ཨ་འདུས་མིག་ཆུ།
སྒང་བ་བོད་པའི་ཕ་ཁྱིམ་བསྐྱུར་ནས་རྒྱང་ལ་ཆེས།།
མི་ཡུལ་ས་མཐའི་གནས་མལ་འགྲིམ་ནས་ལོ་མང་འདས།།
འཚོ་བ་སྡུག་པོའི་རླུང་དམར་ཁྲོད་ན་དཀའ་བས་བསྐྱོད།།
ཚོར་བ་སྐྱོ་བའི་རླབས་རྩེ་ཁྲོད་ན་མྱི་ཚེ་ཟད།།
དཔྲལ་བའི་ངོས་སུ་གཉེར་རྟགས་རྒྱ་ཡིས་ཡོངས་སུ་བཅངས།།
སྐྲ་དཀར་ཉག་མའི་ཐིགས་པ་རེ་རེ་ཤུགས་ཀྱིས་བབས།།
གཞན་དབང་འཚོ་བའི་སྡུག་གི་མུན་པ་མཐུག་པོའི་ཁྲོད།།
ཕ་ཡུལ་དྲན་པའི་སྐྱོ་གདུང་མེ་ལྕེ་རབ་ཏུ་འབར།།
རི་ཁའི་ཁ་ཆར་རླུང་གི་རྒྱུ་བ་ཤུགས་ཀྱིས་ལྡང་།།
བས་མཐའི་ཅེ་སྦྱང་ངུ་ཟུག་དྲག་པོ་རྣ་བར་གཟན།།
ལུས་ལ་གཟིར་བའི་ས་མཐའི་མི་སྐྱིད་འཚོ་བ་ཉིད།།
སྙིང་གི་དཀྱིལ་ན་སྐྱོ་སྡུག་རི་མོ་གསལ་བར་བཀོད།།
བརྙས་བཅོས་ཚིག་གི་མདའ་རྩེ་རྣོན་པོ་སེམས་ལ་ཟུག།
ཡུལ་གྱར་འཚོ་བའི་གནས་བབ་སྐྱོ་བོ་སྙིང་ལ་འཛེར།།
རང་ཡུལ་མིན་པའི་གཞན་ཡུལ་འཚོ་བའི་ཁང་མིག་འདི།།
ཁ་བའི་ལྗོངས་ཀྱི་དར་ཁུངས་ཇི་བཞིན་གྲང་བ་ལ།།
སྙིང་ནས་བྱམས་པའི་ཕ་ལོའི་གཅེས་སྐད་མི་འདུག་ལ།།
ཡིད་ཀྱིས་གཅེས་པའི་མ་ལོའི་བརྩེ་འཛུམ་མི་ལྡན་པར།།
གནས་ཡུལ་རྒན་མོའི་སྡང་མིག་གློག་ཞགས་ངར་མའི་ཁྲོད།།
ལོ་སར་བྱས་པའི་ཡིད་ཀྱི་བདེ་སྣང་ཡོངས་སུ་བྲལ།།
མཛའ་བཤེས་གཉེན་གྱི་འཁོར་ཚོགས་ཆེན་མོ་མི་འདུག་ཅིང་།།
ཤ་མར་ཐུད་ཀྱི་སྡེར་ཁའི་གྲལ་བསྟར་མི་མངོན་པར།།
གླས་ཁང་གྲུ་བཞིའི་གྲང་འཁྱག་ཁྲོད་དུ་ཁེར་རྐྱང་ངང་།།
བས་མཐའི་ལོ་སར་ཁ་ཆར་གྲང་རླུང་འདྲེས་མ་ཉིད།།
མིག་ཟུང་རྒྱང་མཐའི་སྤྲིན་པར་ཕྱོགས་ནས་མིག་ཆུ་བཞུར།།
ལོ་ཟླ་མཛུབ་མོའི་རྩེ་རུ་བགྲངས་ནས་སེན་རྩེ་ཟད།།
དྲན་ཞིང་དྲན་ལ་གདུང་ཞིང་སྐྱོ་བའི་འཁོར་འཇུག་ཁྲོད།།
ཕ་ཡུལ་ལོ་སར་རྨི་ལམ་དུ་ཡང་སྙིང་ལ་སྦྱར།།
ཕ་ཡུལ་གད་ཕུགས་ཡིན་ཡང་སྐྱིད་པར་གསུངས་པའི་གཏམ།།
ད་ལྟ་དྲན་ན་བདེན་པའི་ལེགས་བཤད་འབའ་ཞིག་ཉིད།།
མི་ཡུལ་བས་མཐའི་མཁོ་དགུ་ལོངས་སུ་སྤྱད་ན་ཡང་།།
ཕ་ཡུལ་ཕྱོགས་ཀྱི་རྩྭ་ལྡུམ་དག་ལ་གཞལ་ཐབས་བྲལ།།
ཕྱི་ལུས་ཆས་གོས་རྒྱན་གྱིས་མཛེས་ཙམ་བྱས་གྱུར་ཅིང་།།
ངོ་གདོང་སྐྱ་མདངས་རྣམ་པའི་སྐྱོ་ཉམས་ཤིག་ཤར་ཏེ།།
དགོད་མ་འཛུམ་གྱིས་བསྐྱོད་པའི་སྣང་ཚུལ་སྐྱོ་བོ་དེ།།
ས་མཐའི་མྱི་བུ་ངེད་ཚོའི་ལོ་སར་རྣམ་པ་ཡིན།།
ང་ཚོ་དང་ང་ཚོའི་ཡོད་ཚད། དྲན་དགོས། བཤད་དགོས། བསམ་དགོས། རྒྱལ་དགོས།
ས་མཐའི་ཉིན་མ་ལོ་ལས་རིང་ཞིང་། །
ས་མཐའི་ལོ་གསར་འདང་རྒྱག་ཆེ་ལ། །
ས་མཐའི་སེམས་པ་ཆུ་ལས་གྲང་བའི། །
ས་མཐའི་སྡུག་བསྔལ་སུ་ལ་ཤོད་རྒྱུ། །
ཕ་རྒོད་ཀྱི་བུ་ཞིག་ཡིན་རྒྱུ་ན་་་སྐད་ངན་དེ་འདྲ་ཤོར་ས་མེད། གདུང་དམར་བོད་པ་ཟེར་བ་སྐྱིད་ཀྱི་རྟ་བོ་ཞོན་ཐུབ་ལ་སྡུག་གི་ཁུར་བོ་ཁུར་ཡང་ཐུབ། མིག་ཆུ་ནི་མིག་ཆུ་རང་རེད། བུ་མེད་ཐབས་ཆག་ཞིག་དང་གཅིག་པ་རེད། སྐྱིད་པོ་རྒྱག་པ་ལས་བསམ་རྒྱུ་མེད་ཚེ་་་་་དེ་འདྲ་ཡིན་ན་ཐང་། མི་བུ་གདུང་དམར་ཞིག་ན་་་་་དེ་འདྲའི་སྐད་མ་ཤོར་་་་་ང་ཚོར་རང་དབང་ལུང་བ་ན་ལས་རྒྱུ་མང་པོ་ཡོད།
dawa ཞེས་པའི་དྲ་འབུ་ཁྱོད་ཡོང་བ་བཟང་། མི་སུ་འདྲ་ཞིག་ཡིན་རུང་དགའ་སྐྱོ་ཆགས་སྡང་གི་ཚོར་བས་ཟིན་ནས་ཡོད་པས། ག་དུས་ཡིན་ནའང་དཔའ་བོ་ཡིན་ཞེས་སྐྱོ་བ་སེམས་ལ་མེད་མཁན་ཞིག་ཡོད་པ་མ་རེད། སྐྱོ་བ་ཡིག་ཐོག་ཏུ་བླངས་ནས་སྐད་ཡིག་གི་བཀོལ་སྤྱོད་ལ་འབད་པ་དང་།། སྐྱོ་བ་ཀ་མད་སུམ་ཅུའི་གདངས་དབྱངས་ལ་བཅོལ་ནས་རང་སེམས་ཀྱི་ན་ཟུག་ཕྱིར་མངོན་ཐབས་བྱེད་པའང་དོན་དངོས་ནས་ལས་འགུལ་ཞིག་མ་ཡིན་པའི་ངེས་པ་ཡོད་པ་མ་མེད། དྲ་འབུ་ཁྱོད་ཡོང་མ་ཐག་མི་ཞིག་ལ་ངན་སྨྲས་བྱེད་གང་ཐུབ་དང་། སྨྱོ་བཤད་བྱེད་གང་ཐུབ་མ་བྱེད་ལོ།