རྩམ་པ་རྒྱལ།
༡༽ སྐར་མདའ་གཅིག་ལྷུང་གཉིས་ལྷུང་།
ནམ་མཁའི་མཐའ་རུ་ལྷུང་སོང་།
མཁའ་མཐའ་འོད་ཀྱིས་གཤག་དུས།
སྐར་བརྒྱའི་མིག་ཆུ་འཐོར་སོང་།
སྐར་མ་འོད་ཆེན། སྐར་མ་རླབས་ཆེན།
ནམ་མཁའི་སྒྲོན་མེ་རེ་རེ་གཟིམ་སོང་།
ཉི་མར་རྒྱང་ཐག་རིང་སོང་།
ཟླ་བའི་འཆར་ཐག་ཐུང་སོང་།
སྐྱོ་བ་སྨག་གིས་བཟུང་ནས།
མཚན་མོ་རིང་ཐག་ཆོད་སོང་།
༢༽ དཔའ་བོ་གཅིག་འབར་གཉིས་འབར།
རང་དབང་དོན་དུ་འབར་སོང་།
ལ་རྒྱའི་མེ་ཕུང་གཡོ་དུས།
ལ་ལུང་སྡུག་གིས་གཟིར་སོང་།
དཔའ་བོ་མིང་ཆེན། དཔའ་བོ་རླབས་ཆེན།
གངས་རིའི་རྣམ་ཤེས་རེ་རེ་བཞུད་སོང་།
རྒྱལ་དབང་ཞལ་ཐག་རིང་སོང་།
པན་ཆེན་བཞུགས་ཡུན་ཐུང་སོང་།
སྐྱོ་བ་སྡུག་ལ་འབྱར་ནས།
ལོ་ཟླ་རིང་ཐག་ཆོད་སོང་།
ཨེ་གཞས་ཚིག་ཉམས་ཅན་ཞིག་བསླེབས་འདུག མི་འདྲ་ཡ།
བཙན་བྱོལ་ནང་གི་གཞས་པ་དང་གཞས་མ་གང་རུང་ལ་འབུལ་རོགས།
གཞས་ཚིག་ཡག་པོ་བྲིས་འདུག
གོ་སླ་བ་དོན་ཡོད་པ་གཞས་ཚིག་ཟེར་ན་འདི་འདྲ་དགོས།
བྷི་སི་བོད་རིགས་ཚོགས་པས་ཉེ་ལམ་རང་ལུས་མེར་སྲེག་དང་འབྲེལ་བའི་གཞས་ཚིག་ཅིག་འབྲི་རོགས་ཞེས་རེ་སྐུལ་བྱས་པ་ལྟར་ཨེ་འཁྱོངས་བལྟས་པ་ཡིན། མཐའ་མར་དབྱངས་དང་གཞས་པ། རོལ་མོ་སོགས་ཕྱོགས་གང་ཐད་ནས་མཐུན་རྐྱེན་མ་འཛོམས་པས་གཏོང་ཐུབ་མ་སོང་ཟེར། དེ་ལྟར་འདིར་བཀོད་པ་ཡིན། གཞས་པ་དང་གཞས་མ་སུས་བཏང་ཀྱང་ཆོག རང་རང་གི་ངོ་ཤེས་གཞས་པ་དང་གཞས་མ་དེ་ལྟར་འབུལ་ཐུབ་ན་འབུལ་རོགས།