བསོད་ནམས་ཚེ་རིང་།
——–ཀུན་གཟིགས་པཎ་ཆེན་ཐམས་ཅད་མཁྱེན་པ་མཁྱེན།
བདེ་སྟོང་ཟུང་འཇུག་སྤྲོས་བྲལ་ཆོས་སྐུ་ཡི་དབྱིངས་ནས།།
སྣ་ཚོགས་སྒྱུ་འཕྲུལ་ངོ་མཚར་ཟློས་གར་གྱི་གཟུགས་ཀྱིས།།
བསིལ་ལྗོངས་འགྲོ་ལ་བདེ་དགའི་དགའ་སྟོན་གྱི་གྲུ་ཆར།།
འབེབ་མཁས་འཇིགས་མེད་ཆོས་ཀྱི་དབང་ཕྱུག་དེས་སྐྱོངས་ཤིག །
མདོ་སྨད་སྤྱང་ཤེས་རྟ་མཆོག་ཆོལ་ཁ་ཡི་ཡུལ་ལ།།
རྣམ་དག་འོད་གསལ་ལྷ་རིགས་འཁོན་པ་ཡི་རྒྱུད་དུ།།
མཆོག་གི་སྤྲུལ་སྐུའི་ཟོལ་གྱི་མཚན་དཔེ་ཡི་མཛེས་སྐུ།།
བདག་ཅག་བསིལ་ལྗོངས་འགྲོ་བའི་དཔྱིད་དཔལ་དུ་བཞད་སོང་།།
བལྟམ་ཙམ་ཉིད་ནས་དམ་པའི་རང་བཞིན་གྱི་མཛད་པ།།
ཐ་མལ་བྱིས་པ་གཞན་དང་བསྒྲུན་དུ་རང་མིན་པ།།
གཟིགས་ནས་འཇིགས་མེད་མཚན་ཅན་རྣམ་མཁྱེན་གྱི་ཀློང་ནས།།
འཕྲིན་ལས་ལྷུན་གྱིས་གྲུབ་པའི་མཚན་བཟང་གིས་བསྟོད་དོ།།
ལྷ་བླའི་ལུང་དང་དམ་པའི་རང་བཞིན་གྱི་མཛད་བཟང་།།
ཚུལ་གསུམ་རྟགས་ཀྱིས་བདེན་པའི་དན་རྟགས་དེ་བརྙེད་དེ།།
ཀུན་གཟིགས་དགུ་པ་ཆེན་པོའི་ཡང་སྤྲུལ་གྱི་ཅོད་པན།།
མཆོག་སྤྲུལ་ཉི་མ་གཞོན་ནུའི་དབུ་རྒྱན་དུ་ཕུལ་སོང་།།
དེ་ཚེ་ལྷ་དང་ཆེ་དགུའི་མགྲིན་པ་ཡི་སྦུག་ནས།།
བསྟོད་པའི་དབྱངས་སྙན་དྲི་ཟའི་པི་དབང་དེ་བཀྲོལ་ཞིང་།།
གནས་མཆོག་ལུམ་བྷི་གཉིས་པའི་གདོང་ལྔ་ཡི་གསེར་ཁྲིར།།
འཇིགས་བྲལ་སྨྲ་བའི་ཉི་མ་ལྷམ་མེར་རུ་བཀོད་སོང་།།
རྣམ་འདྲེན་ཆོས་ཀྱི་རྒྱལ་པོའི་ཟབ་གསང་གི་ཆོས་ཚུལ།།
རྣམ་མཁྱེན་མེ་ལོང་ངོས་སུ་གདོད་མ་ནས་འཆར་ཡང་།།
རྣམ་མང་འགྲོ་་བའི་མོས་ངོར་མདོ་སྔགས་ཀྱི་གཞུང་ལུགས།།
རྣམ་དག་དཀའ་བ་དུ་མས་ཕ་མཐར་རུ་བགྲོད་སོང་།།
སྐལ་བཟང་རྫོགས་ལྡན་ངོམ་པའི་ཡར་ངོ་ཡི་དུས་ལ།།
སྐལ་བཟང་བདེ་ཆེན་ཕོ་བྲང་ཆ་གསགས་ཀྱི་ཞིང་དུ།།
སྐལ་ལྡན་བྱེ་བར་དཔལ་ལྡན་དུས་འཁོར་གྱི་དབང་གིས།།
སྨིན་བྱེད་བདུད་རྩིའི་ཆར་ཆེན་འབེབ་པ་དེ་ཨེ་མ།
སྤྱི་མཐུན་ལས་དབང་ངན་པའི་ཤར་རླུང་དེ་ལྡང་ནས།།
སྣོད་བཅུད་ཁ་བའི་འདབ་མའི་ལང་འཚོ་དེ་བཅོམ་དུས།།
སྐྱབས་མགོན་གདོང་ལྔའི་དབང་པོའི་འཇིགས་མེད་ཀྱིས་ངར་སྒྲས།།
གངས་ལྗོངས་དགེ་མཚན་སྐྱོང་བའི་མཛད་བཟང་དེ་དྲན་བྱུང་།།
རྡོ་རྗེའི་སྐུ་ལ་གདུང་བའི་གོ་སྐབས་དེ་དབེན་ཡང་།།
འགྲོ་བའི་མོས་ངོར་བགྲང་བྱའི་མྱང་ཆུ་ཡི་རླབས་ཕྲེང་།།
མུན་པའི་ལྕག་རིས་བསྐོར་བའི་ར་བ་ཡི་ནང་དུ།།
ཟླ་གཞོན་ཁྱེད་ཉིད་གཟའ་ཆེན་མགྲིན་པ་རུ་ཚུད་སོང་།།
ཡང་དར་བསྟན་པའི་སྒྲོན་མེ་ཆོལ་གསུམ་དུ་སྤར་ཞིང་།།
མེས་པོའི་རིག་གཞུང་ཁ་བའི་མཛེས་རྒྱན་དུ་བསྐྲུན་པ།།
ཀུན་གཟིགས་ཚོང་པ་རྒྱག་པ་སེམས་དབུས་ནས་དྲན་པའི།།
གདུང་བའི་ཚིག་ཆལ་འདི་ཉིད་མགྲིན་པ་ནས་ཐལ་སོང་།།
བདེ་ཆེན་ཞིང་གི་འདྲེན་པ་འོད་དཔག་མེད་།
བདེ་སྟོངགཡེར་མེད་ཆོས་སྐུ་ཀུན་ཏུ་བཟང་།
བདེ་བ་ཆེན་པོ་འགྲོ་བའི་མགོན་པོ་་ཉིད་།
བདེ་ལེགས་ཕུན་སུམ་ཚོགས་པའི་བཀྲིས་ཤོག་།
་
མང་པོ་མི་ལབ་ལོ་ངོ་ཧྲིལ་བོ་དགུ་ཡི་རིང་།
བོད་ཡིག་ཁྲིད་ཅིང་ཆོས་ལུགས་སྤེལ་བའི་བཀའ་དྲིན་གྱིས།
དེང་སྐབས་ཕྱི་ནངགཉིས་སུ་བོད་ཡིག་འབྲི་མཁས་པ།
སུ་གང་མ་ཡིན་པཎ་ཆེན་བླ་མས་འབད་པའི་འབྲས།
དྲན་ན་སྙིང་གི་དཀྱིལ་དུ་དྲོད་ཁོལ་ཞིང་། །
བསམ་ན་དཔག་པར་དཀའ་བའི་མཛད་རྗེས་ཅན། །
དཔའ་ཞིང་གཞུང་དྲང་མཁས་མཛང་བསྟན་འགྲོའི་གཉེན། །
འདི་ཕྱིའི་སྐྱབས་གནས་ཁྱོད་ལ་གསོལ་བ་འདེབས། །
༸པཎ་ཆེན་ཐམས་ཅད་མཁྱེན་པ་གློ་བུར་འདས། །
ང་ཡི་དད་པའི་མིག་ཆུ་རྒྱུན་མི་ཆད། །
༸པཎ་ཆེན་བསྟན་འཛིན་དགེ་འདུན་གློ་བུར་བརླགས། །
ང་ཡི་མཆོག་སྤྲུལ་༸སྐུ་པར་ཡང་ཡང་འདུད། །