རྣམ་འཕྱང་ཞེས་པ་ས་ཕོ་ཁྱི་ཡི་ལོའི།།
ལོ་རེའི་བྱུང་བ་རབ་བྱུང་ལ་བསྟུན་ཏེ།།
བསྟན་རྩིས་རེའུ་མིག་དག་ཏུ་གསལ་བ་ལས།།
ཐོར་རེ་བཏུས་ནས་འདས་པའི་ལོ་རྒྱུས་འཚོལ།།
རབ་བྱུང་དང་པོའི་ས་ཕོ་ཁྱི་ཡི་ལོ།།
ཕྱི་ལོ་ཆིག་སྟོང་བརྒྱ་མེད་ང་བརྒྱད་ཡིན།།
ཇོ་བོའི་སློབ་མ་ཆག་ཁྲི་གཤེགས་པ་དང་།།
འདི་ཡི་ཕྱི་ལོར་རྔོག་ལོ་འཁྲུངས་ཞེས་གསལ།།
རབ་བྱུང་གཉིས་པའི་ས་ཕོ་ཁྱི་ཡི་ལོར།།
ཁྲོ་ཕུ་རྒྱལ་ཚ་རིན་ཆེན་མགོན་ཉིད་འཁྲུངས།།
མཉམ་མེད་དྭགས་པོ་འོ་དེ་གུང་རྒྱལ་བྱོན།།
སྣེའུ་ཟུར་བ་འདས་ཞེས་ཚེ་ཏན་གསུངས།།
ཕྱི་ལོ་ཆིག་སྟོང་བརྒྱ་དང་དོན་བརྒྱད་ལོའི།།
སྔ་ཕྱི་འདི་ལ་སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱིས།།
གདན་ས་ཐེལ་བཏབ་ཕག་གྲུའི་གདན་སར་ཕེབས།།
ཞང་ལོ་གྲུབ་དཔལ་གྲོལ་སྒོམ་ཆོས་གཡུང་འདས།།
རབ་བྱུང་བཞི་པའི་ས་ཕོ་ཁྱི་ཡི་ལོར།།
ཟངས་ཚ་རིན་ཆེན་རྒྱལ་མཚན་འཁྲུངས་ཞེས་བཤད།།
སངས་རྒྱས་གཞོན་ནུ་ཞང་གི་གདན་སར་ཕེབས།།
ཟངས་ཚ་བསོད་རྒྱན་འདས་པའི་སྔ་ལོ་རེད།།
ཕྱི་ལོ་ཆིག་སྟོང་ཉིས་བརྒྱ་གོ་བརྒྱད་ལོར།།
རྒྱལ་བ་གཡུང་སྟོན་རྒྱ་ལ་སྤྱན་དྲངས་ཟེར།།
བདག་ཆེན་བཟང་པོ་དཔལ་བ་བོད་དུ་ཕེབས།།
གཡའ་བཟང་ཆོས་རྗེ་ཆོས་བསམ་འདས་ཞེས་འཁོད།།
རབ་བྱུང་དྲུག་པའི་ས་ཕོ་ཁྱི་ཡི་ལོར།།
རོལ་པའི་རྡོ་རྗེ་དབུས་ནས་ཁམས་སུ་ཕེབས།།
ས་སྐྱའི་ཏའི་ཤྲཱི་ཀུན་རྒྱན་འདས་ཞེས་གསལ།།
སི་ཏུ་བྱང་རྒྱན་གོང་མའི་ཐོབ་ལ་དབང་།།
ཕྱི་ལོ་ཆིག་སྟོང་བཞི་བརྒྱ་བཅོ་བརྒྱད་ལོར།།
རྗེ་ཡིས་འཇུག་པའི་རྣམ་བཤད་བརྩམས་པ་དང་།།
འགྲེལ་བ་བཞི་སྦྲགས་པར་ལ་བརྐོས་པར་བཤད།།
སྣར་ཐང་ཁྲི་ལ་བསོད་ནམས་མཆོག་གྲུབ་ཕེབས།།
རབ་བྱུང་བརྒྱད་པའི་ས་ཕོ་ཁྱི་ཡི་ལོ།།
པཎ་ཆེན་བསོད་ནམས་གྲགས་པའི་འཁྲུངས་ལོ་ཡིན།།
མཁས་གྲུབ་ནོར་བཟང་རྒྱ་མཚོས་དུས་འགྲེལ་བརྩམས།།
འགོས་ལོའི་དེབ་སྔོན་གྲུབ་ཅེས་དུང་དཀར་གསུངས།།
ཕྱི་ལོ་ཆིག་སྟོང་ལྔ་བརྒྱ་སོ་བརྒྱད་ལོར།།
དཔལ་ཁང་ལོ་ཙས་དག་ཡིག་ངག་སྒྲོན་བརྩམས།།
ཀརྨ་མི་བསྐྱོད་རྡོ་རྗེས་ཕར་ཕྱིན་འགྲེལ།།
སེར་འབྲས་གཉིས་ལ་བསྐུར་བ་འབྱོར་ཅེས་འཁོད།།
རབ་བྱུང་བཅུ་པའི་ས་ཕོ་ཁྱི་ཡི་ལོར།།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དེ།།
གངས་ཅན་ཆོས་འཕེལ་གླིང་གི་ཁྲི་ལ་ཕེབས།།
ས་སྐྱ་ཨ་མྱེས་འཁྲུངས་ནས་ལོ་གཅིག་འཁོར།།
ཕྱི་ལོ་ཆིག་སྟོང་དྲུག་བརྒྱ་ང་བརྒྱད་ལོར།།
༧གོང་ས་ལྔ་པས་འཇམ་དཔལ་ཞལ་ལུང་བརྩམས།།
སྡེ་སྲིད་བསོད་ནམས་ཆོས་འཕེལ་འདས་པ་དང་།
འདར་ལོས་སྒྲ་མདོ་བསྒྱུར་ཞེས་དུང་དཀར་གསུངས།།
རབ་བྱུང་བཅུ་གཉིས་ས་ཕོ་ཁྱི་ཡི་ལོར།།
ཅུང་གར་དམག་གིས་དབུས་སུ་བཅོམ་གཏོར་བྱས།།
ལོ་ཆེན་དྷརྨ་ཤྲཱི་སོགས་བགྲོངས་པའང་འདི་དུས་ཡིན།
གཞོན་ནུ་ཟླ་མེད་གཏམ་རྒྱུད་འདི་ལོར་བརྩམས།།
ཕྱི་ལོ་ཆིག་སྟོང་བདུན་བརྒྱ་དོན་བརྒྱད་ལོར།།
ཚེ་སྨོན་ངག་ཚུལ་དགའ་ལྡན་ཁྲི་ལ་ཕེབས།།
རྡོ་རིང་གུང་གིས་ས་ངན་དཔུང་འཇུག་བྱས།།
གུང་ཐང་སྤྲུལ་སྐུ་དབུས་ལ་ཕེབས་སོ་ལོ།།
རབ་བྱུང་བཅུ་བཞིའི་ས་ཕོ་ཁྱི་ཡི་ལོར།།
རྒྱལ་བ་མཁས་གྲུབ་རྒྱ་མཚོ་འཁྲུངས་པ་དང་།།
བཙན་པོ་འཇམ་ཆོས་བསྟན་འཕྲིན་ཁྲི་ཆེན་ངག་ཆོས་དང་།།
ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་འདས་ཞེས་བཤད།།
ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་གོ་བརྒྱད་ལོར།།
འཇིགས་མེད་དམ་ཆོས་རྒྱ་མཚོ་འཁྲུངས་པ་དང་།།
ཐུའུ་བཀྭན་སྐལ་བཟང་དམ་ཆོས་ཉི་མ་དང་།།
ཤིང་བཟའ་སྤྲུལ་སྐུ་ལ་སོགས་འཁྲུངས་ཞེས་གསལ།།
རབ་བྱུང་བཅུ་དྲུག་ས་ཕོ་ཁྱི་ལོ།།
ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ང་བརྒྱད་ཡིན།།
བསྟན་པར་ཉམས་འགྲིབ་ཆེ་ཞེས་ཚེ་ཏན་གསུངས།།
རྒྱལ་བས་ལྷ་སར་ལྷ་རམས་དམ་འཇོག་མཛད།།
རྫོགས་སོ།།
ས་ཕོ་ཁྱི་ཡི་ལོ་རྒྱུས་སྙིང་བསྡུས་འདི་ནི། དེ་སྔར་འདི་ག་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་མཁས་དབང་ཁཱ་ར་(György Kara)ཡིས་སོག་པོའི་ལོ་སར་སྐབས་སོག་པོའི་རྒྱལ་རབས་དང་ལོ་རྒྱུས་ལས་ལོ་དེའི་གལ་ཆེའི་མཛད་པ་རྣམས་དྲངས་ཏེ་ལོ་སར་ལ་བསུ་བ་བྱེད་པ་དེ་ཉིད་ལ་དཔེར་ལེན་གྱིས་ དགེ་རྒན་ཆེན་མོ་སྤེར་ལིང་(Elliot Sperling)གིས་ཀྱང་སློབ་གྲྭ་ཆེན་མོའི་བོད་ལུགས་ལོ་སར་སྐབས་སུ་ རབ་བྱུང་དང་པོ་ནས་ད་བར་གྱི་ལོ་རེའི་མཛད་པ་འཆད་པའི་སྲོལ་ཞིག་བྱུང་ཞིང་། དེ་དག་ལ་རྗེས་སུ་ཡི་རངས་པ་དང་བཅས་ཕྲན་གྱིས་ལོ་ཤས་རིང་འདི་ལྟ་བུ་ཞིག་བསྡེབས་པ་ཇི་བཞིན། འདི་ལོར་ཡང་བསྟན་རྩིས་ཀུན་བཏུས་དང་ལོ་ཚིགས་དྭངས་ཤེལ་མེ་ལོང་གཉིས་ལས་བཏུས་ཏེ་བཀོད་པ་དགེའོ།། ས་ཁྱི་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
རབ་བྱུང་བཅུ་དྲུག་ས་ཕོ་ཁྱི་ཡི་ལོར། །
ཆིག་སྟོང་དགུ་བརྒྱ་ང་བརྒྱད་ཏག་ཏག་འཁེལ། །
ལོ་དེའི་བོད་ཟླ་བཅུ་གཅིག་ནང་རོལ་དུ། །
ཀརྡོ་ང་རང་སྐྱེས་པ་ཕ་མས་བཤད། །
ད་ནི་ལོ་རྒན་དྲུག་ཅུ་ཐལ་ཟིན་སོང་། །
དྲུག་ཅུ་རེ་གཅིག་ས་ཁྱིའི་ལོ་ཀག་ཟེར། །
ལོ་ཀག་ཟླ་ཀག་ཞག་ཀག་ཡོད་དམ་མེད། །
སང་ཉིན་ནས་བཟུང་ཀག་ཅིག་ཡོད་མེད་ལྟ། །
བོད་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུའོ། འདི་དང་འདི་ཞེས། ལོ་ཚིགས་ཤེས་པར་འདོད་པ་བདག་ལྟ་བུ་དག་གིས་འདི་རིགས་ལ་དོ་སྣང་བྱ་དགོས་པས། མཛད་པ་པོ་ལ་བཀའ་དྲིན་ཆེའོ།
་
ཕྱི་ལོ་དང་སྤྱི་ལོར་དཔྱད་པ། བོད་རང་སྐྱོང་ལྗོངས་ཡིན་པའི་སྐབས་སུ། ནུབ་ཕྱོགས་པ་ལ་ཕྱི་གླིང་པ་དང་། དེ་དག་གིས་བྲིས་པའི་ལོ་རབས་ལ་ཕྱི་ལོ་ཞེས་བྲིས་པ་འཐད་ལྡན་དུ་སྣང་ཡང་། སྤྱིར་སྔར་ལོ་ངོ་རྩིས་སྐབས་སུ། ཡེ་ཤུའི་འདས་ལོ་ཞེས་འབྲི་བ་ཡོད་ཀྱང་། དིང་སང་དེ་ལྟར་མ་ཡིན་པར། common era [སྤྱིར་སྟངས་དུས་སྐབས] འདིའི་བསྡུས་ཚིག་[CE] བོད་ཀྱང་ཛམ་གླིང་སྤྱི་དང་མཐུན་པར་རྟེན་འབྲེལ་གྱིས་སྤྱི་ལོ་འབྲི་བ་ལེགས་པར་མཐོང་ངོ་།
བཅོམ་གཏོར། ཞེས་པར། གཏོར་བཅོམ། ཞེས་ཡོངས་གྲགས་སུ་མཐོང་།
ལོ་སར་ལ། ལོ་གསར་གྱི་ག་སྔོན་འཇུག་དོར་པ་ལ་རྒྱུ་མཚན་ཡོད་དམ། མེད་ན་རྟེན་འབྲེལ་ལ་མི་གནོད་དམ།
྄རྒན་ལ་དྭགས་འཇམ་དཔལ་ལགས་། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ། རྒན་གྱིས་མི་ང་འདྲ་བར་བཀའ་དྲིན་བླ་ན་མེད་པ་ཆེན་པོ་གནང་བཞིན་པར་སྙིང་ཁུང་རུས་པའི་གཏིང་ན་ཐུགས་ཆེ་ཞུ། དཔེར་ན་དེ་སྔ་ངས་བཀྲིན་ཆེ་ཞེས་བྲིས་ཀྱིས་ཡོད། འོན་ཀྱང་རྒན་ལགས་ཀྱིས་ཚིག་བསྡུས་རྒྱབ་རྒྱུ་མེད་པའི་སྐོར་ལུང་ཡག་པོ་ངོ་སྤྲོད་གནང་བའི་རྗེས་། ངས དངོས་སུ་ཞལ་མཇལ་གསུང་ཐོས་མ་མྱོང་བའི་རྒན་ལགས་ཀྱི་བཀའ་བརྩིར་དྭང་ལེན་ཞུ་བཞིན་ཡོད། ཐུགས་རྗེ་ཆེ། འབྲེལ་བ་ཞུ་སའི་email གི་ཞལ་བྱང་ཞིག་གནང་ཐུབ་པ་ཡིན་ན་འབྲེལ་བ་ཞུ་འདོད་ཆེ།
ཀ་བ་ཚེ་རིང་ལེགས། ངའི་གློག་འཕྲིན་email ཁ་བྱང་ནི། lj@columbia.edu འདིར་སློབ་གྲྭར་སྦྱོང་བརྡར་འཐོན་པས། དིང་སང་ཨ་རིའི་ཕྱི་ལོགས་སུ་བསྡད་ཀྱང་། གློག་འཕྲིན་email ཁ་བྱང་སྤྱོད་ཆོག་པ་ཡིན།
iI དང་ lL ཨིན་ཡིག་སྔ་མའི་ཕྱི་མ་དང་། ཨིན་ཡིག་ཕྱི་མའི་སྔ་མ་གཉིས་ནོར་དོགས་ཡོད་འདུག
ཐུགས་རྗེ་ཆེ་།
ལྷ་སའི་ཇོ་ཁང་ལ་མེ་སྐྱོན་་་་
https://www.facebook.com/tenzin.penpa1/videos/pcb.1565522603496289/1565522116829671/?type=3&theater