གནས་ཚུལ་གཏོང་མཁན། ངག་དབང་ནོར་བུ།
བོད་རྒྱལ་ལོ་༢༠༤༣ ས་ག་ཟླ་བ་༤ ཚེས་༨ དང་། ཕྱི་ལོ་༢༠༡༦ ཟླ་བ་༥ ཚེས་༡༤ རེ་གཟའ་སྤེན་པའི་ཉིན་འདི་ག་བྱང་ཨ་རིའི་མངའ་སྡེ་མེ་སེ་ཅུ་སེཊ་(Massachusetts) གྱི་རྒྱལ་ས་བྷོ་སྭ་ཊོན་(Boston)གྱི་ཁུངས་གཏོགས་ས་གནས་མེཌ་ཕོཌ་(Medford)དུ་བོད་བརྒྱུད་ནང་པའི་ཆོས་ཚོགས་ཀུ་རུ་ཀུ་ལའི་དགེ་བཤེས་ངག་དབང་འཕྲིན་ལས་མཆོག་གིས་གོ་སྒྲིག་འོག་ཉིན་རྒྱབ་ཆུ་ཚོད་༢ པ་ནས་དགོང་དྲོ་ཆུ་ཚོད་༥ བར་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཁྱད་འཕགས་ཅན་དེ་བཞིན་སྲུང་བརྩི་གནང་སོང་བ་དེ་ཐེངས་གསུམ་པ་ཆགས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གྱི་གཙོ་བོ་ས་གནས་མེཌ་ཕོཌ་གྱི་གྲོང་སྡེའི་དཔོན་པོ་(Medford Mayor) ལྕམ་སྐུ་སཊེ་ཕེནི་ ཨེམ་ འབུར་ཀེ་(Stephanie M. Burke) དང་འཛམ་གླིང་ནང་གི་ཆོས་ལུགས་འདྲ་མིན་ཡི་ཤུ། འཇུ་ཝིཤི། ཧིན་འདུ། ཁ་ཆེ་དང་སིཁ་ལ་སོགས་པའི་བླ་ཆེན་རྣམ་པ་དང་ནང་པ་སངས་རྒྱས་པའི་ཐེག་པ་ཆེ་ཆུང་གི་བླ་ཆེན་རྣམ་པ་བཅས་གདན་ཞུས་ཐོག་ཐོག་མར་བོད་ལུགས་ལྟར་རྟེན་འབྲེལ་གྱི་མང་ཚོགས་ལ་གསོལ་ཇ་འབྲས་སིལ་གཏོང་གནང་མཛད།
དེ་རྗེས་ཀུ་རུ་ཀུ་ལ་ཆོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཤོན་(Sean Gonzalez) མཆོག་ནས་དུས་ཆེན་ངོ་སྤྲོད་དང་སྐུ་མགྲོན་རྣམ་པའི་ཕེབས་བསུས་བཀའ་སློབ་གསུང་བཤད། ས་གནས་བྷོ་སྭ་ཊོན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་ཞབས་ཚང་ནས་གསུང་བཤད་གནང་རྗེས་ས་གནས་གྲོང་སྡེའི་དཔོན་པོ་(Mayor) མཆོག་ནས་ཀྱང་བཀའ་སློབ་གསུང་བཤད་གནང་། དེ་རྗེས་བླ་ཆེན་རྣམ་པ་ཚོས་རང་རང་གི་ཆོས་ལུགས་ལྟར་ཞལ་གདོན་སྨོན་ལམ་གསུངས་གནང་མཛད་སོང་། དེ་རྗེས་བོད་གཞུང་ཟློས་གར་ཟུར་པ་རྣམས་ནས་བོད་ཀྱི་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་གནང་སོང་བ་དང་།
མཐའ་དོན་དུ་དགེ་བཤེས་ངག་དབང་འཕྲིན་ལས་མཆོག་ནས་ཆེད་ཕེབས་སྐུ་མགྲོན་རྣམ་པ་དང་ལས་དོན་འདིའི་ཆེད་མཐུན་འགྱུར་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་དགྱེས་པའི་ངང་གྲོལ་སོང་། ལས་འགུལ་འདི་རིགས་ནི་གཙོ་བོ་༧གོང་ས་མཆོག་གི་དགོངས་པ་གཞི་བཟུང་འཛམ་གླིང་ཆོས་ལུགས་འདྲ་མིན་ཕན་ཚུན་མཐུན་ལམ་ཡོང་ཆེད་དང་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་རྒྱུའི་རེ་བ་བཅངས་པ་ནི་ཕྱི་རྒྱལ་ཡུལ་གྲུ་གང་སར་ཡོད་པའི་བོད་བརྒྱུད་ནང་པའི་ཆོས་ཚོགས་རྣམས་ལ་མིག་དཔེ་བཟང་པོ་ཞིག་འཇོག་གནང་མཛད་པར་ངོས་འཛིན་ཞུ་འོས།
༅༅། ཆོས་དང་ཆོལ་ཁའི་འགལ་འདུ་མི་གླེང་ཞིང།། རིགས་དང་བདེན་པའིསྲོག་རྩ་མི་འདོར་བར།།
ཁ་བའི་བསྟན་སྲིད་རྒུད་པ་སླར་གསོ་ཆེད།། མགོན་པོའི་བཀའ་བཞིན་མཛད་པ་འདིར་བསྟོད་དོ།།