མེ་ཏོག་དཀར་པོ།
༧འཁྲུངས་སྐར་ལ་ཕུལ་བ།
མདོ་དབུས་ཁམས་གསུམ་གྱི་སྙིང་གཅིག །
ང་ཚོའི་ཆེད་དུ་རང་བགྲེས་པའི། །
ཞིད་བཞིན་ནོར་བུ་ཁྱོད་མཁྱེན་ནོ། །
ཁྱོད་སྐུ་ཡུན་དུ་རང་བརྟན་ཤོག །
མདོ་སྨད་གྲོང་གསེབ་ནས་འཁྲུངས་ཤིང་། །
ལྷ་ལྡན་ཡུལ་དབུས་ནས་འབངས་བསྐྱངས། །
ཞི་བདེའི་དེད་དཔོན་དུ་མངའ་གསོལ། །
ཡིད་བཞིན་ནོར་བུ་ཁྱོད་ལེགས་སོ། །
ང་ཚོའི་བདེ་སྡུག་གི་མགོན་དུ། །
ལས་དབང་སྐལ་བ་ཡི་ཐོབ་པའི། །
བསྟན་འཛིན་རྒྱ་མཚོ་ཡི་ནོར་བུ། །
སྤྱི་བོའི་གཙུག་ཏུ་རང་བཀུར་རོ། །
ཤཱཀྱའི་དགེ་སྦྱོང་ལགས་ཁྱོད་ཀྱིས། །
འཛུམ་པའི་ཞལ་རས་དང་ཕྱག་གཉིས། །
ཐལ་མོ་སྦྱར་བ་ཡི་མཚོན་ཆས། །
དགྲ་བོའི་ཞེ་སྡང་ཡང་བསད་སོང་། །
ཁྱོད་ཀྱི་ལེགས་ཕྱོགས་ལ་མ་ཡིན། །
དགྲ་བོའི་ཉེས་ཆ་ལའང་མིན་པར། །
རང་བློ་གཟུ་དཔང་ལ་བཞག་ནའང་། །
མགོན་ཁྱོད་ངོ་མ་རང་ལེགས་སོང་། །
སངས་རྒྱས་རློན་པ་དེ་མིན་ཆོག །
ཕྱག་བཞི་འཕགས་མཆོག་དེ་མིན་ཆོག །
གཞན་ལ་བརྩེ་སེམས་དེ་གཅིག་པུས། །
ཕྱོགས་བཅུའི་རྒྱལ་བ་ལས་ལྷག་སོང་། །
ལྟ་བ་འཚེ་མེད་ཀྱི་ཕྱག་རྒྱ། །
སྐྱེ་འགྲོའི་སྙིང་ཁ་རུ་འདེབས་མཁས། །
སྔ་དུས་ཤཱཀྱ་ཡི་རྒྱལ་པོ། །
དེང་སང་བསྟན་འཛིན་གྱི་རྒྱ་མཚོ། །
དུང་དུང་དད་པ་ཡིས་བསུས་པའི། །
ལྷང་ལྷང་ཁྱོད་རང་ལ་གསོལ་འདེབས། །
ཡང་ཡང་ཚིགས་ཕྲེང་ལ་རྒྱུས་ཏེ། །
གུས་གུས་ཕྱག་བཅས་དང་ཕུལ་ལོ། །
ཨ་མདོ་སྟག་འཚེར་སྐུ་འཁྲུངས། །
ལྷ་སར་ཆོས་སྲིད་ཁྲི་འཁོད། །
རྡ་སར་གཞིས་བྱེས་གཉིས་བསྐྱངས། །
ཛམ་གླིང་གང་སར་ཞབས་བཅག །
ཟླ་མེད་ཁྱེད་༸སྐུ་ཡུན་བརྟན། །
དྲྭ་གྲོགས་རྙིང་པ་ཞིག་ཕེབས་པར་དགའོ།།