ལོག་སྨྲ་ཚར་གཅོད།
ཟླ་བ་འདིའི་ནང་དགེ་སྦྱོར་བྱེད་ན་རླབས་ཆེ་བ་རེད་ཟེར་ནས་བོད་བརྒྱུད་ནང་པ་བ་ཚང་མས་ཞོགས་པ་སྔ་མོ་ནས་ཕྱག་འཚལ་བསྐོར་བསྐྱོད་ཀྱིས་འུར་ཟིང་ཞིག་ལངས་ཏེ་བན་རྒན་ལེ་ལོ་ཅན་ང་རང་གཉིད་ཀྱང་ཡག་པོ་ཞིག་ཉལ་མི་འཇུག་གི །ང་ནི་ལེ་ལོ་དང་གཉིད་ཉལ་རྒྱུར་དགའ་བས་ཕྱག་འཚལ་བསྐོར་བསྐྱོད་གཅིག་ཀྱང་བྱས་ཐུབ་མ་སོང་ལ་དེ་ཚོར་གལ་ཆེན་པོ་ཞིག་ཀྱང་མཐོང་མ་སོང་། ཅིའིཕྱིར་ཞེ་ན། ནང་ཆོས་ཀྱི་ཐོབ་བྱ་ཕུན་སུམ་ཚོགས་པ་ཐར་པ་དང་ཐམས་ཅད་མཁྱེན་པ། དེ་བཞིན་སྐུ་གསུམ་མམ་སྐུ་བཞི་དེ་ཚོ་ཕྱག་དང་བསྐོར་བ་རྡོག་རེ་དང་མ་ཎི་གྲངས་གསོག་མཆོད་མེ་རྐང་རེ་གཉིས་ཀྱིས་བསྒྲུབ་ལུགས་ཤིག་རྩ་ནས་མེད།
དེ་དག་ནི་རིགས་པའི་གྲུབ་ལུགས་ཤིག་དང་མྱོང་བས་གྲུབ་ལུགས་གཉིས་ཙམ་ཡོད་སྐད་ལ་དོན་དངོས་ཡིན་མིན་ང་ཚོས་མྱོང་བས་མ་གྲུབ་བར་དུ་སྒུག་དགོས་ན་དེ་ནི་བསྐལ་པ་གྲངས་མེད་བཤད་ཡོང་དུས་རེ་ཐག་ཆོད་པ་ཞིག་རེད་འདུག ཡང་ན་མི་གཞན་སུ་འདྲ་ཞིག་གིས་མྱོང་བས་གྲུབ་ཡོད་མེད་ནི་ང་ཚོར་དེ་བས་ཤིན་ཏུ་ལྐོག་གྱུར་ཡིན་པས་ཨ་རེ་བྲལ་སོང་བ་ཞིག་རེད།
ད་ང་ཚོས་རིགས་པས་གྲུབ་དགོས་ན་རིགས་པ་ནི་དབུ་ཚད་ཀྱི་སྐབས་ནས་བྱུང་བའི་ཚེ་སྔ་ཕྱི་དང་ཐར་པའམ་ཐམས་ཅད་མཁྱེན་པ་བསྒྲུབ་པའི་རིགས་པ་དང་རྣལ་འབྱོར་མངོན་སུམ་བསྒྲུབ་པའི་རིགས་པ་འདི་ཚོ་ལ་བསམ་བློ་ཇི་ཙམ་བཏང་ཡང་སེམས་གསལ་རིག་གི་སྟེང་ནས་བསྒྲུབ་དགོས་པ་ཤ་སྟག་ཡིན་པས་རིགས་པ་དེ་དག་ནི་སྐབས་དེ་དུས་ཀྱི་གནའ་བོའི་ཕུལ་བྱུང་གི་རིག་གནས་ཙམ་ལས། དོན་ངོ་མར་སེམས་གསལ་རིག་ཟེར་བ་ནང་པས་བཤད་པ་ནང་བཞིན་མེད་པ་ནི་རྡུལ་ཕྲ་རབ་ཀྱི་གཏིང་དཔོག་སྟེ་ཕྲ་རབ་རྡུལ་གྱི་བྱེད་ལས་ལ་ཁབ་ལེན་ར་བའི་གློག་ཁུལ་གྱི་ནུས་པ་རྫས་འགྱུར་འཕྲད་སྟོབས་ཀྱིས་ཀླད་པར་ཚོར་ཤེས་རང་འགུལ་མ་ལག་ཅིག་བསྐྲུན་ཐུབ་ཀྱི་ཡོད་པ་དེས་གློག་བརྡ་དང་རྫས་བརྡ་མ་ལག་བརྒྱུད་ནས་ཤེས་རྟོགས་ཀྱི་ནུས་པ་ཆ་ཚང་འདོན་པ་གསལ་པོར་ཆགས་ཡོང་དུས། སྔོན་གྱི་རིགས་པ་དེ་དག་ནི་ད་ལྟའི་དུས་རབས་དང་མཐུན་པའི་དཔྱོད་པ་ཚད་ལྡན་དང་དོན་དངོས་ཇི་བཞིན་གསལ་པོར་འདོན་ཐུབ་པའི་ཆ་འཇོག་ཡིད་རྟོན་འཕེལ་བའི་གནད་དོན་ཞིག་མེད་པ་འདྲ་པོ་ཆགས་ཟིན་པས། ནང་ཆོས་ཀྱི་མོས་ངོའི་ཐོབ་བྱ་རྫིག་པོ་དེ་ཚོ་ནི་རྨི་ལམ་གྱི་ཞིང་ཁམས་བཞིན་མོས་ངོ་རང་ཙམ་ལ་བཞག་སྟེ་ཡིད་ཆེས་བྱ་རྒྱུ་ཙམ་རེད་མི་འདུག་གམ།
ཕྱིས་འབྱུང་རྣམས་སུ་ནང་པས་འདུ་བྱེད་ཐམས་ཅད་མི་རྟག་པ་ཡིན་གསུངས་པ་དང་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་གསུངས་པ་གཉིས་ལ་སུས་ཀྱང་དུས་ནམ་ཡང་མ་རེད་ཟེར་མཁན་ཞིག་ཡོང་མི་སྲིད་པ་ཚང་མས་ཤེས་གསལ་ལྟར་རེད། འོན་ཀྱང་ནང་པའི་གནམ་རིག་དང་རྡུལ་རིག་གསལ་རིག་གསུམ་གྱི་ལྟ་གྲུབ་མགོ་གཏིང་བསློག་སྲིད་པ་ཞིག་རེད་ལ། གལ་སྲིད་གསལ་རིག་གི་རྣམ་ཤེས་འདི་མགོ་མཇུག་བསློག་སོང་ན་དེ་ནས་སྐྱེ་བ་སྔ་ཕྱི་དང་ལས་འབྲས། ངེས་ལེགས་གཉིས་དང་བཅས་པ་ཚང་མ་ཚར་སོང་ནི་མ་རེད་དམ།
་་་་་་སྔ་ཕྱི་དང་ཐར་པའམ་ཐམས་ཅད་མཁྱེན་པ་བསྒྲུབ་པའི་རིགས་པ་དང་རྣལ་འབྱོར་མངོན་སུམ་བསྒྲུབ་པའི་རིགས་པ་འདི་ཚོ་ལ་བསམ་བློ་ཇི་ཙམ་བཏང་ཡང་སེམས་གསལ་རིག་གི་སྟེང་ནས་བསྒྲུབ་དགོས་པ་ཤ་སྟག་ཡིན་པས་རིགས་པ་དེ་དག་ནི་སྐབས་དེ་དུས་ཀྱི་གནའ་བོའི་ཕུལ་བྱུང་གི་རིག་གནས་ཙམ་ལས། དོན་ངོ་མར་སེམས་གསལ་རིག་ཟེར་བ་ནང་པས་བཤད་པ་ནང་བཞིན་མེད་པ་ནི་་་་་་་
ལོག་སྨྲས།
དེ་དུས་ཀྱི་གནའ་བོའི་ཕུལ་བྱུང་གི་རིག་གནས་ཙམ་ལས། དོན་ངོ་མར་སེམས་གསལ་རིག་ཟེར་བ་ནང་པས་བཤད་པ་ནང་བཞིན་མེད་པར་བཤད་པ་ལ་ལུང་རིགས་གང་གིས་ཁུངས་མེད་དོ།། །ལོག་སྨྲ་ལགས།། །།
སེམས་ཀྱི་བག་ཆགས་མ་སད་པར། །
སྡིག་དང་དགེ་བ་ཤེས་མི་ཐུབ། །
སྡིག་དང་དགེ་བ་མི་ཤེས་པར། །
སྐྱེ་བ་ཕྱི་མའི་དགོས་དོན་མེད། །
དངོས་གཙོ་སྨྲ་བའི་ཚན་རིག་པས། །
དངོས་པོའི་གཤིས་ལུགས་ཤེས་ཙམ་ལས། །
སེམས་གཙོ་སྨྲ་བའི་དགའ་བདེ་ལ། །
ཉམས་མྱོང་སྐྱེ་བ་རྒྱ་ལམ་ཙམ། །
རྡུལ་ཕྲན་སྦྱངས་པས་མཚོན་ཆ་བསྐྲུནད། །
སྣ་མང་ཤེས་པས་འདོད་རྔམས་འཕེལ། །
འདོད་རྔམས་འཕེལ་བས་སྡུག་ལ་སྦྱར། །
ལོག་སྨྲས་འདི་ཡང་ཤེས་པར་གྱིས། །
ཀླད་པས་སེམས་ལ་ཕན་གནོད་ཆུང་། །
སེམས་བདེས་ཀླད་པ་རྒྱས་པར་༼ཚན་རིག་པས་༽བཤད། །
སིམས་རིག་ཡོན་ཏན་མཐའ་ཡས་པ། །
རྡུལ་ཕྲན་སྨྲ་བས་ཤེས་པ་ཉུང་། །
འདི་ཡང་ལོག་སྨྲས་ཤེས་པར་མཛོད། །
ལོག་སྨྲ་ཚར་གཅོད་མིན་པར ལོག་སྨྲ་རང་རེད་འདུག། ཚོགས་བསགས་སྒྲིབ་སྦྱང་བྱེད་གཏང་ལ་ཡིད་ཆས་མེད་པར་དད་རྫས་ཀྱིས་གཉིད་ཉལ་མཁན་ཞིག་ཡིན་པར་གོ། སྔོན་གྱི་རྗེ་བདག་ཉིད་ཆེན་པོ་སོགས་སྔོན་བྱོན་བཤད་བསྒྲུབ་གཉིས་ཀྱི་མངའ་བདག་རྣམས་། ་མན་ཌལ་ཅིག་པོ་ལ་ག་ཚོད་དཀའ་ལས་རྒྱབ་འདུག། རང་གི་མ་ནུས་ནའང་ཁ་གཏང་ཡག་དེ་སྡིག་ཆེན་བསག་པའི་རྒྱུ་རེད། ཅིག་བྱེད་ན་ཁྱོད་རང་སྐྱེ་བ་སྔ་ཕྱི་ལ་ཡང་ཡིད་མེད་པ་འདྲ་པོ་འདུག། དེ་ལྟར་ཡིན་ན་སྡོམ་མེད་གྲྭ་ཆས་ཅན་ཞིག་ལོས་ཡིན། ཁྱོད་རང་སེམས་གསལ་རིག་ལ་མྱོང་བའི་སྐོར། སྡུས་གྲ་ཆེ་ཆུང་ཡངཡང་སྦྱོང་། སྨོན་ལམ་རྒྱོབ། དེ་ཨོ་ཙེ་བྱུང་ན་རྣམ་འགྲེལ་ལེའུ་གཉིས་པ་དཔེ་ཁྲིད་ཞུས། སྐོར་སྦྱང་བྱོས་ ཧ་ཧ་ཧ་ཧ་ སྐུ་རྩེད་ཞུས་པ་ཡིན་ བླ་རྒན་ལོག་སྨྲ་བ།
ལོག་སྨྲ་བས་བཤད་སྟངས་ལ་གཞིས་ན་ནང་ཆོས་ལ་གོ་མྱོང་ཙམ་ལས་ཉམས་མྱོོང་ནི་མེད་པར་ཐག་ཆོད་སོང་་་་་གལ་སྲིད་ཁྱོད་རང་གྲྭ་ཆས་ཆས་གྱོན་མཁན་ཞིག་ཡིན་ན་གཟིག་ལྤགས་བཀབ་པའི་བོང་བུ་ཞིག་དང་ཅིས་མི་མཚུངས་་་་་་་
ཚང་མ་གློག་བརྡ་དང་འཕྲུལ་བརྡ་ལ་བརྟེན་ནས་ཐག་གཅོད་དགོས་པའི་དུས་ཚོད་ཤར་སྐབས་མ་འགྲིགས་པ་རེད། མིའི་རྣམ་དཔྱོད་བེད་མེད་དུ་གྱུར་བས་ང་ཚོ་ཚང་མ་འབེམ་པོར་གྱུར་བ་རེད། གསལ་རིག་དང་ལེགས་ཉེས་དཔྱོད་མི་ཤེས་མཁན་གྱི་འཕྲུལ་འཁོར་ཞིག་གིས་ང་ཚོའི་ལམ་སྟོན་བྱེད་དུས་ཅུང་མ་འགྲིགས་པ་རེད། དེ་ཡར་རྒྱས་མ་རེད། སྡུག་རྟགས་རེད།
བརྗེད་མི་ཉན་པ་ནི་རྫས་འགྱུར་དང་ཚན་རིག་པས་བཤད་པའི་དངོས་པོ་ཚང་མ་མིའི་རྣམ་དཔྱོད་ལ་བརྟེན་ནས་ཡོང་བ་ལས་དེ་དག་བདག་ཚོའི་རྣམ་དཔྱོད་ལས་བརྒལ་བའི་དངོས་པོ་ཞིག་མ་ཡིན། ནང་པའི་ཆོས་ཉིད་མཐོང་མཁན་ཡང་མི་རེད་ལ་དེ་དག་ལེགས་པར་བཀོལ་མཁན་ཡང་མི་རེད། དེར་བརྟེན། རྫས་འགྱུར་སོགས་མིས་བཟོས་པ་ཡིན་སྟབས། དེ་ཚོར་ང་ཚོ་འཇིགས་དགོས་ཀྱི་མིན་འདུག
གཙོ་བོ་ནང་པས་བཤད་པའི་སེམས་ཀྱི་གྲིབ་མ་འདོད་ཆགས་ཞེ་སྣང་གཏི་མུག་སོགས་གཙང་མ་བཟོ་ཐུབ་མཁན་གྱི་བྱེད་པོ་ཞིག་ཡོད་ན་དེ་འགྲིགས་ཀྱི་འདུག རྫས་འགྱུར་དང་ཚན་རིག་ཤེས་ནས་ང་ཚོའི་ནད་ཀྱི་མ་ཕྱི་ཉོན་མོངས་རྣམས་གཙང་མ་བཟོ་མ་ཐུབ་པ་ལ། ནང་པའི་གཞུང་ལས་བཤད་པའི་གཉེན་པོ་བདག་མེད་ཀྱི་ལྟ་བ་དང་། བྱང་སེམས་ཀྱིས་སེམས་ཀྱི་གྲིབ་མ་རྣམས་དག་པར་བྱེད་པས། དེས་ན་ནང་ཆོས་ནི་ཚན་རིག་པས་ཁ་གཏད་འཇལ་བའི་དངོས་ཤིག་ད་ལྟ་མ་རེད་སྙམས། ཚན་རིག་ག་ཚོད་ཀྱིས་ཚད་མཐོན་པོར་བསླེབས་པའི་དུས་རབས་ལ་མིའི་རྙོག་ཁྲ་ཇེ་ཆེར་འགྲོ་བ་འདིས་གང་མཚོན་ཐུབ་བམ། བསམ་བློ་བཏང་ནས། ས་ག་ཟླ་བ་སྐྱལ་ན་རང་སྐྱིད་གཞན་སྨོན་རེད། དེ་མིན་ཁ་བརྡ་འདིར་ཕེབས་ནས་འགྲམ་པ་གཡས་ལ་རིགས་པའི་འགྲམ་ལྕགས་གཅིག་གཟེད། འགྲམ་པ་གཡོན་ལ་ལྐུགས་རྟགས་བསྟན་པའི་འགྲམ་ལྕག་གཅིག་གཟེད་དགོས་བྱུང་ན་དེ་ཡང་ས་ག་ཟླ་བ་ལེགས་པོ་ཞིག་མ་རེད། དེ་ལས་ཕྱག་འཚལ་སྐོར་སྦྱང་བྱས་ན་མི་སྐྱིད་དམ།
བཀུར་འོས་ལོག་སྨྲ་ཚར་གཅོད་ལགས། ནང་པའི་དབུ་ཚད་ཀྱི་གཞུང་ནས་སྐྱེ་བ་སྔ་ཕྱི་རིགས་པ་མི་འདྲ་བ་ལྔ་ཙམ་གྱི་སྒོ་ནས་ཡོད་པར་སྒྲུབ་ཡོད་ཀྱིན་ཡོད་ལ། དེ་ཡང་སྐབས་དེ་དུས་ཀྱི་ཕྱོགས་སྔའི་གཙོ་བོ་རྒྱང་འཕེན་པའི་ཁས་ལེན་གཞིར་བཞག་གིས་དགག་པ་བཏང་བ་ཞིག་ཡིན། ཡིན་ཡང་། རྒྱང་འཕེན་གྱི་འདོད་ཚུལ་དང་དེང་གི་ཚན་རིག་གི་བཤད་ཚུལ་གཉིས་སྤྱིའི་ཆ་ནས་མཐུན་ས་ཧ་ཅང་མང་བོ་ཡོད་པ་གསལ་བོ་རེད། དེང་དུས་ཀྱི་ཚན་རིག་པའི་འདོད་ཚུལ་ལྟར་ཡོད་ཚད་རྡུལ་ཕྲན་གྱི་བྱེད་ལས་དང་ནུས་པར་བཞག་ཚེ། ཕ་མའི་ཁུ་ཁྲག་སྐྱོན་མེད་པ་གཉིས་མཉམ་བསྲེས་བྱས་ཏེ། དེ་ལ་ལྷན་ཅིག་བྱེད་རྐྱེན་དྲོད་གྲང་དང་ཁོར་ཡུག་གི་མཐུན་རྐྱེན་མ་ཚང་བ་མེད་པར་བྱས་ནས་རིགས་མི་འདྲ་བ་མང་བོ་ཞིག་དུས་མཉམ་དུ་སྐྱེད་སྲིང་བྱས་ཡོང་ཚེ་ལ་ལར་ཕྲུག་གུར་ཆགས་ཐུབ་ལ། ལ་ཤས་ཕྲུག་གུར་ཆགས་མི་ཐུབ་པར་ཤོད་ཀྱི་འདུག རྒྱུ་དང་རྐྱེན་ལ་ཁྱད་པར་ཅུང་ཟད་ཀྱང་མེད་ན་ཡང་ལ་ཤས་ཕྲུག་གུར་ཆགས་མི་ཐུབ་པ་དེ་རྐྱེན་གསུམ་པ་ཞིག་མ་ཚང་བས་རྒྱུ་མཚན་གྱིས་ཡིན་ནམ། ཡང་ན་ཚན་རིག་གི་ཐོག་ནས་འདི་ལ་འགྲེལ་བཤད་གཞན་ཞིག་ཡོད་དམ།
༼རིགས་པ་བཞི༽ཞེས་ཆོས།