བོད་རིགས་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་ལ་བཅར་འདྲི།
བཅར་འདྲི་བྱེད་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།
༡ ཁྱེད་རང་གིས། བོད་ནས་ས་སྤྱི་རྒྱ་ཁྲི་གཉིས་དབོར་ནས་རྡ་སར་ས་ཡི་སྟེགས་བུ་དེ་བསྐྲུན་པའི་རྒྱབ་ལྗོངས་ངོ་སྤྲོད་ཅིག་གནང་རོགས།
ལན། ངས་བོད་ནས་ས་དབོར་དགོས་བའི་རྒྱབ་ལྗོངས་གི་རྒྱུ་མཚན་གཉིས་མ་གཏོགས་མེད་། རྒྱུ་མཚན་དང་པོ་དེ་ང་རང་སྒེར་བས་སྒྱུ་རྩལ་ལ་ལྟ་སྟངས་དང་རྒྱུ་མཚན་གཉིས་པ་དེ་ང་སྒེར་བའི་ལོ་རྒྱུས་དང་འབྲེལ་བ་ཡོད་། དེང་སང་བོད་པའི་སྤྱི་ཚོགས་ཁྲོད་། རི་མོའི་སྒྱུ་རྩལ་ཟེར་དུས་ཆུང་ས་ཞིག་ནས་བལྟ་གི་འདུག་མ་གཏོགས་ཆེ་ས་ནས་བལྟ་གི་མི་འདུག ང་སྒེར་གྱི་བསམ་ཚུལ་ལ། རི་མོའི་སྒྱུ་རྩལ་ཟེར་དུས་ཧ་ཅང་རྒྱ་ཆེན་པོ་རེད་། རྒྱ་ཆེན་པོ་དེ་ལ་བལྟ་ས་དེ་ཡང་རྒྱ་ཆེན་པོ་དགོས་གི་རེད་། དེར་བརྟེན། རྒྱ་ཆེན་པོ་ཡིན་པ་དེ་འཛམ་གླིང་དང་བསྡུར་ནས་རྒྱལ་སྤྱིའི་གར་སྟེགས་ཐོག་བོད་པའི་སྒྱུ་རྩལ་སླེབས་ཐུབ་ན་བསམ་པ་དེ་ཡིན། རྒྱུ་མཚན་གཞན་ཞིག་ནི། ངའི་ཕ་ལགས་དང་ཁོང་གི་ཕ་ལགས་སོགས་ཚུད་པའི་བཙན་བྱོལ་གྱི་མི་རབས་རྒན་པ་ཚོས། བོད་ལ་ལོག་ཐུབ་རྒྱུའི་རེ་བ་སྙིང་ལ་བཅིངས་ནས་གཞན་གྱི་ལུང་པར་མིག་ཟུང་བཙུམས་དགོས་བྱུང་བ་རེད་། ཁོང་ཚོ་འཆི་ཁ་མ་དེར་བོད་ཀྱི་སའི་ཐོག་ལ་རྐང་པ་འཇོག་ཐུབ་ཡོད་མ་རེད་། ད་དུང་། བོད་ལ་ལོག་འདོད་ཀྱི་བསམ་བློ་དེ་བཙན་བྱོལ་བོད་མི་ཚང་མའི་སེམས་ན་ཡོད་རེད་། ངས་ས་ཡི་སྟེགས་བུ་དེ་བསྐྲུན་ནས་བཙན་བྱོལ་བོད་མི་རྣམས་ཀྱི་སེམས་སུ་བོད་དུ་སླེབས་པའི་ཚོར་སྣང་ཙམ་བསྐྲུན་རྒྱུ་མ་ཡིན་པར་། བོད་ལ་སླེབས་ན་ཟེར་བའི་དྲི་བ་ཞིག་སྤྲད་འདོད་བྱུང་། རྒྱབ་ལྗོངས་རྒྱུ་མཚན་གཉིས་ཀ་འདི་འདྲ་ཞིག་རེད་།
༢ ས་སྤྱི་རྒྱ་ཁྲི་གཉིས་དབོར་བའི་བརྒྱུད་རིམ་ཁྲོད་། ཁྱེད་ལ་དཀའ་ངལ་གཙོ་བོ་ག་རེ་འཕྲད་སོང་།
ལན། དཀའ་ངལ་ཆེ་ཆུང་མང་པོ་འཕྲད་སོང་། དཀལ་ངལ་གཅིག་ནི་། བོད་མི་མང་པོ་ཧི་མ་ལ་ཡ་བརྒྱུད་ནས་སྐྱབས་བཅོལ་ལ་འབྱོར་གི་ཡོད་པ་ནང་བཞིན། ས་དེ་ཡང་ལུང་པ་ཁ་ཤས་བརྒྱུད་ནས་དབོར་འདྲེན་བྱེད་དགོས་བྱུང་བ་རེད་ལ། དཀའ་ངལ་གང་འཚམས་འཕྲད་སོང་། ལུང་པ་ཁ་ཤས་བརྒྱུད་ནས་ས་དབོར་རྒྱུ་དེ་ལས་སླ་བོ་མ་རེད་ལ་ལས་དོན་དེ་ཚགས་ཚུད་ཡོང་བར་ལུས་སེམས་གཉིས་ཀར་དཀའ་ངལ་འདུག དཀའ་ངལ་ཞིག་ནི་། འགྲོ་གྲོན་གྱི་དཀའ་ངལ་རེད་། བོད་ནས་ས་དབོར་རྒྱུ་དེ་འགྲོ་གྲོན་ཆུང་ཆུང་མ་རེད་། འགྲོ་གྲོན་ཧ་ཅང་རྒྱ་ཆེན་པོ་རེད་། འགྲོ་གྲོན་ཕོན་ཆེན་པོ་སོང་ཡོད་པ་རེད་། འགྲོ་གྲོན་ཟེར་དུས་དངུལ་གྱི་འགྲོ་གྲོན་གཅིག་པོ་མ་རེད་། མིའི་བསམ་བློ་དང་དུས་ཚོད་། ཐ་ན་མིའི་ཚེ་སྲོག་གི་འགྲོ་གྲོན་ཡང་ཤོར་གི་རེད་བསམ་པའི་གནས་སྟངས་དེ་འདྲ་འཕྲད་པ་རེད་། འགྲོ་གྲོན་དེ་ཡང་ཟླ་ངོ་གཅིག་གཉིས་ཀྱི་འགྲོ་གྲོན་མ་རེད་། ཟླ་བ་བཅུ་བདུན་ལྷག་གི་འགྲོ་གྲོན་ཕྱིན་ཡོད་པ་རེད་། ལས་འཆར་དེ་འགོ་བཙུགས་ནས་མཇུག་སྒྲིལ་མཚམས་བར་དུ་ཁྱོན་ཟླ་ངོ་བཅུ་བདུན་ཙམ་ཕྱིན་པ་རེད་། འཛམ་བུ་གླིང་ལ་ལས་འཆར་འདིའི་གདོང་པ་ངས་སྟོན་གི་ཡོད་རུང་། དོན་དངོས་སུ། ལས་འཆར་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་མི་མང་པོས་གཞོགས་འདེགས་བྱས་ཡོད་པ་རེད་།
༣ ད་ཕན་བོད་ཀྱི་ལོ་རྒྱུས་ཐོག བོད་ནས་ས་དབོར་ཏེ་སྒྱུ་རྩལ་གྱི་སྟེགས་བུ་བསྐྲུན་མཁན་ཐོག་མ་དེ་ཁྱེད་རང་ཡིན་དུས། ཚོར་སྣང་ག་འདྲ་བྱུང་།
ལན་། ང་རང་སྒེར་ལ་མཚོན་ན། ཚོར་སྣང་དེ་ཡག་ཕྱོགས་ནས་རེད་། གང་ཡིན་ཞེ་ན། ངའི་ལས་འཆར་དེར་མི་མང་གིས་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེར་བསྟན་སོང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་རྒྱབ་སྐྱོར་བྱས་སོང་། ད་དུང་། འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཆེ་ཆུང་ཆིག་སྟོང་ལྷག་གི་སྒང་ལ་ལས་འཆར་འདིའི་སྐོར་སླེབས་འདུག བོད་རིགས་རི་མོའི་སྒྱུ་རྩལ་བ་དང་རྩོམ་འབྲི་བ་ཚོ་གཙོས་བའི་སྒྱུ་རྩལ་བ་གཞན་དག་གིས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་འདུག གང་ལྟར་། ལས་འཆར་འདི་ལེགས་འགྲུབ་བརྒྱུད་ང་ལ་དགའ་བའི་ཚོར་སྣང་དེ་བྱུང་།
༤ ཁྱེད་རང་རི་མོའི་སྒྱུ་རྩལ་བ་ཙམ་མ་ཡིན་པར་རྩོམ་པ་པོ་ཞིག་ཀྱང་ཡིན་དུས། ཁྱེད་རང་ལ་སྒྱུ་རྩལ་ཟེར་བ་དེར་བལྟ་སྟངས་ཅི་འདྲ་ཞིག་ཡོད་།
ལན། སྒྱུ་རྩལ་ཟེར་དུས་གཙོ་བོ་ས་མཚམས་མེད་པ་དེ་རེད་། སྒྱུ་རྩལ་ལ་ས་མཚམས་ཡོད་མ་རེད་། དཔེར་ན། རི་མོའི་སྒྱུ་རྩལ་གྲགས་ཅན་མང་ཆེ་བ་རྩོམ་པ་པོ་ཡང་རེད་། གང་ལྟར་། མིའི་བསམ་བློ་ལ་ས་མཚམས་མེད་པ་ནང་བཞིན། སྒྱུ་རྩལ་ལ་ཡང་ས་མཚམས་ཡོད་མ་རེད་། རི་མོའི་སྒྱུ་རྩལ་བ་ཚོར་མཚོན་ན། ཁོང་ཚོའི་སྒྱུ་རྩལ་དེ་རི་མོའི་སྒང་ན་ཡོད་རེད་། རྩོམ་པ་པོ་ཚོར་མཚོན་ན། ཁོང་ཚོའི་སྒྱུ་རྩལ་དེ་ཚིག་གི་སྒང་ན་ཡོད་རེད་། ཁོང་ཚོས་ཚིག་གི་རི་མོ་འབྲི་གིན་ཡོད་པ་རེད་། འོན་ཀྱང་། རི་མོའི་སྒྱུ་རྩལ་བ་ཞིག་ལ་མཚོན་ན། གཙོ་བོ་དེ་རི་མོའི་རྩལ་དེ་མ་རེད་། གཙོ་བོ་དེ་རི་མོ་ཐོན་སའི་ནང་བསམ་བློ་དེ་རེད་། ནང་གི་བསམ་བློ་དེ་རི་མོའི་སྒང་ལ་ཕབ་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་རེད་། ནང་བསམ་བློ་དང་རི་མོ་གཉིས་དབྱེར་མེད་དུ་འདྲེས་ཐུབ་པ་དགོས་རེད་། ལྷག་པར་དུ། རི་མོ་ལ་ཡག་སྡུག་གི་སྐད་ཆ་ཡོད་མ་རེད་། འོན་ཀྱང་། དྲང་པོ་དང་དྲང་པོ་མ་ཡིན་པའི་སྐད་ཆ་ཡོད་རེད་།
རི་མོའི་སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་གྱི་ངོ་སྤྲོད་མདོར་བསྡུས།
བསྟན་འཛིན་རིག་གྲོལ་ལགས་ནི། ཕྱི་ལོ་༡༩༨༢ལོར་བལ་ཡུལ་གྱི་བོད་མི་སྐྱབས་བཅོལ་བའི་ནང་མི་ཞིག་ཏུ་སྐྱེས། ཁོང་ནི་། ནེའུ་ཡོག་ཏུ་གནས་སྡོད་བྱེད་མཁན་གྱི་དེང་རབས་བོད་ཀྱི་སྒྱུ་རྩལ་བ་ཞིག་ཡིན། རིག་གྲོལ་གྱི་ལས་ཀ་དག་ནི་ཚོན་བྲིས་དང་འཇིམ་བཟོ། བརྙན་ཕབ་བཅས་ཚུད་པའི་ལག་ཤེས་སྣ་མང་གི་ཁོངས་སུ་ཚུད་ཡོད་། ཁོང་ནི་བོད་ཀྱི་སྲོལ་རྒྱུན་སྒྱུ་རྩལ་དང་ནུབ་ཕྱོགས་སྒྱུ་རྩལ་གཉིས་སུ་སྦྱངས་བ་ཐོན་ཡོད་ལ། ཁོང་ནས་བལ་ཡུལ་གྱི་ཤེལ་དཀར་མཆོད་རྟེན་དགོན་པ་རུ་ཚོན་བྲིས་དང་མར་རྒྱན་བཅས་ལ་སློབ་སྦྱོང་བྱས་ཤིང་། བལ་ཡུལ་གྱི་ཐང་ཀ་སློབ་གྲ་རུ་བོད་ཀྱི་ཐང་ཀའི་སྐོར་ལ་སློབ་སྦྱོང་མཛད་། ཕྱི་ལོ་༢༠༠༥ལོར། ཁོང་ནས་རི་མོའི་སྒྱུ་རྩལ་དང་སྒྱུ་རྩལ་གྱི་ལོ་རྒྱུས་ཐོག་། ཨ་རིའི་ཁོ་ལོ་ར་སྒྲོའི་གཙུག་ལག་སློབ་ཁང་(The University of Colorado)དུ་རིག་གནས་རབ་འབྱམས་པ་ཐོན། ཉེ་བའི་ཆར་གྱི་ཁོང་གི་རི་མོའི་འགྲེམས་སྟོན་ཁག་ནི། ལོན་སྒྲོན་གྱི་ Rossi དང་ Rossi ལ་མཉམ་སྦྲེལ་ཐོག རྒྱ་གར་མོམ་རྦེ་(Mumbai)ཡི་བོལ་ཀྲེས་འགྲེམས་སྟོན་(Volte Gallery)སྟེ། “བོད་ཀྱི་དེང་རབས་སྒྱུ་རྩལ དཀྱིལ་འཁོར་གྱི་ཕ་རོལ།” (Contemporary Art from Tibet, Beyond the Mandala ) ཕྱི་ལོ་༢༠༡༠ལོར་ལོན་སྒྲོན་གྱི་ Rossiདང་Rossi ཡིས་བཀོད་སྒྲིག་བྱས་བའི། “ཤོག་བུའི་སྟེང་གི་བྱ་བ།”
ཕྱི་ལོ་༢༠༡༠ལོར་རྒྱ་ནག་པེ་ཅིང་སོང་གྲང་སྒྱུ་རྩལ་ལྟེ་གནས་(Songzhuang Art Center, Beijing ) ཀྱིས་བཀོད་སྒྲིག་བྱས་བའི་། “ཉི་བཀྲག་འགྲེམས་སྟོན།” ( Scorching Sun of Tibet )ཕྱི་ལོ་༢༠༡༠ལོར་ནེའུ་ཡོག་གི་རོ་སྦིན་འགྲེམས་སྟོན་ཁང་གིས་བཀོད་སྒྲིག་བྱས་བའི་། “སྲོལ་རྒྱུན་འགྱུར་བ་། བོད་ཀྱི་སྒྱུ་རྩལ་བའི་ཡ་ལན།” (Tradition Transformed – Tibetan Artist’s Respond)
ཕྱི་ལོ་༢༠༠༨ལོར། བསྟན་འཛིན་རིག་གྲོལ་ལགས་སུ། རོ་སྦིན་འགྲེམས་སྟོན་ཁང་གིས་ཧི་མ་ལ་ཡའི་སྒྱུ་རྩལ་གྱི་གཟེངས་རྟགས་འཐོབ།
བསྟན་འཛིན་རིག་གྲོལ་ལགས་ནི་སྙན་ངག་པ་ཞིག་ཀྱང་ཡིན་། ད་ཕན། ཁོང་ནས་ ( “R”-the frozen ink 2008) “སྐྱབས་བཅོལ་བ། འཁྱག་ལ་འབྱར་བའི་སྣག་ཚ་།” དང་ (Anotmy of Nights 2011) “མཚན་མོའི་རུས་ཀྲང་།” (Butterfly’s wings 2011) “ཕྱེ་མ་ལེབ་ཀྱི་གཤོག་ཟུང་” བཅས་དཔར་བསྐྲུན་བྱས་ཡོད་།
སྒྱུ་རྩལ་པ་ལ་བཀྲ་ཤིས་བདེ་ལེགས་དང་རིན་འབྱུང་ལ་འཚམས་དྲི་ཡོད།
རྣམ་པ་ལྷན་རྒྱས་ཀྱི་བཅར་འདྲི་འདི་རིན་ཐང་ལྡན་པ་ཞྀག་ཏུ་མཐོང་བས་རང་ངོས་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
སྒྱུ་རྩལ་པ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་བོད་ནས་ས་སྤྱི་རྒྱ་ཁྲི་གཉིས་དབོར་ནས་རྡ་སར་ས་ཡི་སྟེགས་བུ་དེ་བསྐྲུན་པ་དེར་བོད་མི་མང་པོས་དགའ་བསུ་ཐོབ་པར་མ་ཟད། བོད་ས་དང་བོད་པ་གཉིས་ནམ་ཡང་འབྲལ་ཐབས་མེད་པའི་མཚོན་དོན་ཟབ་མོ་ཞིག་ཡོད་པས་བསམ་བློའི་སྒྱུ་རྩལ་པ་ཁོང་ལ་བསྔགས་བརྗོད་ཡོད།
ཁོང་གི་བྱ་བཞག་དེར་སེམས་གཏིང་ནས་གུས་པ་ཡོད། ད་དུང་དྲི་བ་བྱེད་མཁན་ལ་ཡང་བཀའ་དྲིན་ཆེ་ཞུ། རྩོམ་ཡིག་དེ་དག་ནི་དབྱིན་ཡིག་གི་སྟེང་ནས་སྤེལ་བ་རེད་དམ།
དེ་སྔ་ས་དེ་བོད་ཀྱི་ས་ཆ་གང་ནས་ཇི་ལྟར་དབོར་ལུགས་འདྲི་མཁན་གཅིག་ཀྱང་བྱུང་མེད་ལ་ཁྱོས་ཀྱང་དྲིས་མི་འདུག ང་ནི་ས་དེ་བོད་ནས་དབོར་བ་ཡིན་ཟེར་བ་དེ་བདེན་པ་ཡིན་མིན་ཐད་ད་དུང་དོགས་པ་ཡོད། ས་དེ་མུ་ན་ལི་ནས་དབོར་ཡོང་བ་མིན་པའི་ཁུངས་སྐྱེལ་ག་རེ་ཡོད། ས་དེ་རྡ་ཤོད་ནས་དབོར་ཡོང་བ་མིན་པའི་བདེན་དཔང་ག་རེ་ཡོད།
ཁོས་ས་དེ་དབོར་བ་དེ་སྒྱུ་རྩལ་པའི་སྒྱུ་རྩལ་གྱི་ཐོན་དངོས་འགྲེམ་སྟོན་བྱས་པ་ཞིག་ཏུ་རྩི་བཞིན་འདུག་པས། སྒྱུ་རྩལ་པས་སྒྱུ་རྩལ་གྱི་ཐོན་དངོས་བསྐྲུན་པ་ལ་བྱ་འགུལ་ཚང་མ་བདེན་པ་ཡིན་དགོས་པའི་ངེས་པ་ཡོད་ནི་མ་རེད། ངས་དོགས་པ་ཟ་དགོས་པའི་རྒྱུ་མཚན་གཅིག་ནི་འདི་ཡིན་ལ། རྒྱུ་མཚན་ཨ་མ་དེ་ནི་ཁོས་ད་བར་ས་དེ་བོད་ས་གང་ནས་ཇི་ལྟར་དབོར་ཡོང་བའི་སྐོར་ཚིག་གཅིག་ཀྱང་བརྗོད་མ་སོང་བ་དེ་ཡིན།
ཀླུ་སྨྱོན་ལགས།
ཁྱེད་ཀྱི་དྲི་བ་དེ་ངས་སྔ་མོ་ནས་མཐོང་། དེར་བརྟེན། ངེད་ནས་བཅར་འདྲི་བྱེད་དུས་། ས་འཁྱེར་ཡོང་སའི་ས་ཆའི་མིང་བྲིས་ན་འགྲིག་གམ་ལབ་དུས། དེ་གསལ་བོར་བྲིས་ན། མི་རྒྱུ་མང་པོར་དཀའ་ངལ་འབྱུང་སྲིད་པ་རེད་ཟེར། དེ་ལ་རྒྱུ་མཚན་འདུག་བསམ་སོང་། འོན་ཀྱང་། ཁོང་ནས་ལས་འཆར་འདིའི་མགོ་མཇུག་ཚང་མ་པར་ལེན་དང་གློག་བརྙན་བླངས་ཡོད་པ་རེད་ལ། དེའི་སྐོར་ནས་དངོས་བྱུང་གློག་བརྙན་ཞིག་ཀྱང་མི་འགྱངས་བར་ཐོན་གི་རེད་། དངོས་བྱུང་གློག་བརྙན་དེའི་ཁོངས་སུ་ཚང་མ་གསལ་ཐིང་ངེར་འདུག
དེ་ཙམ་ཡིན།
་་རྩོམ་པ་པོ་ཚོར་མཚོན་ན། ཁོང་ཚོའི་སྒྱུ་རྩལ་དེ་ཚིག་གི་སྒང་ན་ཡོད་རེད་། ཁོང་ཚོས་ཚིག་གི་རི་མོ་འབྲི་གིན་ཡོད་པ་རེད་་ ཟེར་བ་དེར་ངོས་ལེན་ཡོངས་སུ་བྱེད་དཀའ།
རྩོམ་རིག་སྒྱུ་རྩལ་ཡིན་ན་སེམས་ལ་འབྲེལ་བ་ཡོད་པ་མ་རེད་དམ། རྩོམ་རིག་སྒྱུ་རྩལ་ལ་དོན་དངོས་དང་མི་མཐུན་པའི་དམའ་ཕབ་འདུག
༄། གོང་གི་ས་བོད་ནས་དབོར་ཡིན་མིན་དོཊ་པ་ཡོད་མེད་འདྲི་མཁན་དེ་ཚོ་ལ་བཤད་རྒྱུར། ས་ནག་བོད་ནས་འཁྱེར་ཡོང་རྒྱུ་དཀའ་མོ་ཞིག་མ་རེད། ངས་སྔོན་རང་ཡུལ་གྱི་དགོན་པའི་ནང་གི་ས་རྒྱ་གར་ལ་དབོར་ནས་ད་ལྟ་བླ་བྲང་ཞིག་ན་མེ་ཏོག་བཙུག་ཡོད། ངའི་གྲོཊ་པོ་༼བོད་པའི་ཚོང་བ༽་ཞིག་གི་བོད་ཀྱི་ས་ནག་འཇར་པན་ཊོ་ཡ་ཊོ་མོ་ཊའི་བཟོ་གྲ་བརྒྱུད་ནས་Saudi་ལ་བཙོང་ནས་ཕྱེ་ཐང་སྔོ་ལྗང་ཅན་ལ་བསྐྲུན་པའི་ལས་ཀ་བྱས་ཡོད།
བོད་། ལྷ་ཀླུ་གཉན་གསུམ་ལགས།
གོང་གི་དེབ་དེ་ཚོ་དབྱིན་ཡིག་ནང་ལ་རེད་། ཁོང་དབྱིན་ཡིག་ནང་སྙན་ངག་འབྲི་མཁན་ཞིག་ཀྱང་རེད་། ལྷག་པར་དུ་། སྙན་དེབ་ཕྱི་མ་(Butterfly’s wings 2011) “ཕྱེ་མ་ལེབ་ཀྱི་གཤོག་ཟུང་”ཟེར་བ་དེ་བུད་མེད་དང་ཆགས་སྲེད་། སྤོབས་པ་དང་སྡུག་བསྔལ་སོགས་མི་སྒེར་བའི་ཉམས་མྱོང་གཞིར་བཞག་ཐོག་བྲིས་འདུག
ཨ་ཁུ་མགོན་པོས་གསེག་འདྲི་གི་ཡོད་པ་འདྲ་། སྒྱུ་རྩལ་བ་ཁོང་རྩོམ་རིག་སྒྱུ་རྩལ་དེ་སེམས་ལ་འབྲེལ་བ་མེད་པར་བསམ་མཁན་ཞིག་མ་རེད་། དེའི་རྒྱུ་མཚན་གཅིག་ནི། གོང་གི་བཅར་འདྲིའི་ཁོངས་སུ་ཁོང་གིས། “རི་མོའི་སྒྱུ་རྩལ་བ་ཞིག་ལ་མཚོན་ན། གཙོ་བོ་དེ་རི་མོའི་རྩལ་དེ་མ་རེད་། གཙོ་བོ་དེ་རི་མོ་ཐོན་སའི་ནང་བསམ་བློ་དེ་རེད་། ནང་གི་བསམ་བློ་དེ་རི་མོའི་སྒང་ལ་ཕབ་ཐུབ་རྒྱུ་དེ་ཧ་ཅང་གལ་ཆེན་རེད་། ནང་བསམ་བློ་དང་རི་མོ་གཉིས་དབྱེར་མེད་དུ་འདྲེས་ཐུབ་པ་དགོས་རེད་།” གསུངས་འདུག་པ་འདིས་། ནང་སེམས་དེ་གལ་ཆེན་ཡིན་པ་གསལ་སྟོན་བྱེད་གི་འདུག་དྲན། རྩོམ་པ་པོ་ཚོས་ཚིག་གི་རི་མོ་འབྲི་གིན་ཡོད་པ་རེད་ཟེར་བ་དེ་དཔེ་མཚོན་བྱེ་བྲག་པ་གཅིག་རེད་། གང་ལྟར། ཨ་ཁུ་མགོན་པོས་དེ་རིང་སང་ཉིན་རྩོམ་ཡིག་ཆར་བ་འབབ་འབབ་གནང་བཞིན་པར་སྙིང་ནས་བཀའ་དྲིན་ཆེ་ཞུའོ། ཨ་ཁུ་མགོན་པོས་དོན་དག་ཤོད་མིན་གང་ལྟར་ཡང་། ཁྱེད་ཀྱི་ཚིག་ལ་གཞན་ལས་ལྷག་པའི་རྣོ་ཞིག་འདུག དེ་ཙམ་བྱོས།
ཡ་མཚན། ས་དབོར་སྟངས་ཀྱི་གློག་བརྙན་སྤྱི་ཚོགས་སྟེང་ཐོན་གྲབ་ཡོད་པ་དང་ས་ཇི་ལྟར་དབོར་ལུགས་ད་དུང་མི་བཤད་པ་གཉིས་ཀྱིས་ངའི་ཀླད་པ་ཆུང་ཆུང་དེ་ཁེངས་ནས་འགད་གྲབ་འདུག་པས། གྲོགས་པོ་ཚོ་ཐག་ཉེར་མ་བཏུད།
སྒྱུ་རྩལ་ཕྱོགས་ལ་དགའ་མོས་ཡོད་མཁན་ཅིག་རེད་ཅེས་ན་འོས་འཚམས་རེད་མ་གཏོགས།བོད་ཀྱི་སྒྱུ་རྩལ་པ་སོགས་མིང་ཆེན་པོ་བཏགས་པ་མིག་ལྟོས་ངན་པ་རེད།ཁོ་ལ་སྒྱུ་རྩལ་བརྩམས་ཆོས་གྲགས་ཅན་གང་འདྲ་ཅིག་ཡོད་པ་རེད།དོན་དངོས་སུ་ཁོང་tcvཀི་སློབ་གྲྭ་འཐོན་ཙམ་ཞིག་དང་རི་མོ་སྦྱང་བཞིན་པ་ཅིག་རེད།
ཁོང་ལྟ་བུའི་རི་མོ་འབྲི་མཁན་རྡ་རམ་ས་ལ་གཅིག་པུའི་ནང་བོད་མི་མང་པོ་ཡོད་པ་རེད།ཁོ་ལ་ང་ཚོས་ཉེ་སྔོན་ཁ་བརྡ་མང་པོ་བྱས་ཡིན་ཏེ་བསམ་བློའི་ཆ་ནས་ཕྲུ་གུ་ཅིག་རེད་འདུག
ས་གང་ནས་དབོར་ཡིན་དྲིས་ཡིན་ཏེ་དེ་གསང་བ་ཡིན་པ་དང་རྗེས་སུ་གློག་བརྙན་ཅིག་ཀྱང་བཟོ་རྒྱུ་ཡིན་པས་སུ་ལ་བཤད་རྒྱུ་མིན་ཟེར།
གང་ལྟར་རྗེས་མ་ང་ཚོས་མི་དཀྱུས་མ་ཚོར་ཀྱང་སྒྱུ་རྩལ་པ་གྲགས་ཅན་དང་རྩོམ་པ་པོ་སོགས་ཁྱི་ལ་སེང་གེའི་མིང་མ་བཏགས་ན་ཡག་པོ་འདུག་སྙམ།དེ་འདྲ་མང་པོ་བྱས་ན་རིམ་པས་ང་ཚོ་མགོ་མེད་རྔ་མེད་ཅིག་ཆགས་ཀྱི་རེད།
སྒྱུ་རྩལ་ཕྱོགས་ལ་དགའ་མོས་ཡོད་མཁན་ཅིག་རེད་ཅེས་ན་འོས་འཚམས་རེད་མ་གཏོགས།བོད་ཀྱི་སྒྱུ་རྩལ་པ་སོགས་མིང་ཆེན་པོ་བཏགས་པ་མིག་ལྟོས་ངན་པ་རེད།ཁོ་ལ་སྒྱུ་རྩལ་བརྩམས་ཆོས་གྲགས་ཅན་གང་འདྲ་ཅིག་ཡོད་པ་རེད།དོན་དངོས་སུ་ཁོང་tcvཀི་སློབ་གྲྭ་འཐོན་ཙམ་ཞིག་དང་རི་མོ་སྦྱང་བཞིན་པ་ཅིག་རེད།
ཁོང་ལྟ་བུའི་རི་མོ་འབྲི་མཁན་རྡ་རམ་ས་ལ་གཅིག་པུའི་ནང་བོད་མི་མང་པོ་ཡོད་པ་རེད།ཁོ་ལ་ང་ཚོས་ཉེ་སྔོན་ཁ་བརྡ་མང་པོ་བྱས་ཡིན་ཏེ་བསམ་བློའི་ཆ་ནས་ཕྲུ་གུ་ཅིག་རེད་འདུག
ས་གང་ནས་དབོར་ཡིན་དྲིས་ཡིན་ཏེ་དེ་གསང་བ་ཡིན་པ་དང་རྗེས་སུ་གློག་བརྙན་ཅིག་ཀྱང་བཟོ་རྒྱུ་ཡིན་པས་སུ་ལ་བཤད་རྒྱུ་མིན་ཟེར།
གང་ལྟར་རྗེས་མ་ང་ཚོས་མི་དཀྱུས་མ་ཚོར་ཀྱང་སྒྱུ་རྩལ་པ་གྲགས་ཅན་དང་རྩོམ་པ་པོ་སོགས་ཁྱི་ལ་སེང་གེའི་མིང་མ་བཏགས་ན་ཡག་པོ་འདུག་སྙམ།དེ་འདྲ་མང་པོ་བྱས་ན་རིམ་པས་ང་ཚོ་མགོ་མེད་རྔ་མེད་ཅིག་ཆགས་ཀྱི་རེད།
འདི་དངོས་གནས་རེད།
ཁོང་ལྟ་བུ་རྡ་ས་དང་བཙན་བྱོལ་ནང་དུ་ག་ཚོད་དགོས་དགོས་འདུག
ས་བོད་ནས་དབོར་མིན་གང་ལྟར་དེ་རི་མོ་དང་སྒྱུ་རྩལ་ལ་འབྲེལ་བ་ཅི་ཡང་མི་འདུག
དེ་འུ་ཐུག་གི་སེམས་གསོ་ཙམ་རེད། ཨ་རི་ནས་ལས་ཀ་འདྲ་མ་རག་པས་དོན་མེད་མིང་སྐམ་འདི་ལྟ་བུ་གཉེར་འདོད་པས་རེད་འདོད། དངོས་གནས་ཁྱི་ལ་སེང་གེའི་མིང་མ་བཏགས་ན་ལེགས།
ཀླུ་སྨྱོན་གྱིས་ཡོད་ཚད་སྡ་ས་ནས་མཁྱེན་འདུག འདི་མིང་ལ་ད་བཟོད་ཉམས་མྱོང་རྒན་པོ་ལབ་ཀྱི་རེད།
དོན་བཀྲ་ལྟ་བུ་བསམ་བློ་མ་སྨིན་པ་འདི་དག་འབྲི་རྒྱུ་ཅང་མ་རྙེད་པས་དུས་ཚོད་འབུད་རྒྱག་གཏོང་གི་ཡོད་རེད། དོན་མེད་ཆུ་ཚོད་འཕྲོ་བརླག་རེད
ས་དབོར་པ་དང་འབྲེལ་བསམ་ཚུལ་ཙམ་ཞུས་ན་བཙན་བྱོལ་ནང་གི་བོད་མི་ཚོ་དངོས་གནས་བྱབ་ཆུང་ལ་མཐའ་མི་འདུག་ལ།ས་དེ་རྡ་སར་འབྱོར་ཉིན་ངུ་རྒྱུ་དང་དགོད་རྒྱུ་གཉིས་ཀ་བྱུང་།ས་དེ་ལ་བོད་མི་ཚོས་ཕྱག་འཚལ་པ་དང་ངུ་བ།ཁ་ལ་འགམ་པ་སོགས་ཧ་ལམ་བོད་རང་བཙན་ཐོབ་པ་ལྟ་བུ་ཅིག་གནང་གི་འདུག།འོན་ཀྱང་།ནམ་རྒྱུན་བོད་ནས་སྲོག་བློས་གཏོང་གིས་ཆབ་སྲིད་བཙོན་པ་རྣམས་འབྱོར་པར་ཚོར་བ་ཅི་གང་མི་འདུག་ལ།ད་ལོ་བོད་ནས་དབང་ཞུ་བར་གཞིས་ལུས་མི་མང་སྟོང་ཕྲག་མང་པོ་འབྱོར་སྐབས་ཧ་ལམ་ཚིག་ལན་ཙམ་རྫོགས་པ་ཚུན་ལ་གླ་ཆ་ལེན་བཞིན་པ་མ་ཟད།ཟ་ཁང་དང་མགྲོན་ཁང་།རླངས་འཁོར་གླ་ཆ་སོགས་ལྡབ་མང་པོ་སྤར་ཏེ་ཁྲིམས་འགལ་འཕྲོག་བཅོམ་བྱེད་ཀི་འདུག
ཕར་དྲིས་ན་རྒྱ་གར་གྱིས་དེ་འདྲ་བྱེད་བཞིན་པ་ལྟ་བུ་འགྲེལ་བཤད་བརྒྱབ་ཀི་འདུག་མོད།དོན་དངོས་སུ་བོད་པ་ཚོང་པ་རྣམས་དང་རྒྱ་གར་ཚོང་པ་ཚོ་ཁྱི་སྤྱང་ལག་འབྲེལ་རེད་འདུག
༄། བྲག་ཞོལ་སྤེན་པས་གསུང་བ་ལེཊ།
དངོས་གནས་དངུལ་མ་གཏོགས་བསམ་རྒྱུ་གང་ཡང་མེད་པའི་ཚོང་བ་ཞིག་ཡིན་ན་ཁོས་མགོ་སྐོར་གཏོང་སྲིད། བལ་ཡུལ་དང་རྒྱ་གར་ནང་ལའང་དེ་འདྲའི་ཚོང་བ་མང་པོ་ཡོད།
ས་དེ་བོད་ས་ཡིན་མིན་ལ་དོགས་མེད་དོགས་པ་ཟ་མཁན་ཚོར་སྤྲིངས་པ། སྤྱིར་བོད་ནས་དབོར་བ་དེ་དཀའ་ལས་ཁག་པོ་དེ་ཙམ་མིན། འོན་ཀྱང་། ས་ལྗིད་ཚད་མང་པོ་དེ་ཙམ་དབོར་ཐུབ་པ་ནི་ཁོང་གི་མི་ཚེའི་ཁྲོད་ནས་བྱ་གཞག་རླབས་ཆེན་ཞིག་འགྲུབ་པར་ངོས་འཛིན་བྱེད་པ་བཞིན་བྱེད་ཆོག་པ་ཡིན། ལས་འགུལ་འདི་ཡང་བོད་མི་རིགས་ཀྱི་ལ་རྒྱ་མཚོན་བྱེད་ཀྱི་རྣམ་པ་མི་འདྲ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ལས་འགུལ་འདིས་གལ་ཆེ་ཤོས་གཅིག་ག་རེ་མཚོན་ཅེ་ན། སྤྱིར་ཁོང་ལྟ་བུ་སྐྱེ་ཡུལ་བོད་ཕྱི་ལོག་ཏུ་སྐྱེས་ཀྱང་སེམས་དེ་རང་ཡུལ་བོད་ལ་ཕྱོགས་པ་ནི་ང་བོད་ཡིན་བསམས་པའི་ངོས་འཛིན་མཚོན་རྟགས་གལ་ཆེ་ཤོས་ཤིག་ཏུ་ངོས་རང་མཐོང་བཞིན་ཡོད། དེའི་ཆ་ནས་ཁོང་ལ་བཀའ་དྲིན་ཆེ་ཞེས་ཞུ་རྒྱུ་ཡིན། ཁོང་ཡང་ཕྱི་རྒྱལ་ཨ་རི་ཡུལ་ནང་བོད་མི་གཞན་བཞིན་དུ་རང་དོན་འགྲིག་ཙམ་གྱིས་སྐྱིད་ཉལ་ངང་སྡོད་ན་ཡང་སྡོད་མ་ཆོག་པ་དང་སྡོད་མ་ཤེས་པ་དེ་འདྲ་མིན། བྱས་ཙང་། ཁོང་གི་ལས་འགུལ་དེ་ལྟ་བུ་ལ་བསྔགས་བརྗོད་བྱེད་དགོས་པ་ལས། དོན་མེད་ཅོལ་ཆུང་གི་སྐད་ཆ་རིགས་མ་སྤེལ་ན་ཡག་གི་རེད། བསམ་འཆར་བཏོན་ན་འགྲིག དེ་མིན་མ་འདོད་པའི་རྣམ་པའི་ཐོག་ནས་དོན་མེད་སྐྱོན་མེད་སྐྱོན་བཟོ་མ་བྱེད་ན་མི་ལེགས་སམ།