ལ་སོང་པ་ཡིན། ཉིན་ཞིག་རྒྱ་གར་བ་འཛིན་གྲོགས་ཞིག་དང་མཉམ་དུ་ཁ་རྩོད་བྱེད་བཞིནཔའི་སྐབས་ལ། ཁོས་མཐོང་ཆུང་གིས་ང་ལ་ “སྐྱབས་བཅོལ་བ” ་ཅེས་བོས་དུས་ང་ནི་ཧང་སང་ནས་ཁ་ཡང་གྲག་རྒྱུ་མེད་པར་བྱུང་སོང་། ཚིག་དེ་ནི་དམའ་འབབ་ཀྱི་གོ་དོན་ཀྱི་ཁེངས་འདུག འདི་དང་ང་ལ་རྒྱལ་ཁབ་མེད་པའི་གནས་བབ་བེད་སྤྱོད་ཀྱིས་མིང་ཆད་བཟོས་པའི་དོན་རྐྱེན་དེ་དག་གིས་ཕལ་ཆེར་ངས་ཆེད་དུ་མ་བྱས་རུང་རང་བཞིན་ཀྱིས་སོ་སོའི་ངོ་གདོང་དང་རྒྱང་ཐག་རིང་དུ་བཏང་སོང་། ང་ལྡི་ལི་ན་སློབ་གྲྭ་ཆེན་མོ་འདོན་སྐབས་ཀྱི་གྲོགས་པོ་ཚང་མ་རྒྱ་གར་པ་ཏག་ཏག་ཡིན་ལ། ང་བོད་དང་འབྲེལ་བ་རྩ་བ་ནས་མེད་པས་ང་ཚོས་བསྐྲུན་པའི་རྟོག་འཆར་དེའི་ནང་སྐྱིད་པོ་དང་བརྟན་པོ་ཡིན།
ཡིན་ནའང་ང་ནམ་ཡང་བྲོས་ཐུབ་མེད་པའི་དངོས་ཡོད་དེ་ནི་ངའི་གྲོགས་པོ་ཚོའི་ཁྱིམ་ནི་ངའི་ཁྱིམ་དང་མི་འདྲ་པར་ཁོང་ཚོར་ངས་ནམ་ཡང་ཚོར་མྱོངས་མེད་པ་ཞིག་སྟེ་གཏན་གནས་སམ་རྒྱུན་ཆད་མེད་པའི་ཚོར་བ་དེ་རེད། སྐབས་དེ་དུས་ངའི་ཨ་ཕས་བལ་ཡུལ་ནུབ་ཕྱོགས་སུ་བཙན་རྒོལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་མཁན་གྱི་མགོ་ཁྲིད་ཉེས་མིང་འོག་ཀ་ཐུ་མན་ཀྲུའི་བཙོན་ཁང་ཞིག་ཏུ་ཚེ་བཙོན་དུ་བཅུག་ཡོད། “ཁོང་ལ་བཙོན་འཇུག་ལོ་བདུན་གྱི་རྗེས་སུ་བལ་ཡུལ་རྒྱལ་པོའི་ཉེས་ཡངས་ཐོབ་ཡོད།” ང་ཁོང་ལ་ཐུག་འཕྲད་ལ་སོང་ཐེངས་རེར་ང་ལ་ང་ཚོའི་འཚོ་གནས་ཀྱི་བདེན་པ་རྩུབ་མོ་སྟེ་ང་ཚོ་ལ་ནང་ཁྱིམ་མེད་པ་དང་། དེ་ཡང་འདམ་ཀ་ཞིག་མིན་པར་ང་ཚོའི་ཕ་ཡུལ་ནི་བཙན་འོག་ན་ཡོད་པ་དང་། ང་ཚོའི་སྐྱབས་བཅོལ་ནང་གི་འཚོ་བ་ནི་གནས་སྟངས་དེ་བསྐྱར་བཅོས་ཀྱི་འཐབ་རྩོད་ཞིག་ཡིན་པ་དྲན་སྐུལ་བྱས་མྱོང་།
སློབ་ཆེན་མཐར་ཕྱིན་རྗེས་ངས་རྡ་རམ་ས་ལར་ཡོད་པའི་བཙན་བྱོལ་གཞུང་ལ་ལོ་གཅིག་གི་རིང་ལས་ཀ་བྱས་ཏེ་ལོ་མང་པོ་ཞིག་གི་རྗེས་སུ་ངས་སོ་སོའི་མི་རིགས་དང་སླར་ཡང་འབྲེལ་ལམ་བཙུགས་པ་ཡིན།
འདི་ནང་ལ་སླེབས་པ་ལྟ་བུ་ཞིག་བྱུང་། བོད་མིས་ཡོངས་སུ་གྲུབ་པའི་སྤྱི་ཚོགས་ཞིག་གི་ནང་ཐིམ་ནས་དེའི་ཆབ་སྲིད་དང་སླར་ཡང་མཐུད་ནས་ཕ་སྐད་ཉིན་ལྟར་བཤད་པས་ངའི་སོ་སོའི་ངོ་གདོང་དེ་སླར་ཡང་གསར་གསོ་བྱས་སོང་། ཡིན་ནའང་སྲ་ཞིང་ཞིབ་པའི་འཇིག་རྟེན་དེའི་ངོ་བོ་ལ་ལྟོས་པར་ངས་དེའི་ལྷན་སྐྱེས་ཀྱི་རྩ་བ་མེད་པའི་ངོ་བོ་དེ་དང་ཁ་གྱར་བའི་གནས་བབ་དེ་ཡང་རྟོགས་སོང་། རྒྱ་གར་ནང་ང་ཚོ་ནི་ཐག་ཉེ་གྱི་ཁོར་ཡུག་དང་རྩ་བ་ནས་འབྲེལ་བ་མེད་པའི་འཕྲེད་ཐིག་གི་འཇིག་རྟེན་ཞིག་གི་ནང་བསྡད་འདུག་པས་བཙན་འོག་གི་ང་ཚོའི་ཕ་ཡུལ་ལ་དེ་བས་ཀྱང་འབྲེལ་བ་མི་འདུག བཙན་བྱོལ་པ་ཚོར་མཚོན་ན་ཁྱིམ་ཞེས་པ་ནི་ལོ་རེར་བཞིན་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་པའི་ལྷ་སྒྲུང་ལྟ་བུ་ཞིག་དུ་གྱུར། རྒྱལ་ཁབ་མེད་པའི་གནས་བབ་དེ་དང་ནང་མེད་པ་དེ་ང་ཚོའི་དངོས་ཡོད་ཆགས་ཡོད།
ངས་གོ་རྟོགས་གསར་པ་འདི་ལ་འཐམ་ནས་རང་ཉིད་འཛམ་གླིང་འདིའི་མི་ཞིག་ཡིན་པས་རྟགས་རྒྱག་རྒྱུའི་ཚོད་ལྟ་བྱས་མོད། ང་ནི་གང་ལ་ཡང་མ་གཏོགས། དེ་ཡིན་དུས་ང་ཐམས་ཅད་ལ་གཏོགས་པར་གྱུར། ང་ངའི་བཙན་བྱོལ་ཀྱི་དྲི་མ་ཡོད་པའི་རྩོམ་ཡིག་གི་དཔའ་པོ་འཇེ་ཁུ་ཁུའུ་རོ་བ་ཁུ་ (Jack Kerouac) དང་པྰ་པི་ལོ་ནེའེ་རོ་དྰ (Pablo Neruda) གཉིས་ཀྱིས་སེམས་ཤིག་འཕར་ཏེ་རྒྱ་གར་དང་ཁ་བྲལ་ནས་ལོ་ངོ་ཉི་ཤུའི་རིང་རྒྱལ་ཁབ་མང་པོ་ཞིག་གི་ནང་འགྲུལ་བཞུད་དང་སློབ་གཉེར་གནས་བསྡོད་བྱས་པ་དང་ངའི་རྟོག་འཆར་སེམས་ཕྱོགས་དང་མཐུན་པའི་གྲོགས་མང་བསྒྲིགས་པ་ཡིན། ང་ལོན་གྲོན་ནས་ངའི་ཟླ་གྲོགས་དང་མཉམ་དུ་ལོ་དགུའི་རིང་གནས་བསྡོད་བྱས་པ་ཡིན། དེ་ནི་ངའི་བྱིས་པའི་དུས་ཚོད་ནས་བརྩིས་པའི་ས་ཆ་གཅིག་གི་ནང་བསྡད་པའི་དུས་ཡིན་རིང་ཤོས་ཡིན། ཡུལ་གྱུར་བའི་མི་ཚེ་དང་དེས་ཚུར་འདུས་བའི་ལྟ་བ་གཅིག་པའི་མིའི་བརྒྱུད་ལམ་ནི་ཡིད་ཚིམ་པ་ཞིག་རེད་མོད། ངས་གསལ་པོ་ཤེས་པ་ནི་འགྲིལ་བཞུད་དིའི་ཐོག་གི་གྲོགས་པོ་ཚོ་མང་ཆེ་བ་ནི་ཡར་ཐོན་རྒྱལ་ཁབ་ནང་གི་ལྟ་གྲུབ་བམ་ཡང་ན་བསམ་བློའི་སྐྱབས་བཅོལ་པ་རེད་འདུག ང་དང་མ་འདྲ་བར་སོ་སོས་ངོས་ལེན་བྱས་མིན་ལ་མ་ལྟས་པར་ཁོང་ཚོར་སོ་སོར་ཆགས་སའི་རྒྱལ་ཁབ་ཞིག་དང་སོ་སོའི་ཁྱིམ་ཞིག་འདུག
༡༩༩༥ ལོར་བོད་ལ་ཡུལ་སྐོར་འགྲོ་སྐབས་ང་ལ་ཐོག་དང་པོ་སོ་སོའི་གཉེན་ཉེ་ཚོ་དང་ཐུགས་པ་དེ་ནི་མི་ཚེ་འགྱུར་ལྡོག་གི་ཉམ་མྱོང་ཞིག་རེད། དེ་དུས་གཞི་ནས་ངས་ལོ་མང་རིང་མྱོང་བའི་འཆར་སྣང་གི་རང་ཁྱིམ་གོ་དོན་ལ་འབྲེལ་ཆགས་ཐུབ་སོང་། དངོས་ཡོད་ནི་སྡུག་རྩུབ་དང་ཧ་ལས་དགོས་པ་ཞིག་རེད། ལོ་ངོ་བཞི་བཅུ་རིང་གི་བཙན་བཟུང་དང་མི་སེར་སྤེལ་ཡུལ་གྱིས་རྒྱལ་ཁབ་གྱི་སྒྲོམ་གཞི་ལ་འགྱུར་ལྡོག་བཏང་འདུག རྒྱ་ནག་གི་སྲིད་ཇུས་འོག་དང་ང་ཚོའི་རྟོགས་བཟོ་འཆར་སྣང་གི་བོད་དེ་འཛམ་གླིང་གི་ངོས་ནས་རྩ་མེད་བཏང་འདུག རྒྱ་གར་ནང་སྐྱེས་ནས་འཚར་ལོངས་བྱུང་བའི་ང་ཚོ་བོད་ལ་རང་དབང་ཐོབ་ན་ཡང་དེ་འཚོ་གནས་བྱེད་ཐུབ་བམ། སྐབས་དེ་དུས་ང་ལ་མཚོ་ན་འདི་ཡིད་དུ་འཆར་དཀའ་ཞིག་ཆགས་སོང་། ཕལ་ཆེར་ལོ་ཉི་ཤུའི་རྗེས་ཀྱི་དེ་རིང་བོད་ནང་གི་གནས་སྟངས་ཇེ་ཞེན་དུ་སོང་ཡོད་ལ་བཙན་བྱོལ་དང་ཕ་ཡུལ་གཉིས་ཀྱི་བར་ཐག་ཡང་ཇེ་རིང་དུ་སོང་ཡོད། དེ་ཡིན་དུས་ས་དེར་གནས་རྒྱུ་ནི་དེ་ལས་ཀྱང་བྱུང་མི་སྲིད་པར་འགྱུར་ཡོད།
རེའེ་ཏུའུ་ (Ritu) དང་ངེད་གཉིས་ ༢༠༠༦ ་ལོར་ལོ་གཞོན་བུ་ཕྲུག་ཚོ་དང་ལྷན་དུ་རྒྱ་གར་ལ་ལོགས་ནས་རྡ་རམ་ས་ལར་རྩ་བ་བཙུགས་པ་ཡིན། བཙན་བྱོས་ནང་སྐྱེས་པའི་མི་རབས་གསར་བ་ཚོར་མཚོན་ན་ཁྱིམ་གྱི་གོ་དོན་ལ་འགྱུར་བ་ཏན་ཏན་ཐེབས་སྲིད་པ་རེད། ང་ཚོའི་བུ་ཕྲུག་ཚོར་མཚོན་ན་རྡ་རམ་ས་ལ་ནི་ཁྱིམ་གྱི་གོ་དོན་ན་ཐག་ཉེ་ཤོས་དེ་ཆགས་ཀྱི་རེད། ཡིན་ནའང་ང་དང་ཡང་ན་ངའི་མི་རབས། དེ་ལས་ཐག་རིང་པ་ཚོར་མཚོན་ན་བོད་ལ་ལོག་འདོད་མེད་པའི་དམིགས་ཡུལ་དེ་སྔོན་མ་བཞིན་སྲ་མཁྲེགས་ཡིན། བོད་ནི་ང་ལ་མཚོན་ན་ངས་ཕ་མའི་རྒྱ་གར་འདི་གཞན་ཡུལ་ཞིག་ཏུ་མཐོང་བ་བཞིན་རྒྱུས་མེད་ཞིག་ཆགས་ཡོད། བོད་ནི་ཆོས་དང་རིག་གཞུང་གི་སྐྱབས་གནས་ཞིག་དང་ངའི་འདས་པར་འབྲེལ་བའི་ཡུལ་ལྗོངས་ས་གནས་ཞིག་ཡིན་པས་ངས་བརྣབ་སེམས་སྐྱེས་ས་ཞིག་གོ
འབྲེལ་ཡོད་དྲ་ཚིགས།
1. འཇེ་ཁུ་ཁུའུ་རོ་བ་ཁུའི་ལོ་རྒྱུས་མདོར་བསྡུས། http://www.youtube.com/watch?v=18pitXOwl0g ཡང་ན་འདི་ལ་གཟིགས། http://en.wikipedia.org/wiki/Jack_Kerouac
2. པཱ་པི་ལོ་ནེའེ་རོ་དཱའི་མི་ཚེའི་ལོ་རྒྱུས་སྐོར། http://en.wikipedia.org/wiki/Pablo_Neruda
3. མ་རྩོམ། http://m.indianexpress.com/news/not-on-any-map/1190442/
ང་ཚོ་ཡུལ་གྱར་བ་ཚོ་ནང་ཟེར་བའི་རང་ཁྱིམ་དངོས་མ་ཞིག་མེད་པ་གསལ་བོར་ཤེས་བའི་གཞི་ཆགས་ཧ་ཅང་ཉུང་བས། འདིར་བོད་བསྒྱུར་གནང་བ་བཀའ་དྲིན་ཆེ།