གཡུ་དྲུག་དཀར། རྡ་ས།
ང་ས་མཐའ་ནས་ལག་ཆགས་ཤིང་། ངས་ས་མཐའ་ནས་བསམ་ཤེས། མདོར་བསྡུས་ན། ང་ས་མཐའ་ནས་མི་རུ་གྱུར་ལ། ས་མཐའ་ནས་རང་ཉིད་མི་ཞིག་ཏུ་སད་རྟོགས་བྱུང་བ་ནས། ངས་རང་གི་ངོ་གདོང་སྐྱ་བོ་འདི་ལ་ལྟོས་ཀྱིན་ལྟོས་ཀྱིན། ངས་སྐྱོ་སྡུག་གིས་ཁེངས་བའི་རང་གི་སེམས་པ་འདི་ལ་ཉན་གྱིན་ཉན་གྱིན། ཡིད་ཚིམ་འགྲོ་བ་དང་། སེམས་བདེ་འགྲོ་བ་ཞིག་གཏན་ནས་མི་འདུག་མོད། ཕྱིར་འདང་རེ་བརྒྱབས་ན། ས་མཐའ་འདི་ནས། གཅེས་པའི་ཕ་ཡུལ་དང་ཕ་མ། ཆུང་དུས་ཀྱི་ཕ་ཡུལ་གྱི་འཚོ་བ་དང་བརྩེ་སེམས་སོགས་ནི། ད་ནི་རྨི་ལམ་ལྟ་བུ་ཞིག་གམ། ངས་རང་གི་སྐྱེ་བ་སྔོན་མ་དྲན་པ་ལྟ་བུ་ཞིག་ལས་ཅི།
དེ་བས། ས་མཐའ་འདིའི་སྡུག་གི་ཁུར་བོ་དེ་ཁོ་ན་ནི། ཕ་ཡུལ་དང་ཕ་མས་བཞག་པའི་བག་ཆགས་ཕྲ་མོ་དེ་དང་། པ་ཡུལ་དང་ཕ་མའི་དྲན་པ་རབ་རིབ་དེ་ལས་མ་འདསཔ་ནི། བྱ་རྒས་ན་ཚང་དྲན། མྱིི་རྒས་ན་ཡུལ་དྲན་ཟེར་བ་ཇི་བཞིན་རེད་ལ། ས་མཐའ་འདི་ནས། ངས་ད་བར་རང་གི་སེམས་ནང་གི་ཕུགས་བསམ་མམ། བསམ་དོན་ཞིག་གམ། ཐ་ན་ཉི་མ་རེ་རེའི་ལས་ཀ་ཙག་ཙིག་དེའང་བདེ་ལེགས་ངང་འགྲུབ་འགྲོ་བ་ཞིག་དཀའ་ཙམ་གདའ་བའམ། ཡང་ན། ངས་མི་ཞིག་གི་འདོད་པ་ལྟར་འགྲུབ་སོང་བ་ཅི་ཡང་མེད་པས། ངས་ལག་པ་རུམ་ལ་བསྡུས་ཏེ། གཞན་གྱི་ཕ་ཡུལ་གྱི་རང་དབང་དང་། མང་གཙོ། ཞི་བདེ་དང་འདྲ་མཉམ་སོགས་ཀྱི་འབྱོར་ཕྱུག་ལ་འགྲམ་ཆུ་ལྡང་བཞིན། ཕ་ཡུལ་དང་ཕ་མ་དྲན་པའི་མིག་ཆུ་ས་ལ་ཕོ་བཞིན། རང་གི་ངོ་རིས་ཀྱི་ལ་རྒྱ་ས་མཐའ་ན་བོར་གྱིན་པར་རང་ལའང་འབྲེལ་བཤད་དང་ནང་དོན་ཅི་ཡང་མི་འདུག
འདི་ལྟར་ས་མཐའ་ནས་བསྡད་ཀྱིན་བསྡད་ཀྱིན། སེམས་བསམ་པ་རང་དབང་མེད་པར་ཕ་ཡུལ་དང་ཕ་མས་བཞག་པའི་བག་ཆགས་དེའི་སྟེང་ལ་འཁོར་ཞིང་། སྐྱོ་སྡུག་གིས་བཞུར་གྱིན་པའི་ལོ་ཟླའི་འགྲོས་དང་བསྟུན་ནས། སེམས་ནང་གི་ཕ་ཡུལ་དང་ཕ་མའི་དྲན་པའི་རི་མོ་དེའང་། ཇེ་གསལ་ནས་ཇེ་གསལ་རེད་ལ། ས་མཐའ་ནས་སེམས་པ་འདི་ལྟར་རྒས་འགྲོ་དུས། ངས་ཕ་ཡུལ་དང་ཕ་མ་རང་གི་མི་ཚེ་ཡི་ཆ་ཤས་ཤིག་ཡིན་པ་རྟོགས་ཤིང་། ངས་ཕ་ཡུལ་དང་ཕ་མ་རང་གི་ཚེ་སྲོག་གི་འབྱོར་ཕྱུག་ཡིན་པའང་གསལ་བོར་ངོས་ན། ས་མཐའ་ནས། བྲང་ཁོག་སྐམ་པོ་འདི་དུས་ནམ་ཡང་དྲན་གདུང་དང་འགྱོད་གདུང་། སྐྱོ་གདུང་སོགས་ཀྱིས་ནོན་ཏེ་འདུག་པས།
ས་མཐའ་འདི་ནས། ལག་ཟུང་ཐལ་མོར་སྦྱར་ནས། ཐོད་པ་ས་ལ་རྡེབ་ཀྱིན། གསོལ་བ་ཅི་ཙམ་བཏབས་ཀྱང་། ཕ་ཡུལ་གྱི་མགོན་དུ་འགྲོ་དཀའ་ལ། ས་མཐའ་འདི་ནས། མིག་ཆུ་ཅི་ཙམ་བཏང་ནས། གནས་ལུགས་ཅི་ཙམ་བགྲང་ཡང་། གཅེས་པའི་ཕ་ཡུལ་སྐྱོབས་པའི་རེ་མི་ཐོགས་ཤིང་། ས་མཐའ་འདི་རུ། ཐ་ན་ང་རང་ཉིད་ཀྱང་སྡོང་ལོ་སྐམ་པོ་ཞིག་ལྟར། རང་གི་འགྲོ་ས་འདུག་ཡུལ་གཏན་ནས་མེད་ཅིང་། རང་གི་འགྲོ་ཕྱོགས་དང་སྡོད་སྟངས་ཅི་ཡང་མེད་པས།
རང་གི་ཕ་ཡུལ་དང་ཕ་མ་གོ་ཐོས་ཙམ་དུ་ཟད་པའི་ས་མཐའ་འདི། དོན་ངོ་མའི་སྡུག་ས་སྡུག་ཡུལ་རེད་ལ། ཕ་ཡུལ་དང་ཕ་མ་མེད་པའི་མི་ནི། དེ་བས་ཀྱང་ས་གང་དུ་ཕྱིན་ཀྱང་། གནས་གང་དུ་སྡོད་ཀྱང་། མྱི་ལྷག་ཅིག་ལས་མ་འདས། ནམ་ཡང་།
དངོས་གནས་གཡུ་དྲུག་དཀར་ཟེར་བ་འདི་མི་འཇོན་ཐང་མེད་མཁན་ཞིག་ཡིན་པ་འདྲ། སྐད་ངན་ལུང་པ་གང་ཤོར་འདུག
བུ་རྒོད་པོ། ཡུལ་གྱར་བའི་མི་ཚེ་ནི། སྡུག་བསྔལ་དང་སྐྱོ་གདུང་གི་ཁྲོད་དུ་ཡོད་ཀྱང་། ཡུལ་གྱར་བའི་ཁྲོད་ནས་བསམ་ཤེས་པ་དེ་དགའ་ཡོད། དེ་བཞིན་དུ་ཤུ་རེ་བྱོས། ཉིན་ཞིག་ཕ་མ་སྤུན་མཆེད་དག་དང་ལོས་འཕྲད། དེ་ཡང་རང་གིས་རང་ལ་ཡིད་ཆེས་བརྟན་པོ་ཡོད་དགོས་པ་ཡིན།
བུ་རྒོད་ན་ས་མཐའ་ནས་རྒོད་དགོས།
བུ་རྒོད་ན་ས་མཐའ་ནས་རྒོད་དགོས།
་་་བསམ་་་་་་་་་་་་་་་་་་་་བསམས་་་་་།
་་་་བྱེད་་་་་་་་་་་་་་་་་་་་་་བྱས་་་་་་་་་་།
་་་་ངར་་་་་་་་་་་་་་་་་་་་་་ངར་་་་་་་་་་།
་་་་་ཕན་་་་་་་་་་་་་་་་་་་་་ཕན་་་་་་་་་་།
་་་་་རྩོད་་་་་་་་་་་་་་་་་་་་་་རྩོད་་་་་་་་་།
བུ་རྒྱལ་ན་ས་མཐའ་ནས་རྒྱལ་དགོས། །
གྲོགས་པོ་ལགས། ང་ཡང་ཁྱོད་ལྟར་ཕ་ཡུལ་གྱི་བཞིན་རས་མི་ཡུལ་ནས་རྒས་ཤིང་། མི་ཡུལ་གྱི་ས་ཆུ་རི་གསུམ་ལ་མིག་ཅེར་ནས་ཕ་ཡུལ་གྱི་ཡོད་ཚད་ལ་མཆི་མ་གཏོར་མྱོང་མཁན་ཞིག་ཡིན་པས། ངེད་གཉིས་ཀྱིས་ནམ་ཡང་ཕ་ཡུལ་དྲན་པའི་སྐྱོ་གདུང་གླུ་རུ་ལེན་ཡ།