རྔ་བཟའ་བདེ་པོ་འཚོ།
བལ་ཡུལ་གྱི་རང་བྱུང་གོད་ཆག་དང་འབྲེལ་བའི་དྲན་འཆར།
སྤྱིར་ང་ཚོས་རྒྱུན་དུ་འཆི་བ་མི་རྟག་པ་དང་སྐད་ཅིག་མ་ཡིན་པ་ཁས་ལེན་བྱེད་བཞིན་ཡོད། ཡིན་ན་ཡང་ད་ཐེངས་བལ་ཡུལ་གྱི་གོད་ཆག་དེ་ནི་སུས་ཀྱང་དང་ལེན་བྱེད་དཀའ་བ་ཞིག་རེད། དུས་ཚོད་སྐར་ཆ་འགའི་ནང་ལ་རི་ཧི་མ་ལ་ཡའི་འདབས་རོལ་དུ་ཆགས་པའི་གནའ་བོའི་རྒྱལ་ཁབ་དེར་གློ་བུར་གློ་བུར་དུ་བྱུང་བའི་རྐྱེན་ངན་གོད་ཆག་ཅིག་གིས། སྤྲོ་སྐྱིད་ལྡན་པའི་ཁྱིམ་གཞི་དང་ལྷད་མེད་བརྩེ་བས་བསྡམས་པའི་དགའ་ཉེ། ཤེས་བྱའི་ལྡུམ་ར་ན་གསར་དུ་བཞད་པའི་སློབ་ཕྲུག མི་རབས་ཚ་རྒྱུད་ལས་བསགས་པའི་རྒྱུ་དངོས། ལོ་རྒྱུས་དང་བྱིན་རླབས་མཆིས་པའི་གནས། འདི་ཚོ་ཚང་མ་སྐད་ཅིག་ཉིད་ལ་ཐལ་དང་རྡུལ་དུ་བཏང་སོང་བ་དེ་རེད།
དེ་བཞིན་བརྡ་འཕྲིན་བརྒྱུད་ལམ་ཁག་ནས་མཐོང་བ་ལྟར་ན། ཨ་མར་རྨས་སྐྱོན་ཚབས་ཆེན་བྱུང་སྟེ་གསོན་པའི་རེ་ཐག་ཆད་དེ་སྨན་ཁང་དུ་ལུས་ཡོད་ཀྱང་། ཟླ་ཤས་ལས་ཕྱིན་མེད་པའི་བྱིས་པ་ཆུང་ཆུང་དེས་རང་གི་ཨ་མའི་ནུ་མར་འཐམས་ནས་མི་གཏོང་བས་མཐར་ཁོ་མོའི་དབུགས་རྒྱུན་མཐའ་མ་བར་ཕྲུ་གུ་དེས་རང་གི་ཨ་མའི་བྲང་གཞུང་ནས་ད་དུང་ནུ་མ་ནུ་བཞིན་འདུག་ཟེར། སྐབས་དེར་འཆི་ལ་ཉེ་བའི་ཨ་མ་དེའི་ལུས་སེམས་གཉིས་ལ་ན་ཟུག་ཅི་ཙམ་ཡོད་དམ། རྐྱེན་ངན་གྱིས་མནར་བའི་ལུས་པོའི་ཟུག་གཟེར་དང་འབྲལ་ལ་ཉེ་བའི་རང་གི་བུ་ཕྲུག་དང་གཏན་དུ་ཁ་འབྲལ་དགོས་པའི་སྡུག་བསྔལ་ཅི་ཙམ་ལྕིའམ།
གཞན་ཡང་དྭངས་གཙང་གི་བརྩེ་བས་དམ་དུ་བཅངས་བའི་ན་གཞོན་ཕོ་མོ་གཉིས་ཀྱང་ཉིན་དེར་རྐྱེན་ལམ་དུ་སོང་ཞིང་། ཁོང་གཉིས་ཀྱང་གཉེན་སྒྲིག་བྱས་ནས་དུས་ཡུན་ཅང་མ་འགོར་བར་རྒྱལ་སར་གནས་སྤོས་ཏེ་ཉིན་དེར་ཆེད་དུ་སྤྲོ་འཆམ་དུ་ཕྱིན་པ་དང་སྐབས་ཁེལ་ཏེ་གཉིས་ཀ་གྲོངས་འདུག རྗེས་སུ་ས་རོ་སྔོག་འདོན་བགྱིས་དུས་ཁོང་གཉིས་ཀྱི་རོ་རྙེད་ཡོད་ཅིང་། ཁོང་གཉིས་ཀྱིས་གཅིག་གིས་གཅིག་འཐམས་ནས་ཤི་ཡོད་འདུག
དེ་བས་ན། གོང་གི་གནས་ཚུལ་དེ་གཉིས་ཀྱིས་སྐབས་དེར་རྐྱེན་ལམ་དུ་ཕྱིན་པའི་ཉམ་ཐག་བལ་བོའི་མི་མང་གི་གནས་ཚུལ་དམར་རྗེན་མ་དེ་མཚོན་གྱིན་ཡོད་སྟབས། བུ་ཕྲུག་ཅི་ཙམ་ཞིག་མ་མེད་དྭ་ཕྲུག་ཏུ་གྱུར་རམ། བཟའ་ཚང་གང་ཙམ་ཞིག་ཁ་འཐོར་དུ་བཏང་ཡོད་དམ། ཕ་མ་ག་ཚོད་ཅིག་གིས་བུ་ཕྲུག་ཤོར་ཡོད་དམ། འདི་ལྟ་བུའི་གོད་ཆག་ཅིག་འཛམ་གླིང་གི་ས་ཕྱོགས་གང་ལ་ཡང་མི་ཡོང་བར་ཤོག
ཚེ་སྲོག་གི་ཉེན་ཁའི་མདུན་ན་མི་ཐམས་ཅད་ཉམས་ཆུང་ཡིན་ཅིང་། གཅེས་འོས་པའི་ཚེ་སྲོག་གི་རིན་ཐང་མི་ཡོངས་ལ་འདྲ་མཉམ་ཡིན། བལ་ཡུལ་གྱི་ས་གཞི་གས་འཐོར་དུ་སོང་ཞིང་། ཡུལ་མི་ཚོའི་ལུས་སེམས་ལ་ན་ཟུག་གི་རྨ་ཁས་གདུང་དུས། འཛམ་གླིང་ཤར་ནུབ་ཀྱི་མི་ཚོགས་གཡོས་བྱུང་། མི་ཚོགས་ཀྱི་སེམས་པ་གཡོས་བྱུང་། ས་ཆེན་པོ་ཤུགས་ཀྱིས་གཡོས་ན། སེམས་ཆེན་པོའང་ཤུགས་ཀྱིས་གཡོས་བྱུང་།
དཀའ་སྡུག་འོག་གི་བལ་བོ། སྙིང་རེ་རྗེ། རོགས་སྐྱོར་ཀློང་གི་མི་ཚོགས། བཀའ་དྲིན་ཆེ།།
༢༠༡༥/༥/༡