གྱེར་ནག་ཚང་བློ་གྲོས་འགྱུར་མེད།
——–(ཕྱི་ལོ་༢༠༡༥ ཟླ་༤ ཚེས་༢༥ ཉིན་ནས་བལ་པོ་རྒྱལ་ས་སོགས་ལ་ས་ཡོམ་བྱུང་བར་ཆེད་དུ་བྲིས་པ།)
བལ་པོ་སྤྲིན་གྱི་མཁར་ཆེན་དེ་ནས་ཀླུ་བདུད་ནག་པོ་ཁྲོས་ཚུལ་བསྟན།།
རྒྱུ་དང་ཉེར་ལེན་གང་ཡིན་མ་ངེས་འབྱུང་བ་ནག་པོ་འཁྲུགས་ཆེན་བྱུང་།།
རྒྱལ་ཁབ་ཅིག་གི་སྒལ་ཚིགས་ཆག་པའི་ཉི་མ་ནག་པོ་ཐོལ་གྱིས་ལྡང་།།
རིག་བྱེད་ངག་གི་གདུང་སེམས་མཚོན་པའི་སྙན་ངག་ནག་པོ་ངག་ནས་ཐལ།།
སྟེང་གི་ལྷ་རྣམས་ཐུགས་དམ་མ་བསྐང་རྫུ་འཕྲུལ་འབྱུང་བའི་འཇིག་པ་མཛད།།
འོག་གི་ཀླུ་རྣམས་མཆོད་པས་མ་མཉེས་ཀོ་ལོང་རུ་ཏྲས་ས་ཆེན་དཀྲུགས།།
བར་གྱི་ཉམ་ཆུང་སྟོང་སྡེ་ཞིག་ལ་ས་ཆེན་འཁྲུགས་པའི་ཕམ་ཉེས་བྱུང་།།
ལས་དང་རྒྱུ་འབྲས་བཙན་པོ་ཞིག་གི་གཤིས་ལུགས་ཡིན་པ་ཏན་ཏན་རེད།།
རྒྱ་གྲམ་ཚུལ་གྱི་རླུང་རི་ནག་པོ་རྡོ་རྗེ་གཤིས་སུ་གྲུབ་པ་མིན།།
འགྱུར་གྱིས་ཚ་བའི་མེ་རི་དམར་པོས་རྨང་གྱི་ཕ་བོང་ཤུགས་ཀྱིས་སྒུལ།།
ས་བདག་སྡེ་བཞིའི་ཕོ་བྲང་དགུ་བརྩེགས་ཡོམ་ཡོམ་གཡོ་བའི་ངང་ཚུལ་བྱུང་།།
རང་བྱུང་འཁོར་བའི་འཇིགས་པ་འདི་ཡིས་སྟོང་སྡེ་ཞིག་ལ་ཏག་ཏག་བཟོས།།
དུས་བཞིའི་དྲོད་གྲང་ཤིན་ཏུ་སྙོམས་པའི་སུམ་རྩེན་ས་ལ་བཀོད་འདྲའི་ཞིང་།།
བྱིན་རླབས་གནད་ཀྱི་ཚན་ཁ་འབར་བའི་ཐུབ་པའི་དབང་པོ་བལྟམས་པའི་ཞིང་།།
ཁྲི་ཕྲག་ལོ་ཡི་དེབ་ཐེར་མོད་པའི་ལོ་རྒྱུས་མེ་ཏོག་བཞད་པའི་ཞིང་།།
རྨད་དུ་བྱུང་བའི་ཞིང་ཁམས་འདི་ཡང་གདུག་རྩུབ་ཅིག་གིས་ལེབ་ལེབ་བཟོས།།
བརྩེ་དྲོད་འབར་བའི་ཁྱིམ་གཞིས་ཁྲི་ཕྲག་ས་ཆེན་འཁྲུགས་པས་ཕྱེ་མར་འཐག །
ཉམ་ཆུང་སྟོང་གི་ཚེ་སྲོག་དམར་པོ་གཤིན་རྗེ་གཏུམ་པོས་རྔམ་གྱིས་མཆོད།།
དམྱལ་ཁམས་མིན་པའི་འཇིགས་ཀློང་དེ་ན་ངུ་སྐད་སྟོང་གིས་གནམ་ས་ཁེངས།།
ས་བདག་རྒད་པོའི་གཡོ་འགུལ་འདི་ཡིས་འཛམ་གླིང་ཡོངས་ལ་འུར་འུར་བཟོས།།
ཆེས་མཐོའི་བླ་དཔོན་ཆོ་ལོ་ཅན་རྣམས་མཐོན་པོ་ཁྲི་ལས་ཐོད་ཀྱིས་བཞེངས།།
དཔའ་བོ་སྟག་གི་ཁུ་ཚ་རྣམས་ཀྱང་བྱ་ཐབས་མེད་པར་བཙན་གྱིས་གཅིར།།
ཕྱུག་པོ་ཀླུ་རྒྱལ་མཛོད་བདག་རྣམས་ཀྱང་དངུལ་ལོར་འཐམ་ནས་ངར་གྱིས་ཞུམ།།
རྟག་འཛིན་ཞེན་པའི་སེམས་རྒྱུད་ཅན་རྣམས་ཡིད་ཆེས་མ་བྱུང་ཅེར་ཅེར་ལུས།།
ཕ་མ་བརླགས་པའི་དྭ་ཕྲུག་སྟོང་གི་ངུ་རྒྱངས་གོ་ལའི་ཁྱོན་ལ་ལྡིར།།
གཅེས་ཕྲུག་བོར་བའི་ཕ་མ་མང་པོའི་མིག་ཆུ་མཐའ་ཡས་མཚོ་ལ་འདྲེས།།
དགའ་རོགས་བྲལ་བའི་དར་མ་འབུམ་གྱི་སྙིང་རླུང་སྲིད་པའི་རྩེ་ལ་འཕར།།
འདི་དང་འདི་འདྲ་ཐོས་པ་ཙམ་གྱིས་མིག་ཆུའི་ཐིགས་པ་ཤུར་ཤུར་བྱུང་།།
གོད་ཆག་བྱུང་བའི་ཉམ་ཆུང་མང་པོ་ཕྱི་མའི་འཕྲང་ལ་བཙན་གྱིས་སྤྱུགས།།
ནང་མི་བརླགས་པའི་གསོན་པོ་རྣམས་ལ་བཀྲེས་སྐོམ་སྡུག་བསྔལ་ཚད་མེད་སྤྲད།།
དམྱལ་བ་ནག་པོ་ས་ལ་འཕོས་འདྲའི་མི་རོ་རློན་པ་ཐང་མར་བརྡལ།།
སྤྲིན་གྱི་མཁར་དེ་འདི་བཞིན་མཐོང་ན་སེམས་ལ་དབང་མེད་འཇིགས་འཇིགས་བྱུང་།།
བྱིན་ལྡན་གནའ་བོའི་ལྷ་ཁང་མཐོན་པོའི་རྒྱ་ཕིབས་སེར་པོ་ས་ལ་འགྱེལ།།
གསེར་དང་དངུལ་གྱི་ལྷ་སྐུ་སྣ་ཚོགས་ཐལ་རྡུལ་ནག་པོའི་ཀློང་དུ་འགྱེལ།།
གོང་ཐང་གཞལ་མེད་ཆོས་དཔེ་མང་པོ་འབྱུང་བ་ནག་པོའི་ཀློང་དུ་སྤུར།།
ནང་པའི་བསྟན་པ་སྤྱི་ལ་གྱོང་བའི་གོད་ཆག་ནག་པོ་ཤིག་ཤིག་བྱུང་།།
ལམ་དང་ལས་འབྲས་ནག་པོ་ཞིག་གིས་འདི་བཞིན་ས་ལ་བརྡབས་གྱུར་ཀྱང་།།
བརྩེ་ཆེན་སྙིང་རྗེ་མངའ་བདག་རྣམས་ཀྱིས་སྦྱིན་གསུམ་ཆོས་ཀྱི་འཁོར་ལོ་བསྐོར།།
གཞན་སེམས་ཁོ་ནའི་སེམས་རྒྱུད་ཅན་རྣམས་རོགས་སྐྱོར་ལས་ལ་ཤུགས་ཀྱིས་འབད།།
རྒྱལ་སྲས་སྤྱོད་པའི་མཛད་གཤིས་ལ་ཡང་ཞེ་ནས་ཡི་རངས་ལྷུག་ལྷུག་བྱུང་།།
ཆོ་ལོ་ཅན་གྱི་མི་ཆེན་ཁག་རྣམས་བཞུགས་ཁང་བརྟན་པོའི་ཕུགས་སུ་ཡིབ།།
མཉམ་བསྐྱེད་གདུང་བའི་སེམས་མེད་རྣམས་ཀྱང་མཁའ་ལམ་བརྒྱུད་ནས་གཞན་དུ་བྲོས།།
རྒྱུ་ནོར་ཁོ་ནའི་སྲེད་པ་ཅན་རྣམས་མ་ཁོམ་འཇབ་བུའི་ལས་སུ་བྲེལ།།
ཁྲེལ་དང་ངོ་ཚས་བརླགས་པ་རྣམས་ཀྱང་ཨ་རུའི་རང་མདོག་གསལ་གསལ་བྱུང་།།
བསྔོ་སྨོན་འབའ་ཞིག་གླུ་རུ་ལེན་པའི་བྱང་སེམས་གོམས་པ་ང་ལ་མེད།།
རྒྱུ་དངུལ་ནོར་གྱིས་རོགས་ཕན་ཞུ་བའི་དཔལ་འབྱོར་རྔམ་ཁ་ཧ་ཅང་སྲབ།།
ཚེགས་དང་བརྩོན་པའི་ངལ་རྩོལ་ལས་ལ་གནས་ཀྱི་རྒྱང་ཐག་ཤིན་ཏུ་རིང་།།
གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཁོ་ནར་སྙན་ངག་ནག་པོ་སྐྱེས་སུ་བསྲིངས།།