འབའ་སྲས།
གཡོ་བའི་རི་ཆེན་རྗེས་བརྩེ་ཞགས་པས་བསྡམས།།
འཕྱོ་བའི་རྒྱ་མཚོ་འཛུམ་དཀར་འོད་ཀྱིས་བཀག །
གཡང་དུ་ལྟུང་ལ་འཆེལ་བའི་ལག་པ་བསྲིངས།།
འཐེང་བོར་འགྲོ་ལ་སྐྱོར་མའི་འཁར་བ་བྱིན།།
ཆུང་ཆུང་ཕྱག་གིས་གོ་ལའི་ས་རྡུལ་ཕྱགས།།
སྙིམ་པའི་ཆར་གྱིས་ས་ལ་མེ་ཏོག་བཀྲམས།།
ཀུན་ཁྱབ་འོད་ཀྱིས་སྡུག་གི་མུན་པ་བགྲད།།
ས་ཡི་དཀྱིལ་འཁོར་སྤྱན་གྱི་འབྲས་བུར་འཐིམས།།
རི་རབ་གླིང་ཆེན་མ་ཡིས་བུ་ལྟར་སྦྲུམ།།
ཏི་སེ་མགོ་བོ་གོ་ལའི་གཙུག་ཏུ་བཀོད།།
བས་མཐའི་མིང་ཡིག་འཇིན་མའི་རས་སུ་བྲིས།།
ཁ་བའི་འདབ་མ་ས་ཆེན་གོས་སུ་གཡོག །
ལུས་མེད་མདའ་ཡི་གཞུ་སྟན་མ་བཟུང་ཞིང་།།
མཐུ་ཆེན་ཁྲོ་བའི་རལ་གྲི་མ་གདེངས་ཀྱང་།།
འཛིན་མ་གཅིག་ཏུ་གཟིགས་པའི་སྤྱན་ཟུང་གིས།།
གོ་ལའི་ལྷ་ང་སྐུ་ཡི་དྲུང་དུ་བཙུགས།།
ནམ་མཁའ་སྲུང་བར་བྱེད་པའི་ལྷ་ཡི་དབང་།།
མཚོ་ཆེན་རྒྱས་པར་བྱེད་པའི་ཀླུའི་རྒྱལ་བོ།།
འཇིག་རྟེན་ཀུན་ཏུ་བདེ་བྱེད་མི་ཡི་མགོན།།
བསྟན་འཛིན་རྒྱ་མཚོ་ས་གསུམ་འཛིན་མའི་སྤྱན།།
༠༥/༠༧/༡༣ ལ་སྙན་ངག་པ་འབའ་སྲས་ཀྱིས།
བཀའ་དྲིན་ཆེ། དངོས་གནས་སྙན་མོ་འདུག་ལ་རྣམ་ཐར་དང་མཐུན་པ་ཡག་པོ་བྲིས་འདུག ཐུགས་རྗེ་ཆེ།