ཀྱེ་མ་ཧོ།།
ཀཿཐོག་དགེ་རྩེ་དགོངས་པ་ཆོས་དབྱིངས་རྫོགས།།
ཁ་མཆུ་ནག་པོ་ཀརྨ་པ་ལ་གཙུགས།།
ག་ས་གང་དུ་བོད་མིའི་རླུང་རྟ་ཆག།
ང་ཡིས་བསམ་ན་ད་ལོ་ལ་སར་མེད།།
ཅ་ཡི་ན་ལ་ཕག་ལོ་དགེ་མཚན་ཆེ།།
ཆ་ཆོ་མེད་པའི་གསོན་བསྲེག་རྒྱུན་མ་ཆད།།
ཇ་ཆང་ཤ་ཁྲག་ཁོ་ནས་ལོ་སར་མོད།།
ཉ་ཕག་སྒོང་པའི་ལོ་སར་ང་ལ་མེད།།
ཏཱ་ལའི་སྡོང་པོ་གྱ་ལྔའི་སྐེག་ཐོག་ཐོན།།
ཐ་མག་སྤྱོད་པའི་ངན་དགུ་གྲལ་མགོར་བཞགས།།
ད་དུང་དོན་མེད་དུས་ཚོད་སྟོང་ཟད་རིགས།།
ན་ནིང་ད་ལོར་ང་ལ་ལོ་སར་མེད།།
པ་ལོ་སྔགས་འཆང་ཡོངས་ལ་རྩི་འཇོགས་མེད།།
ཕ་མའི་བཀའ་དྲིན་བཟོ་མཁན་དེང་དུས་མེད།།
བ་ལང་དམར་མཆོད་སྲོལ་རྒྱུན་བསྣུབས་ཐབས་བྲལ།།
མ་རྣམས་སྡུག་བསྔལ་བསམ་ཚེ་ལོ་སར་མེད།།
ཙ་རི་དགོན་ཆེན་ཕལ་ཆེར་གྲོང་དུ་བསྒྱུར།།
ཚ་བ་རོང་སོགས་ཕལ་ཆེར་རྒྱ་རུ་གྱུར།།
ཛ་དྲག་གངས་ཅན་སྣོད་བཅུད་ཉམས་མཐོང་ཚེ།།
ཝ་ཕག་ལོ་སར་ཟེར་བ་ང་ལ་མེད།།
ཞྭ་མོ་མང་པོའི་གོ་ས་རྔམས་པ་མེད།།
ཟ་མ་མོ་ཡི་ཐོབ་ཐང་རྩོད་པ་མེད།།
འ་ཅག་སེམས་དང་ས་ཐག་རིང་བ་ལ།།
ཡ་རབས་ཀུན་བཟང་ལོ་སར་ང་ལ་མེད།།
ར་བ་གངས་དཀར་བདག་པོས་རང་བཙན་མེད།
ལ་རྒྱ་ཁ་ཡག་ཙམ་ལས་འདོད་པ་མེད།
ཤ་ཁྲག་བོད་ལས་མཆེད་ཀྱང་ཤ་ཞེན་མེད།།
ས་ཕག་འདི་ལ་ལོ་སར་ང་ལ་མེད།
ཧ་ཅང་རང་འདོད་ཆེ་བའི་ཏང་ལྟ་མེད།།
ཨ་མ་བག་བྲོ་འབོད་པའི་ཁ་གཡང་མེད།།
ཨོ་ཟོབ་ཚིག་སྒྲིལ་ཟེར་བའི་གླུ་དབྱངས་མེད།།
ཨེ་མ་ཧོ་ལ་ད་ལོ་ལོ་སར་མེད།།
ཨུ་ཚུགས་ལོ་སར་མི་དགོས་བཤད་པ་མེད།།
ཨི་ལྡན་ལོ་གསར་མེད་པའི་བརྡ་འཕྲིན་ཉིད།།
ཨ་མའི་བུ་རྒོད་འགའ་ཞིས་སྐུལ་བའི་ངོར།།
ཨ་བུ་དགྱེས་པ་རྡོར་རྗེས་གཏམ་དུ་ཐལ།།
སྤྱི་ལོ་ ༢༠༡༩ ཟླ་ ༢ ཚེས་༤་ལ་ཤྲཱིས་སོ།།
ཀ་ཐོག་དགེ་རྩེ་དགོས་པ་ཆོས་དབྱིངས་རྗོགས། ཁ་མཆུ་ནག་པོ་ཀརྨ་པ་ལ་གཙུགས་།
ཞེས་པའི་གོ་དོན་གང་རེ་གསལ་བཤད་གནང་དང།