སྙན་བཟང་གཡུང་དྲུང་ཚེ་རིང་།
དེ་རིང་ངས་སྐད་ཆ་འགའ་བཤད་འདོད་བྱུང་། ཡིན་ནའང་ཆབ་སྲིད་ཀྱི་སྐོར་གླེང་སྐབས་སུན་སྣང་ཞིག་འདུག ང་ལ་མཚོན་ན་སུན་སྣང་སྐྱེ་དགོས་པར་གཙོ་བོ་རྒྱུ་མཚན་གསུམ་ཡོད། གཅིག གྲོགས་པོ་རེ་ཟུང་གིས་ངེད་རང་ཆབ་སྲིད་པ་མིན་སྐོར་བཤད་དེ་ཚོགས་གཏམ་གཏོང་བ་དེ་ཡིན། གཉིས། ཆབ་སྲིད་ཀྱི་ལྟ་བ་མི་འདྲ་བ་བར་བརྟེན་ནས་གྲོགས་པོ་ཕན་ཚུན་བར་གྱི་འབྲེལ་བ་རྩ་ཆད་དུ་འགྲོ་བ་འདི་ཡིན། གསུམ། དྲ་འབུ་སྐོར་ཞིག་ལྐོག་ཏུ་ཡིབ་ནས་མི་གཞན་པ་ནག་པོ་བཟོ་བ་དེ་ཡིན། དེ་བས་དེང་སང་ཆབ་སྲིད་ཀྱི་སྐོར་གླེང་འདོད་ནའང་ལས་སླ་པོ་ཞིག་མ་རེད་སྙམ། སྐབས་འདིའི་ཆབ་སྲིད་ཅེས་པ་ནི་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཡིན་དུས། ངས་བོད་དོན་ཅིའི་ཕྱིར་གླེང་མ་ཆོག་པ་རེད། སུན་སྣང་ལ་ཞེད་སྣང་སྐྱེ་དགོས་པ་བྱུང་ནའང་། ངས་རང་ཉིད་ཀྱི་བསམ་ཚུལ་དེ་དག་འཛེམས་དོགས་མེད་པར་ཞུ་ན་འདོད། འགྲིག་མི་འགྲིག་དེ་གནས་ཚུལ་གཞན་པ་ཞིག་རེད།
ཐེངས་འདིར་ངས་མ་ཤེས་པའི་གནད་དོན་རེ་ཟུང་དོགས་འདྲིའི་ཚུལ་དུ་ཞུ་རྒྱུ་ཡིན་ལ། དེ་ནས་བསམ་ཚུལ་གཅིག་གླེང་བར་འདོད། ཐོག་མར་ངས་མ་ཤེས་པའི་གནད་དོན་འདི་དག་འབྲེལ་ཡོད་ཀྱི་མི་རེ་ཟུང་ལ་བཀའ་འདྲི་ཞུས་པ་ཡིན་མོད། འོན་ཀྱང་ང་ལ་འགྲེལ་བཤད་རྒྱག་མཁན་ཞིག་མ་བྱུང་།
ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་ཁང་པ་དེ་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་མིང་ཐོག་ནས་ཉོས་པ་དང་། དེ་ཉོ་ཆེད་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དང་། དགའ་ལྡན་ཕོ་བྲང་ནས་ཨ་སྒོར་ས་ཡ་གཅིག་དང་འབུམ་གསུམ་བཏང་བ་ཡོངས་གྲགས་ལྟ་བུར་ཆགས་ཡོད། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་ཐེབས་རྩ་ཁང་ནས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་མིན་པ་དང་། གན་ཡིག་ཅིག་ཡོད་པ་དེ་བོད་ཀྱི་ཐེབས་རྩའི་དགོས་མཁོའི་ཆེད་བཟོས་པ་རེད་གསུངས་ཡོད་མོད། བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་འགན་འཛིན་དང་། འཛིན་སྐྱོང་ངེས་སྟོན་པ་གཉིས་ཀྱིས་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་ཁྲིམས་ཐོག་ནས་བུ་ལོན་གྱི་ངོ་བོ་ཡིན་པ་གསུངས་པ་རེད། དེ་བས་གནས་ཚུལ་འདི་ཚབས་ཆེན་དུ་གྱུར་པ་རེད་སྙམ། ཁ་སང་བོད་ཀྱི་ཐེབས་རྩའི་འགན་འཛིན་ལྷན་ཚོགས་ཀྱིས‘‘འབྱུང་འགྱུར་དུས་སྐབས་རན་པ་ཞིག་ལ་བུན་ལོན་རོགས་དངུལ་དུ’’བསྒྱུར་རྩིས་ཡོད་པར་གསུངས་མོད། ‘‘མུ་མཐུད་དུ་བསམ་ཞིབ་ཞུ་བཞིན’’ཡོད་ཚུལ་གསུངས་པ་ལས་མཐའ་མའི་ཐག་གཅོད་གནང་མེད། གང་ལྟར་བུ་ལོན་དང་རོགས་དངུལ་གང་ཞིག་ཡིན་རུང་། བོད་མི་ས་ཡ་དྲུག་གི་མིང་ཐོག་ནས་དངུལ་འདི་དག་རག་པ་ཡིན་སྟབས། གནས་ཚུལ་འདི་ཕྱི་གསལ་ནང་གསལ་གྱི་ཤེལ་གྱི་གོང་བུ་བཞིན་དུ་གསལ་པོ་མ་ཆགས་བར་དུ་ནག་འདེད་བྱེད་དགོས་ཤིང་། འདི་ལས་སླ་པོར་སྐྱུར་འཇོག་བྱ་འོས་པ་ཞིག་མ་རེད་སྙམ།
ད་དུང་ཞུ་དགོས་པ་ཞིག་ཡོད་པ་ནི། ཨ་རིའི་བོད་ཀྱི་དོན་གཅོད་ཁང་གི་ཁང་པ་དེའི་དངུལ་གནང་མཁན་དེ་དགའ་ལྡན་ཕོ་བྲང་དང་བོད་ཀྱི་ཐེབས་རྩ་ཁང་ཁང་གཉིས་རེད། དེས་ན་ཁང་པ་དེའི་ཁང་དབང་ངོ་མ་དེ་སུ་ཡིན་ནམ། གལ་སྲིད་ཁང་བདག་ངོ་མ་དེ་ཨ་རིའི་བོད་ཀྱི་དགེ་རྩ་ཚོགས་པ་ཡིན་ན། མ་འོངས་པར་ཁང་པ་འདི་ཅི་བྱེད་དང་མི་བྱེད་ཀྱི་དབང་ཆ་དེ་དབུས་བོད་མིའི་སྒྲིག་འཛུགས་ལ་ཡོད། དེས་ན་ཁང་པ་འདིའི་དངུལ་གྱི་རྙོག་དྲ་དེ་གཙང་མ་བཟོ་བའི་འགན་དེའང་དཔལ་ལྡན་བཀའ་ཤག་ལ་ཡོད་པ་རེད་སྙམ།
གོང་གི་གནད་དོན་འདི་བརྒྱུད་ནས་ཕྱོགས་ངོས་གཞན་ཞིག་ལ་བསམ་བློ་ཞིག་གཏོང་དགོས་བྱུང་། དེ་ནི་འདི་ལྟར། ཨ་རིའི་དོན་གཅོད་ཟུར་པ་སྐལ་རྡོར་ལགས་ཀྱི་སྐབས་སུ། བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་ལྷན་ཚོགས་སུ་དོན་གཅོད་ཐེ་བའི་འགན་འཛིན་ལྷན་ཚོགས་ལྔ་ཡོད་པར་གྲགས་མོད། ༢༠༡༦ལོའི་སྤྱི་ཟླ་བཅུ་པའི་ཟླ་མཇུག་ནས་བཟུང་དོན་ཟུར་སྐལ་རྡོར་ལགས་དང་། བཀའ་ཟུར་པད་མ་ཆོས་འབྱོར་ལགས་རྣམ་གཉིས་འགན་ལྷན་ཚོགས་མི་གསར་པར་བསྐོ་བཞག་གནང་བའི་གནས་ཚུལ་ཡོད་པ་མཐོང་སོང་། སྤྱིར་བཏང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་ལྷན་ཚོགས་ཀྱི་ཚོགས་མི་ལྔའམ་ཡང་ན་ཚོགས་མི་བདུན་འདི་དག་བསྐོ་བཞག་གནང་གི་ཡོད་པ་འདྲ་མོད། འོན་ཀྱང་སྲིད་སྐྱོང་མཆོག་གིས་རྩ་ཁྲིམས་ཤིག་ལ་བརྟེན་ནས་བསྐོ་བཞག་གནང་གི་ཡོད་དམ། ཡང་ན་ཐུགས་མོས་ལྟར་བསྐོ་བཞག་གནང་གི་ཡོད་པ་རེད།
དེ་ནས་སྔར་ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་ནི་རིན་ཆེན་དར་ལོ་ལགས་དང་། དེའི་འཛིན་སྐྱོང་ངེས་སྟོན་པ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་རྣམ་གཉིས་རེད། རིན་ཆེན་དར་ལོ་ལགས་ལ་མཚོན་ན་མི་ལོ་སུམ་བཅུ་ལྷག་ལ་ཐེབས་རྩའི་དེའི་འགན་འཛིན་གནང་བར་གྲགས། ད་ནི་རིན་ཆེན་དར་ལོ་ལགས་བགྲེས་ཡོལ་ཆ་ཚང་ལ་ཕེབས་པའི་དུས་ཚོད་ལ་སླེབས་ཟིན་ཡོད་ལ། ཁོང་གིས་རང་ཉིད་ཀྱི་ལས་ཀ་དེ་མི་གཞན་ལ་རྩིས་སྤྲོད་དགོས་པའི་དུས་ལ་སླེབས་ཚར་བ་རེད། ཡིན་ནའང་ད་དུང་ཡང་ཕྱེད་བགྲེས་ཡོལ་གྱི་ཚུལ་དུ་ཕྱག་ལས་གནང་གིན་ཡོད་སྐད། ཡང་གཅིག་བཤད་ན། ཁ་སང་དེ་རིང་ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་ནི་བློ་བཟང་སྙན་གྲགས་ལགས་ཡིན་པ་རེད། ཁོང་ཐེབས་རྩ་དེའི་འགན་འཛིན་དུ་གྱུར་ནི་སྟེས་དབང་ཞིག་ག་ལ་ཡིན། འདི་ན་མི་མངོན་པའི་ས་འོག་དར་འཐག་གི་ཟློས་གར་ཞིག་འཁྲབ་ཀྱི་མེད་དམ་སྙམ། མ་འོངས་པ་ན་བློ་བཟང་སྙན་གྲགས་ལགས་ཀྱིས་ཀྱང་རིན་ཆེན་དར་ལོ་ལགས་བཞིན་དབང་ཆ་རྩིས་སྤྲོད་མ་གནང་བར་མི་ལོ་སུམ་བཅུ་ལྷག་ལ་ཨ་རིའི་བོད་ཀྱི་ཐེབས་རྩའི་འགན་འཛིན་དུ་འདུག་རྩིས་ཡོད་པ་རེད་དམ། དེ་བཞིན་དུ་ཐེབས་རྩ་དེར་ཚོགས་མི་གཞན་པ་ག་ཚོད་ཅིག་ཡོད་དམ། ཐེབས་རྩ་འདིའི་ལས་བྱེད་བསྐོ་བཞག་བྱེད་སྟངས་ཇི་འདྲ་ཡིན་པ་སོགས་ཀྱི་སྐོར་ཡང་ཤེས་འདོད་པར་གྱུར།
སྤྱིར་བཏང་བོད་ཀྱི་ཐེབས་རྩ་ཚོགས་པའི་འགན་འཛིན་ལྷན་ཚོགས་འཕོ་འགྱུར་གཏོང་བར་ཁྲིམས་ཐོག་ནས་གཏན་འབེབས་ཤིག་བཟོས་ཡོད་ན་ཅི་མ་རུང་སྙམ། སྔོན་ཆད་རྒྱ་རི་རིན་པོ་ཆེས་ཀྱང་འཇོན་མིན་ལ་མ་བལྟས་པར་༧རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་ཀྱི་འགན་ལོ་ངོ་བཅུ་ལྷག་ཅིག་ལ་བཞེས་པ་རེད། དེང་སང་ཡང་རྒྱ་རི་རིན་པོ་ཆེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ན་ཕྱག་ལས་གནང་གིན་ཡོད་པ་འདྲ་ལ། ད་དུང་དེ་རུ་ཕྱག་ལས་ལོ་ག་ཚོད་ཅིག་ལ་གནང་གི་ཡོད་མེད་སུས་ཤེས། སྤྱིར་བཏང་རྒྱ་རི་རིན་པོ་ཆེ་དང་རིན་ཆེན་དར་ལོ་ལྟ་བུའི་མི་སྣ་འདི་དག་ལ་ཕྱག་ལས་ཀྱི་ཉམས་མྱོང་ཡོད་པས། ཁོང་ཚོས་མུ་མཐུད་དུ་ཕྱག་ལས་གནང་ཆོག་མོད། འོན་ཀྱང་ང་ཚོས་མི་ཉམས་མྱོང་ཅན་ཏག་ཏག་ལ་སྐྱབས་བཅོལ་བསྡད་ན་ཉམས་མྱོང་ཅན་གཞན་དག་འབྱུང་བར་སྐྱེད་བསྲིང་ཇི་ལྟར་བྱ་རྒྱུ་ཡིན་ནམ། དེས་ན་འདི་ལ་ཁྲིམས་ཤིག་དགོས་པར་འདོད་ལ། དེ་མིན་གང་ཟག་སྒེར་ངོས་ནས་དགོངས་པ་ཞུ་དགོས་པར་འདོད།
སྐབས་འདིར་ངས་སྔོན་ཆད་ཅིག་ལ་བྲིས་པའི་ཚིག་དུམ་ཞིག་དྲན་བྱུང་། དེ་ནི་འདི་ཡིན། བོད་མི་ཁ་ཤས་ཀྱིས་བོད་ཀྱི་མིང་ཐོག་ནས་སྡུག་བསྔལ་གྱི་སྡུག་བསྔལ་ཟེར་བ་དེ་མྱོང་གིན་ཡོད་ལ། བོད་མི་འགའ་ཤས་ཀྱིས་བོད་ཀྱི་མིང་ཐོག་ནས་བདེ་བའི་བདེ་བ་ཞེས་པ་དེ་མྱོང་གིན་ཡོད་པས། འདི་ལ་རྣམ་དབྱེ་ཞིག་ཏན་ཏན་འབྱེད་དགོས་པ་འདྲ། རེད། མ་རེད། ཨ། ཞེས་པ་དེའོ། །
སྐལ་བཟང་ སྤེན་པ། རིན་ཐར་དགོངས་པ་ཞུས་ཟིན་ཏེ། ད་ཆ་ཆེ་སྟོད་ཀྱི་ངོ་བོའི་ཐོག་ནས་ལས་ཀ་འདྲ་བྱེད་ཀྱི་ཡོད་ན་མ་གཏོགས་བོད་ཁང་གི་འགན་འཛིན་བློ་སྙན་ཆགས་ཟིན་པ་རེད། དེ་གསལ་རྐྱང་རེད་ལ། ཁོ་ཚོའི་དྲ་རྒྱའི་ནང་ལའང་དེ་ལྟར་གསལ་ཡོད། ད་གནས་ཚུལ་གསར་པ་ཞིག་ནི། ཁ་ས་བོད་ཀྱི་ཐེབས་རྩས་ས་ཡ་གཅིག་དང་ཕྱེད་ཀ་དེ་ཁྲིམས་ཐོག་ནས་བུ་ལོན་གྱི་ངོ་བོའི་ཐོག་གནས་ཡོད་ལུགས་དང་མ་འོངས་བལྟ་གིན་བལྟ་གིན་བྱ་རྒྱུ་ཡིན་ལུགས་གསལ་བཤད་བྱས་ཡོད། དེའི་ཐོག་ནས་ང་ཚོས་རྟོགས་ཐུབ་པ་ནི། བོད་ཀྱི་ཐེབས་རྩས་སྲིད་སྐྱོང་ལ་ཡིད་ཆེས་མེད་པ་དེ་གསལ་པོ་ཆགས་པ་རེད། གང་ཡིན་ཟེར་ན། ད་ལྟའི་དོན་གཅོད་ཁང་པ་དེ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་དགེ་རྩའི་མིང་ཐོག་ནས་ཉོས་པ་རེད། ནམ་ཞིག་དགེ་རྩ་ཞོགས་པ་དེ་སུའི་ལག་ཏུ་ལྷུངས་མིན་ལྐོག་འགྱུར་རེད། སྤེན་ཚེས་འཇབ་རྡོ་ཞུ་ས་ཡང་དེ་རེད། ཅི་སྟེ་མ་འོངས་པར་དགེ་རྩ་ཚོགས་པ་དེ་སྲིད་སྐྱོང་དང་སྐལ་རྡོར་གྱི་ཟིན་པའི་དབང་དུ་བཏང་ཚེ། བོད་ཀྱི་ཐེབས་རྩས་ས་ཡ་གཅིག་དང་ཕྱེད་ཀ་དེ་ཚུར་ལེན་རྒྱུ་རེད། དེ་ནི་བོད་ཀྱི་ཐེབས་རྩའི་ཐབས་བྱུས་ཧ་ཅང་གི་ཡག་པོ་རེད། ནང་གཏམ་ཇི་འདྲ་ཞིག་ཡོད་རུང་། ཁྲིམས་ཐོག་ནས་ས་ཡ་གཅིག་དང་པྱེད་ཀ་བུ་ལོན་གྱི་ངོ་བོར་གནས་ཡོད་པ་རེད། སྲིད་སྐྱོང་གིས་སྤེན་ཚེ་སྤུད་དགོས་པའི་རྒྱུ་མཚན་ཡང་དེ་རེད་ལ། སྤེན་ཚེས་ཞུ་སའི་འབེན་ཡང་དེ་རེད། གང་ལྟར་འབེན་དེར་ཏོག་ཙམ་ཕོག་པ་རེད་མ་གཏོགས་བཏོར་ཐུབ་མེད་ལ། སྲིད་སྐྱོང་གིས་སྤེན་ཚེ་སྤུད་ནས་གནས་ཚུལ་དེ་གྲང་སང་ལ་གཏོང་ཐབས་བྱས་ཀྱང་། མངོན་འགྱུར་བྱུང་མ་སོང་། དེས་ན། ད་ལྟ་བོད་ཀྱི་ཐབས་རྩའི་ཐབས་བྱུས་དེ་ཧ་ཅང་ཡག་པོ་བྱུང་པ་རེད་ལ། དེས་སྲིད་སྐྱོང་གི་སྣ་ལ་སྣ་ཐག་བཀོན་ཟིན་པ་རེད། ནམ་ཞིག་སྲིད་སྐྱོང་དང་སྐལ་རྡོར་གཉིས་ཀྱིས་དགེ་རྩ་ཚོགས་པ་དང་ཁང་པ་བདག་བཟུང་བྱ་རྒྱུའི་ངན་གཡོ་བཤམས་ཚེ་བོད་ཀྱི་ཐེབས་རྩར་ཁྲིམས་ཐོག་ནས་བུ་ལོོན་ལེན་རྒྱུའི་ཁྲིམས་ལུགས་ཀྱི་རྒྱབ་སྣོན་ཡོ་ད་པ་རེད། གལ་ཏེ་སྤྲོད་ཀྱི་མིན་ཟེར་ན། ཁང་པའི་བདག་དབང་སྟེང་བོད་ཀྱི་ཐེབས་རྩས་རྩོན་ལེན་བྱ་རྒྱུའི་ཁྲིམས་ལུགས་ཀྱི་ལམ་བུ་ཡོད་པ་རེད། ད་སྲིད་སྐྱོང་ལ་སྐུལ་ངལ་ཏོག་ཙམ་འཕྲད་ས་རེད་ཏ། གང་ལྟར་ད་རེས་བོད་ཀྱི་ཐེབས་རྩའི་ཐབས་བྱུས་དེ་ཧ་ཅང་གི་ཡག་པོ་རེད། ཁོ་ཚོས་རྔ་ལ་དཔག་པའི་འཆམ་རྒྱག་འཆར་ཡོད་པ་རེད། མདོར་ན། སྤེན་ཚེས་ཁང་པའི་བུ་ལོན་ལ་འཇུས་ཏེ། བློ་སེང་གི་ངན་བྱུས་ཐེར་འདོན་བྱ་ཐབས་བྱས་ཀྱང་། དེ་ཙམ་གསལ་ཁ་བཏོན་ཐུབ་མེད། འོན་ཀྱང་། གནད་དོན་དེའི་ཐད་སྤེན་ཚེར་རྒྱལ་ཁ་ཏོག་ཙམ་ཐོབ་པ་ནི། གནད་དོན་དེ་རྩོད་གཞི་ཅན་ཞིག་ཡིན་པ་ད་ལྟ་བོད་པའི་སྤྱི་ཚཽགས་སྟེང་གསལ་ཁ་བཟོ་ཐུབ་པ་དེ་རེད། བློ་སེང་གིས་སྤེན་ཚེ་སྤུད་ནས་གནས་ཚུལ་དེ་མེད་པར་བཟོ་ཐབས་བྱས་ཀྱང་། ལམ་ལྷོང་བྱུང་མེད།གང་ལྟར་ད་རེས་ཀྱི་ོཁོ་གཉིས་ཀྱི་དམག་འཁྲུག་ཁྲོད་ཁོ་གཉིས་ཀར་རྒྱལ་ཁ་ཆུང་ཆུང་རེད་ཐོབ་ཡོད་ཀྱང་། ཕྱོགས་གཉིས་ཀའི་ཐ་མའི་དམིགས་ཡུལ་དེ་བསྒྲུབས་མེད་པ་རེད།
གཡ་ཐོག་གི་དཔྱད་དེ་ངས་བྱས་ན་ནོར་འདུག་སྙམ། བོད་ཀྱི་སྤྱི་ཚོགས་དགེ་རྩ་ཚོགས་པ་དེའི་འགན་འཛིན་དང་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་སྒྲུབ་ཆ་ནི་མ་འོངས་པའི་སྲིད་སྐྱོང་གི་ཕྱག་ལ་ཡོད་པ་ལས་སྐལ་རྡོར་དང་བློ་སེང་ལ་དེ་སྐབས་དབང་ཆ་གང་ཡང་ཡོད་མ་རེད། བྱས་ཙང་སྤན་ཚེའི་བུ་ལོན་ལ་འགག་པ་རྒྱག་དགོས་དོན་ནི་ངས་བྱས་ན། གལ་སྲིད་མ་འོངས་པའི་བོད་མིའི་སྒྲིག་བཙུགས་དང་བོད་ཀྱི་ཐེབས་རྩའི་བར་འབྲེལ་བ་ཡག་པོ་མ་བྱུང་པར་བུ་ལོན་དེ་ཕྱིར་ལོག་དགོས་བཤད་ན་སྐབས་དེའི་སྲིད་སྐྱོང་ལ་དོན་མེད་འགན་འཁུར་ཡིན་པས་རྩིས་ཁྲའི་ནང་ཁ་གསལ་དགོས་ལུགས་བཤད་ཀྱི་ཡོད་རེད། ཅིག་བྱས་ན་སྤེན་ཚེ་མ་འོངས་པའི་སྲིད་སྐྱོང་གི་རེ་བའི་དབང་གི་དེ་འདྲའི་བུ་ལོན་གྱི་ཁུར་པོ་འཁུར་འདོད་མེད་པ་ཡིན་སྲིད།
གང་ལྟར་བློ་སེང་གི་ཚིག་ཐག་ཆོད་པོའི་བོད་ཀྱི་ཐེབས་རྩའི་བུ་ལོན་དེ་རྩིས་སྲུབ་གཏོང་ངེས་ཡིན་ལུགས་བཤད་པ་དེ་ད་ཆ་དེ་ལྟར་མིན་པ་སྟོན་པ་རེད། ཁོང་རང་ཁྲིམས་ལུགས་མཁས་པ་ཡིན་པས་ཡིག་ཆར་གཞི་མ་བཞག་ན་ཁྱད་མཚར་རེད། སོང་ཙང་ད་ལན་བོད་ཀྱི་ཐེབས་རྩའི་གསལ་བསྒྲགས་དེའི་བློ་སེང་ཏག་ཏག་བསྡད་མེད་པ་དང་སྤེན་ཚེ་དེ་སྐོར་གླེང་སློང་བྱས་པར་རྒྱུ་མཚན་ཡོད་པ་གསལ་སྟོན་བྱས་ཡོད།
ལྐོག་ཏུ་ཡིབ་པའི་སྐུ་ངོ་རྟ་མཇེ་མ་ཚོ་ག་ལེར་ཕྱིར་ཐོན་ཡོང་གི་ཡོད་པ་འདྲ།
བློ་གཟུ་བོར་གནས་པའི་སྟེང་ནས་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱེད་རྒྱུ་ནི་ཨ་མའི་བུ་དག་གི་ཕུག་འདུན་དང་སྙིང་སྟོབས་ལ་རག་ལས་ཡོད།
༄༅། སྙན་བཟང་གཡུང་དྲུང་ཚེ་རིང་ལགས་ནས་་་་གཡས་ཕྱོགས་གཡོན་ཕྱོགས་མིན་པ་མགོ་ཚོས་
པོའི་དཔྱད་རྩོམ་ཞིག་བྲིས་གནང་འདུག་པ་་་་ལེགས་སོ་ཞུ། ད་དུང་མུ་མཐུད་དེ་དཔྱད་ནས་
འབྲི་བར་ཞུ། སྙན་པོ་འདུག་་་མི་ཁ་ཤས་ནས་ནང་དོན་ཅི་ཡང་མི་ཤེས་པའི་་་སྡུག་བསྔལ་གྱི་སྡུག་
བསྔལ་བྱེད་མཁན་ཡང་འདུག་པ་དངོས་བདེན་རེད།
སྙན་བཟང་ལགས་ཀྱིས་ཡག་པོ་བྲིས་འདུག། དེ་ག་རང་རེད་ཐེབས་རྩ་ཁང་གི་འགན་འཛིན་ལ་བསྐོ་བཞག་བྱེད་སྟང་དང་། ལས་ཡུན་ལ་སྒྲིག་གཞི་ཏན་ཏན་དགོས་ངེས་འདུག་། དེ་མིན་མགོ་བདེ་འགའ་ཤས་ཞིག་གིས་
༸གོང་ས་མཆོག་གི་མཚན་དང་། བོད་མི་ས་ཡ་དྲུག་གི་མིང་བེད་སྤྱོད་ཀྱིས་སྒེར་དོན་ཁོ་ནའི་ཆེད་མི་ཚེ་ཧྲིལ་པོ་
རྩ་ཆུ་གང་བཟང་སར་སྤྱི་དོན་ཡིན་འདོགས་བྱས་བསྡད་ཡོད་པ།
སྤྱིར་ན་རྒྱལ་དང་དམངས་ཞེས་པའི་ཐ་སྙད་ཙམ་ཡང་མི་ཤེས་པའི་ངེད་ཚོའི་བཤད་ལ་དགའ་ཚོ་སྙིང་རེ་རྗེ། རྒྱལ་ཁབ་ཅིག་གི་འགྲོ་སྟངས་ཡིན་ན་ཆབ་དཔལ་རིག་གསུམ་གང་ཡིན་ཡང་དམངས་གཙོ་ཀ་བ་གསུམ་གྱིས་བྱ་བྱེད་ལས་གསུམ་བསྒྲུབ་དགོས་པ་ཆགས་ཡོད།
གནས་དོན་འདིའི་རིགས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལ་གཏུག་དགོས་པ་རེད་གཞན་ཐབས་ལམ་མཐོང་མ་སོང་།
བོང་གུ་སེང་སྤགས་གྱོན་ནས། །
ལོ་ཏོག་བཟས་ནས་བསད་སོང་། །
སྲིད་སྐྱོང་དྲན་རྒྱུ་རྒོད་ནས། །
སྤེན་ཚེས་དམར་ཧྲེང་བསྟན་སོང་། །
སྐལ་རྡོར་སྙན་གྲགས་གཉིས་ཀྱང་། །
སྙན་གྲགས་ཡར་འགྲོ་མར་འགྲོ །
བློ་སེང་སྤེན་ཚེའི་འཐབ་རྩོད། །
བར་ལ་ངུ་འབོད་འདོན་བགྱིད། །
གོང་གི་གནས་ཚུལ་ལ་གཟིགས་ན་བཀའ་ཤག་ངོས་ནས་ཐག་ཆོད་པའི་ཐོག་ནས་དངུལ་དེ་དག་གནང་སྦྱིན་ཡིན་གསུངས་ཡོད་ཀྱང་། བོད་ཀྱི་ཐེབས་རྩ་ནས་གནང་སྦྱིན་ཡིན་དང་མིན་ལ་ཕན་ཚུན་བརྩི་མཐོང་དང་། གཅིག་ཕན་གཅིག་གྲོགས་བྱུང་ཚེ་དངུལ་དེ་དག་འབྱུང་འགྱུར་གནང་སྦྱིན་ལ་བསྒྱུར་ཆོག་ཚུལ་ལས། གལ་ཏེ་བཀའ་ཤག་ནས་བརྩི་མཐོང་དང་གཅིག་ཕན་གཅིག་གྲོགས་མེད་པར་ཕྱོགས་གཅིག་ཁོ་ནས་ཐ་གཅིག་ཏུ་གནང་སྦྱིན་ཡིན་ཚུལ་གསུངས་པའམ་བོད་ཀྱི་ཐེབས་རྩ་ཁང་ལ་བརྩི་མཐོང་མ་བྱས་ཚེ་མཇུག་འབྲས་གཞན་ཞིག་བྱུང་གི་ཡིན་ཚུལ་ལ་ཉེན་བརྡ་བཏང་འདུག་པ་གསལ་པོ་རེད། བྱས་ཙང་སྲིད་ཚབ་ཀྱིས་གསལ་བཤད་དེ་ནི་ཕྱོགས་གཅིག་ཁོ་ནས་གནང་སྦྱིན་ལས་གཞན་འགྲོ་ས་མེད་ཚུལ་གསུངས་ན་དེ་ཏག་ཏག་བསྡད་ཀྱི་ཡོད་མ་རེད་གཅིག་དེ་ཡིན། གཉིས་པ་དེ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་མ་དངུལ་དེ་ཚོ་ལྷོ་ཨ་ཤི་ཡའི་ས་ཁུལ་གྱི་རོགས་སྐྱོར་ཁོངས་ནས་ཡོང་གི་ཡོད་པར་བརྟེན། མ་དངུལ་དེ་དག་ངེས་པར་དུ་ལྷོ་ཨེ་ཤི་ཡར་གནས་པའི་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཆེད་གནང་བའི་མ་དངུལ་ཡིན་པས། མ་དངུལ་དེ་དག་ལྷོ་ཨ་ཤི་ཡ་བརྒལ་ནས་བཏང་ཆོག་གི་མེད་པས་ཨ་རིའི་དོན་གཅོད་ཁང་ཉོས་པ་དེ་མ་དངུལ་གཏོང་ཡུལ་གྱི་ས་ཁོངས་བརྒལ་འདུག་པས་རོགས་དངུལ་སྤྲོད་མཁན་གྱི་དམིགས་ཡུལ་དང་འགལ་བ་རེད། གསུམ་པ་དེ་བོད་མིའི་སྤྱི་ཚོགས་ཡར་རྒྱས་ཀྱི་ཐེབས་རྩའི་མ་དངུལ་དེ་དག་བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོན་དང་། འཕྲོད་བསྟེན། རིག་གཞུང་། བདེ་དོན་བཅས་ལ་གཏོང་ཆོག་པ་ལས་ས་ཁང་ཉོ་བར་བེད་སྤྱོད་བྱས་ཆོག་གི་མེད། དེས་ན་མ་དངུལ་དེ་དག་བོད་ཀྱི་དོན་གཅོད་ཁང་ཉོ་བར་བེད་སྤྱོད་བཏང་བ་དེ་རྩ་བའི་ཐེབས་རྩའི་མ་དངུལ་གཏོང་ཕྱོགས་ཀྱི་སྒྲིག་གཞི་དང་དམིགས་ཡུལ་ལ་ཐད་ཀར་འགལ་ཡོད་རེད། བཞི་པ་དེ་དཔལ་ལྡན་བཀའ་ཤག་གིས་རོགས་སྐྱོར་མ་དངུལ་གཏོང་སྟངས་དེ་ལྐོག་ལྐོག་སིབ་སིབ་དང་ཡོལ་བའི་འོག་ནས་ཡུལ་ཁྲིམས་ལ་རྡོག་རོལ་བཏང་འདུག་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལའང་འགལ་འདུག ག་རེ་བྱས་ན་མ་བྱས་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ཚོགས་ཁག་རྣམས་དང་། མི་སྒེར་སུས་ཀྱང་ལོག་འཚོ་བྱས་རུང་གི་མ་རེད། ལྷག་པར་དུ་བོད་མིའི་སྒྲིག་འཛུགས་ནི་སྐྱབས་མགོན་རིན་པོ་ཆེ་གཙོས་ལྷག་བསམ་ཅན་གྱི་མི་རབས་རྒན་པ་མང་པོའི་གསོ་སྐྱོང་གནང་བའི་ཤུལ་བཞག་རྩ་ཆེན་ཞིག་ཡིན་པས་འདི་ལོག་འཚོ་དང་ཁྲིམས་སྒྲིག་དང་འགལ་ན་རྩ་བ་ནས་རུང་གི་མ་རེད། ད་ཐེངས་སྐུ་ངོ་སྤེན་པ་ཚེ་རིང་གིས་རྒྱབ་ཡོལ་འོག་གི་གནས་ཚུལ་ཚབས་ཆེན་ཞིག་ཕྱིར་འདོན་ཐུབ་པ་ནི་བོད་མི་མང་དང་བོད་མིའི་སྒྲིག་འཛུགས་ཀྱི་མ་འོངས་པའི་བྱེད་ཕྱོགས་ལ་ཕན་ཐོགས་ཆེན་པོ་དང་། རང་ཉིད་ཀྱི་རྐུབ་ལྕགས་ལ་ལྟོས་བ་མེད་པར་དྲང་བདེན་དང་ལྷག་བསམ་གྱི་སྒོ་ནས་རྒྱབ་ཡོལ་ཕྱེ་ཐུབ་པ་དེར་རྗེས་སུ་ཡི་རེངས་ཡོད། དེ་མིན་མི་སྤྱིར་བཏང་བ་ཚོས་རང་ཉིད་ཀྱི་རྐུབ་ལྕགས་དང་ཟླ་ཕོག་ངམ་ངོམ་ཙམ་ལའང་བརྟེན་ནས་འདི་འདྲ་སྒྲུབ་ཕོད་ཀྱི་མེད། ཁོང་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། མདོ་དོན་བོད་མི་མང་གིས་ངེས་པར་དུ་མིག་ཆེན་པོ་གདང་ནས་ཡག་པོ་བལྟས་ན་མ་གཏོགས་ལྐོག་ཟ་བྱེད་ཐུབ་པའི་སྒོ་ག་ལེར་ཕྱེས་ནས་རྗེས་མ་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་དཀའ་ངལ་འཕྲད་ཀྱི་རེད།
བློ་སེང་དང་བཀའ་ཤག་གིས་ལྐོག་ལྐོག་སུབ་སུབ་མི་བྱེད་རང་བྱེད་རེད།
གཅིག་ནས་ཐེབས་རྩའི་དངུལ་གྱིས་ཁང་པ་ཉོས་པ།
གཉིས་ནས་ཨ་རིའི་གཞུང་ལ་མགོ་སྐོར་བཏང་བ།
གསུམ་ནས་བོད་ཀྱི་སྤྱི་འཐུས་གྲོས་ཚོགས་ལ་མགོ་སྐོར་བཏང་བ་སོགས་དེ་དག་ཕྱི་ལ་བུད་ཚེ།
ཡང་བློ་སེང་ལ་གཟི་བརྗིད་ཁོག་སྟོང་གི་བརྔན་ན་རེག་ཉེན་ཡོད་པ་རེད།
ད་དུང་དེ་ལས་གཞན་པའི་ལྐོག་གཡོ་ཞིག་ཡོད་པར་སྙམ། རྒྱུ་མཚན་ནི་སྤེན་པ་ཚེ་རིང་ལ་དངུལ་གྱི་ཐོག་ལག་པ་འཆང་མ་བཅུག་པ་དང་། བློ་སེང་ཁོང་གི་བློས་ཐུབ་པདྨ་ཆོས་འབྱོར་དང་སྐལ་རྡོར་གཉིས་ཨ་རི་ལ་བཏང་པ་དེ་རེད། དེ་ལ་ཞིབ་འཇུག་བྱེད་དགོས་སྙམ།
རྗེས་ལོ་ཕྱི་ཟླ་གསུམ་པའི་སྤྱི་འཐུས་གྲོས་ཚོགས་དགུན་ཚོགས་སྟེང་གནད་དོན་འདིའི་ཐོག་ཞིབ་འཇུག་ཚོགས་ཆུང་བཙུགས་ནས་ཞིབ་འཇུག་གི་སྒྲུབ་དོན་མི་མང་ལ་གསལ་བཤད་གནང་དགོས་པ་ལས་གཞན་གྱི་ཐབས་ལམ་ཡོད་པ་མཐོང་མ་སོང་།
སྤྱིའི་འཐུས་དེ་ཚོ་ཨེ། གང་ཤེས། དེ་ཚོས་ཀྱང་ནང་འཁྲུག་བརྒྱག་ཡ་མ་གཏོགས་ཅང་ཤེས་ཀྱི་མེད་པ་འདྲ།
ས་འོག་དར་འཐག་ཅེས་པའི་གོ་དོན་ཁ་གསལ་ལེར་བཏང་ན། མི་ངན་དཔུང་བསྡེབས་ཀྱིས་ལྐོག་གཡོ་ངན་གཤོམ་ཞིག་ལ་གོ་དགོས་པར་ཚིག་མཛོད་དུ་གསལ། དེ་ལྟ་ན། སྐབས་འདིར་མི་ངན་དཔུང་བསྡེབས་དང་། ལྐོག་གཡོ་ངན་གཤོམ་གྱི་ཇུས་སོགས་རེ་རེ་བཞིན་ཉིད་ཀྱི་རྩོམ་ཡིག་ནང་འཚོལ་ཞིབ་བྱས་ན། མིན་ངན་དཔུང་བསྡེབས་ཀྱི་གྲས་སུ་སྲིད་སྐྱོང་བློ་བཟང་སེང་གེ་དང་། བཀའ་ཤག དབུ་དཀར་ཚང་སྐལ་རྡོར། བཀའ་ཟུར་པདྨ་ཆོས་འབྱོར། རིན་ཆེན་དར་ལོ། བློ་བཟང་སྙན་གྲགས། རྒྱ་རི་རིན་པོ་ཆེ་བཅས་ཡིན་པར་གོ་རྒྱུ་འདུག དེ་ནས་ལྐོག་གཡོ་ངན་གཤོམ་གྱི་བྱ་བ་ནི་ས་ཡ་གཅིག་དང་ཕྱེད་ཀའི་གླེང་རྙོག་ལ་བརྟེན་ནས་མི་འཇོན་ཐང་ཅན་ལ་མ་རབས་ཁོག་བཅུག་བྱེད་པའི་ངན་ཇུས་ལ་གོ་དགོས་པར་སྙམ། དེ་ལྟ་ན་མི་འཇོན་ཐང་ཅན་དེ་ནི་ཚོགས་ཟུར་སྤེན་པ་ཚེ་རིང་མིན་ན་འགྲོ་ས་ཞིག་མི་འདུག ད་དུང་ཟློས་གར་ནི། མི་ངན་དཔུང་བསྡེབས་ཀྱི་ཆབ་སྲིད་འཁྲབ་སྟངས་ལ་གོ་དགོས་པར་སྣང་ངོ་། དེ་མིན་ས་འོག་དར་འཐག་ཅེས་མིང་ཚིག་འདིས་གོ་དོན་གཞན་ཡོད་ན་གསུང་རོགས་གནོངས།
་་་་་་་་་་ བཞི་པ་དེ་དཔལ་ལྡན་བཀའ་ཤག་གིས་རོགས་སྐྱོར་མ་དངུལ་གཏོང་སྟངས་དེ་ལྐོག་ལྐོག་སིབ་སིབ་དང་ཡོལ་བའི་འོག་ནས་ཡུལ་ཁྲིམས་ལ་རྡོག་རོལ་བཏང་འདུག་པ་མ་ཟད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལའང་འགལ་འདུག ་་་་་་་་་་ ཟེར།
སྤྱི་འཐུས་ནང་བཟང་སྤྱོད་ཀྱི་སྒོ་ནས་དགོངས་པ་ཞུ་དགོས་པ་འཇུ་ཆེན་དཀོན་མཆོག སྨོན་ལམ་མཐར་ཕྱིན། བསྟན་པ་ཡར་འཕེལ། ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་སོགས་འདུག
An interesting Facebook post:
A new twist in the old $1.5 million saga.
A few questions come to my mind upon reading the attached documents. This information is available on public domain but i suspect many people will not know of its existence. This is not an accusation, i am just trying to understand the reasoning and purpose behind some of the actions undertaken
1. Why was the Office of Tibet building bought under ‘The Tibetan Community Development Fund’ when majority of activities carried out in North America are by/under the Office of Tibet
2. Why is the property still registered under the care of Kalsang Aukatsang and not under current Chairman/ Director or whoever holds signatory authority
3. Why did the Office of Tibet request the loan to be drawn to the Tibetan Community Development Fund instead of the Office of Tibet
4. Why were Kaydor and Pema Chonjor appointed to the Board of Directors so soon after their tenure?
5. Makes me wonder if this was the reason why Penpa Tsering was kept in the dark regarding all these financial dealings because it was behind the doors and a greater plot was at play?
6. Is this why there is no information available on any loan related document with the Office of Tibet?
7. Also is this why Kaydor is posted as Director of Social and Resource Development (SARD) to control all funding agencies in the near future and manage the Tibetan Community Development Fund as a funding agency parallel to Tibet Fund after their political career. ཁོང་སྤུན་གྲོགས་གསུམ་ སེང་གེ་ སྐལ་རྡོར་ མཆོད་འབྱོར་དང་ ཨོ་་ཨ་ནི་སྙོན་མོ་ཟླ་སྒྲོན་དང་བཀའ་བློན་ག་གེ་མོ་ཞིག།
དང་པོར་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འདེམས་བསྒྲིགས་ཀྱིས་གྲོས་ཚོགས་སྒོར་མོ་ཞིག་བཟོས་པ་འདི་བོད་དོན་དང་འབྲེལ་བོད་མིའི་ད་ལྟ་དང་མ་འོངས་པའི་བདེ་སྡུག་དང་རྩ་དོན་བསྒྲུབ་སླད་མཉམ་འབྲེལ་གྲོས་ཚོགས་ཀྱི་ངོ་བོར་བསྐྲུན་པ་འདྲ་ཡང་། ད་ཆ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཐོབ་ཐང་རྩོད་ལེན་བྱེད་ས་ལྟ་བུ་དང་། སྒེར་བའི་འགྲན་རྩོད་དང་འཁོན་སེམས་འཐབ་རྩོད་ཀྱི་གཡུལ་ས་རུ་གྱུར་ནས་ནང་འཁྲུགས་ལོ་མང་བརྒྱབས། ནང་འཁྲུག་འདི་བརྒྱབ་ནས་ལོ་མང་སོང་།
ས་དགེ་བཀའ་སྙིང་བོདན་བཅས་ཀྱི་སྤྱི་འཐུས་གཉིས་རེ་ནས། གཅིག་རེས་བཟོས། དེ་ནས་སྤྱི་ཁ་སྐོང་ཆེད་དུ་ཇོ་ནང་སྤྱི་འཐུས་དང་། ཁ་འཐོར་སྤྱི་འཐུས་སོགས་མིང་ཐོགས་ནས་སྤྱི་འཐུས་གསར་སྐོའི་སྐོར་ལ། བཅའ་ཁྲིམས་གསར་བཟོ་དགོས་པའི་དུས་ལ་བབས་འདུག་སྙམ་མོ།།
ས་འོག་དར་འཐག་ཡིན་མིན་མི་ཤེས་ཏེ། རྩོམ་ཡིག་ལྟ་བཟོ་བདེ་བོ་ཞིག་བྲིས་འདུག བཙན་བྱོལ་ནང་དུ་བོད་ཡིག་འབྲི་མཁན་སྤར་མོ་གང་མ་གཏོགས་མེད་པ་དང་། ཅིག་བྲིས་ནའང་ཀློག་མཁན་མེད་པ། ཀློག་མཁན་ཡོད་པ་དག་གིས་ཀྱང་ཚིག་མཚོན་འདེབས་རེས་བྱེད་སྡོད་པ་ཡིན་ན། ལྟ་བ་དང་བསམ་བློ་ཧ་ཅང་གུ་དོག་པོ་རེད་སྙམ། བྱས་ཙང་ཁྱོད་ཀྱི་དགོངས་ཚུལ་དེ་དེ་ཙམ་དངོས་ཡོད་དང་མཐུན་པའང་ཡང་ན་གནད་དོན་ཆེན་པོ་ཞིག་ཏུ་མ་མཐོང་ཡང་། ཚུལ་ལྡན་ལུགས་མཐུན་གྱི་ཐོག་ནས་དགོངས་ཚུལ་སྤེལ་པ་ལ་ཡི་རང་དང་རྒྱབ་སྐྱོར་ཡོད།