ཨ་འདུས་སྐལ་བཟང་རྒྱ་མཚོ།
———-(བལ་པོའི་བརྙན་འཕྲིན་དང་། གསར་ཤོག་ནས། ནམ་ཡང་། མཐོང་མི་ཐུབ་པའི་བོད་ཀྱི་དགོན་སྡེ་ཁག་གི་རོགས་སྐྱོར་ལ་དམིགས་ཏེ་བྲིས།)
ཉིན་དེར་ཁྱོད་བལ་ཡུལ་གྱི་རྒྱས་སྤྲོས་ཆེ་བའི་སྲིད་འཛིན་ཡིན་རུང་བླ་ལ། ཉམ་ཐག་པའི་སྦྲང་པོ་ཡིན་རུང་ཆོག་སྟེ། ང་ཚོ་ལྷན་གཅིག་ཏུ་ས་གཞི་གཅིག་གི་སྟེང་ནས་གཡོ་དགོས་བྱུང་བ་རེད། འོན་ཀྱང་། མི་སྒེར་གྱི་ལས་དབང་སྣ་ཚོགས་པ་དང་། འཚོ་གནས་ཀྱི་ཕྱེ་བྲག་ཐ་དད་པའི་དབང་གིས། མི་ཚོགས་སྟོང་ཕྲག་མང་པོ་ཞིག་གིས་ང་ཚོ་བཞག་སྟེ་སྔོན་ལ་བཞུད་སོང་། ནམ་ཡང་། ཕྱིར་ལོག་མེད་པའི་གནས་དེར་འཇིགས་སྣང་དང་བཅས་བཞུད་སོང་། ཞེད་སྣང་གིས་རང་ཉིད་ཀྱང་ངོས་མི་ཟིན་པའི་ང་ཚོར་མཚོན་ན། མི་རྒྱུ་ཟོག་གསུམ་གྱི་རོགས་རམ་ཐད་ཀར་བྱེད་མ་ཐུབ་ཀྱང་། ང་ཚོའི་བརྩེ་སེམས་མང་ཚོགས་ཀྱི་གམ་དུ་ཡོད། འདི་ནི་གཏན་ཚིགས་ཀྱི་སྒོ་ནས་ཤཱཀྱའི་བསྟན་པར་གཅེས་ཤིང་། དེའི་དགོངས་པ་འཚོལ་བཞིན་པའི་གྲྭ་རྐྱང་ཚོའི་མ་མཐའི་ལངས་ཕྱོགས་རེད།
གླང་ཆེན་སྨྱོན་པ་ལྟ་བུའི་ས་ཆེན་པོའི་འགུལ་མཚམས་རེ་ཞིག་བཞག་པ་ན། གྲྭ་རྐྱང་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་རང་བརྗེད་པའི་ལེའུ་དེའི་མགོ་བརྩམས་སོང་། འདི་ནི། ཕྱི་རུ་ངུར་སྨིག་གོས་ཀྱིས་མཛེས་ཤིང་། ནང་དུ་སྙིང་རྗེའི་བཅུད་ཀྱིས་གཏམས་པའི་གྲྭ་རྐྱང་ཚོས་ཚེ་སྲོག་གི་སྙིང་པོ་འཚོལ་སྟངས་མ་འདྲ་བ་ཞིག་རེད། གཞན་གྱི་ཆེད་དུ་རང་ཉིད་འདོར་ཕོད་པའི་དཔུང་ཚོགས་དེ། ས་ཡོམ་གྱིས་ཉེན་པའི་མང་ཚོགས་ཁྲི་མ་འབུམ་གྱི་དཀྱིལ་དུ་འཚང་སོང་། གས་ཆག་ཤོར་བའི་མཁར་ཁང་གསར་རྙིང་གི་འོག་དང་། འོ་དོད་ཀྱིས་གནམ་ས་གཡོ་བའི་མི་ཚོགས་ཁྲོད། ཆད་ལ་ཉེ་བའི་དབུགས་ཀྱི་རྒྱུ་བ་རེ་རེ་སྙིང་ལ་བསྒོམས་ཏེ་བཙན་གྱིས་གཤེགས་སོང་།
དེ་ལྟར་ཉི་མ་རེ་རེ་ནས། མང་ཚོགས་ཀྱི་འཛུམ་མདང་སླར་གསོའི་ཆེད་དུ་རང་གི་བདེ་འཇགས་བསྐྱུར་བའི་དཔུང་ཁག་དེ་དག་གི་དངུལ་ཆུའི་གྲངས་དང་། ངལ་བའི་མཐའ་ནི། གསར་འགྱུར་ལྟ་བུའི་བསྡུས་བརྗོད་ཀྱི་སྐད་ཆ་ཞིག་གིས་མཚོན་ཐུབ་པ་ཞིག་གཏན་ནས་མིན་ནའང་། དོན་དངོས་ཀྱི་སྣང་བརྙན་ཅི་ཡོད་གསར་ལམ་དུ་འདོན་མི་ཕོད་པའི་གསར་པ་འགོད་པ་དག་གམ། ཡང་ན། གསར་འགྱུར་ལ་ཚད་འཛིན་བྱེད་པའི་ལས་ཀྱི་སྣེ་མོ་བ་ཚོས་ནི། རང་གི་མང་ཚོགས་ལ་རྒྱུན་དུ་མགོ་བོ་བསྐོར་བཞིན་ཡོད་དེ། དཔེ་མཚོན་ཙམ་བཤད་ན། རྒྱ་ནག་གི་ཅི་བཤད་ལ་ཉན་འཇོག་བྱེད་དགོས་པའི་བལ་གཞུང་གི་གསར་འགྱུར་བརྒྱུད་ལམ་ན། ས་འགུལ་ཉེན་སྐྱོབ་ཐད་རླབས་ཆེན་གྱི་མི་བུར་གྱུར་པའི་ནང་བསྟན་གྱི་དགེ་འདུན་པ་དེ་ཚོའི་གྲུབ་གཟུགས་ཙམ་ཡང་། མིག་ལྡན་སུས་ཀྱང་མཐོང་མི་སྲིད་པའི་གནས་སུ་གྱུར་ཡོད་དེ་རེད།
གསར་འགོད་རང་དབང་ནི། དམངས་གཙོའི་སྤྱི་ཚོགས་ཀྱི་ཀ་བ་བཞི་བར་བསྔགས་ཀྱིན་ཡོད་མོད། གཞུང་གི་སྲིད་ལུགས་བརྒྱ་ཆ་བརྒྱད་ཅུ་བྲམ་ཟེ་སྣ་རིང་ཚོས་བཟུང་བའི་བལ་གཞུང་ལ་མཚོན་ན། ནང་བསྟན་རྗེས་འཇུག་པ་ཚོར་ཅུང་ལྟ་ཕྱོགས་མེད་དམ་པའི་སྙམ་པའི་ཚོར་བ་ཡོང་གི་འདུག མ་གཞི་ནས་ཆབ་སྲིད་ཀྱི་ངོས་ཐད་ནས་རྒྱ་ནག་ལ་བསྟུན་དགོས་པ་དེ་བལ་བོའི་གཞུང་འཛིན་པ་ཚོའི་ཕྲལ་གྱི་དགོས་མཁོ་དང་མཚམས་པས་ཁག་མེད་ན་ཆོག་མོད་ཀྱང་། འགྲོ་བ་མིའི་རིགས་ཀྱི་བྱམས་བརྩེའི་སྣང་བརྙན་གཤའ་མ་དག་གསར་ལམ་དུ་སྟོན་མི་ཐུབ་འདི་ཅི་ཞིག་གིས་ཉེན་སོང་བ་ཡིན་ནམ། འདི་དམངས་གཙོའི་སྲིད་གཞུང་ཞིག་གིས་ལངས་ཕྱོགས་ཡིན་ནམ།
མ་གཞི་ནས་ནང་བསྟན་ནི། རྒྱལ་སྤྱིའི་སྟེང་འཕེལ་ཚད་ཧ་ཅང་མགྱོགས་པའི་ཆོས་ལུགས་ཀྱི་གྲལ་དུ་ཡོད་པས། བལ་གཞུང་ལྟ་བུས་ཁྱབ་བསྒྲགས་དང་། བསྔགས་བརྗོད་ལ་ལྟོས་དགོས་པ་ཞིག་ཡེ་ནས་མ་ཡིན་ནའང་། བལ་ཡུལ་དུ་རྟེན་གཞི་བྱས་པའི་ནང་བསྟན་དགོན་སྡེ་ཁག་དང་། ནང་པའི་སྐྱིད་སྡུག་ཚོགས་པ་བརྒྱ་ཕྲག་མང་པོས་གཞུང་གི་རོགས་སྐྱོར་གྱིས་མ་སྙོབས་པའི་ས་ཆ་མང་པོ་ཞིག་ན། བརྩེ་སེམས་དང་། སེམས་གསོ་ཁུར་ནས་མང་ཚོགས་ཀྱི་མིག་སྔར་ཐོན་པ་དེ། ཅིའི་ཕྱིར་གསར་འགྱུར་བརྒྱུད་ལམ་དུ་གཏོང་མ་ཕོད་པ་རེད། འདི་ནི་བལ་གཞུང་དང་། བལ་བོའི་གསར་འགོད་པ་ཚོས་རྒྱལ་སྤྱི་དང་། བལ་བོའི་མང་ཚོགས་ལ་ས་འགུལ་སྐབས་ཀྱི་འཚོ་བ་དངོས་སྟོན་མ་ཐུབ་པ་རེད་ལ། དེ་ལས་ལྡོག་སྟེ་བདེན་པ་ལ་རྡོག་རོལ་བཏང་བ་ཡང་རེད།
ཁོ་བོས་ཉིན་གཉིས་པ་ནས་བཟུང་དེ་རིང་པར་ཀཐམནྜི་དང་། ཧི་མ་ལ་ཡ་སོགས་གསར་ཤོག་མང་པོ་ཞིག་ལ་རྟོགས་ཞིབ་བྱས་རུང་། དེ་དག་ཏུ་བཀོད་པའི་ཉིན་རེའི་བྱ་འགུལ་གྱི་རིམ་པ་སྟེ། དཔེར་ན། སྡོད་ཁང་ནས་ཉེན་སྐྱོབ་བྱེད་པ་དང་། གྲོང་གསེབ་ཁག་ཏུ་བཟའ་འབྲུའི་རོགས་སྐྱོར། སྨན་ཁང་དུ་ཁྲག་གི་རོགས་རམ། བཏུང་ཆུ་མཁོ་འདོན་བྱེད་པ། སྨན་སྦྱིན། གཤིན་པོའི་ཆེད་དུ་སྨོན་ལམ་འདོན་པ་སོགས་ཀྱི་པར་རིས་ཚང་མ་རྒྱ་ནག་དང་། བལ་གཞུང་གི་དམག་མི། སྤྱིར་བཏང་གི་མི་སེར་གྱི་ངོ་བོར་བཀོད་པ་ལས། བོད་བརྒྱུད་ནང་བསྟན་པ་ཚོས་ཉིན་ས་ཡོམ་བྱུང་ཉིན་ནས་མང་ཚོགས་ཀྱི་ཆེད་དུ་ཅི་ཞིག་བྱས་པའི་སྐོར་ནས་དཔེ་མཚོན་ཙམ་ཡང་མ་བཀོད་བསམས་ན་ནི། ང་ཚོའི་རོགས་རམ་ཁྱོད་ཚོའི་བརྙན་མིག་ཏུ་མ་ཤོང་བས་ཡིན་ནམ། བརྙན་མིག་ང་ཚོའི་ཕྱོགས་སུ་གཏད་པ་དང་བརྙན་ལེན་གྱི་གློག་རྫས་ཟད་སོང་བས་རེད། གང་ལྟར། འདི་གནད་དོན་ཞིག་རེད།
ཞིབ་འདང་རེ་བྱས་ན། བལ་ཡུལ་ན་ཡོད་པའི་མང་གཙོ་དེ་མིང་ཙམ་གྱི་མང་གཙོ་རེད་ལ། བལ་ཡུལ་ན་ཡོད་པའི་གསར་འགྱུར་ཡང་། སྲིད་དོན་གཉེར་སའི་གསར་འགྱུར་རང་སྟེ། རྒྱ་ནག་གི་གསར་འགྱུར་གྱི་སྤུན་དུ་གྱུར་འདུག་ཨང་། མདོར་ན། བལ་ཡུལ་དུ་རྟེན་གཞི་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་ས་ཡོམ་ཉེན་སྐྱོབ་ཀྱི་སྲིད་ཞུ་བ་ཚོའི་བྱ་འགུལ་དག་དྲ་ལམ་དུ་སྐྱེལ་མཁན་ནི། རང་དང་འབྲེལ་ཡོད་ཀྱི་གྲོགས་པོ་འགའི་སྐད་འཕྲིན་དང་། ངོ་དེབ་ཙམ་ཡིན་པ་ཤེས་དུས། གསར་འགྱུར་བརྒྱུད་ལམ་ནས་གནད་དོན་ཅི་ཡང་གླེང་ཕོད་པའི་རྒྱ་གར་མང་གཙོའི་ཡུལ་གྲུ་ཆེན་པོ་དེའི་རང་དབང་རིན་ཐང་དང་། སྤུས་ཚད་ལ་ཡིད་སྨོན་བརྩེགས་མ་ཞིག་བྱེད་དགོས་བྱུང་།
མདོར་ན། བལ་བོའི་གསར་འགྱུར་དང་། བོད་ཀྱི་གྲྭ་བའི་བར་དུ་ཅི་ཞིག་གི་འགལ་འདུ་ཡོད་སོང་བས་ཡིན་ནམ། བལ་གཞུང་འདི་རྒྱ་སྒོར་ལ་རྔམས་དྲགས་པས་ཡིན་མ་ཤེས་རུང་། ས་འགུལ་བའི་སྔ་རྗེས་གང་དུ་ཡང་། བལ་བོའི་གསར་འགོད་པ་དག་གི་བརྙན་མིག་ཏུ་མ་ཚུད་པའི་བོད་བརྒྱུད་ནང་བསྟན་པའི་སྲི་ཞུ་སྤྱི་དང་། ཡང་སྒོས། བལ་བོ་རང་གི་མི་སེར་དུ་གྱུར་པའི་ཧི་མ་ལ་ཡི་མི་རིགས་ཀྱི་གྲྭ་རྒྱུན་ཚོའི་བྱ་སྤྱོད་ལ་ཡི་རངས་ཀྱི་རྣམ་འགྱུར་ཙམ་ཡང་མེད་པ་ནི། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་འཕོ་འགྱུར་གྱི་ཆོས་ཉིད་བསམ་ཐུབ་མཁན་དཀོན་སོང་བས་རེད་ཨང་།
ཨ་འདུས་སྐལ་བཟང་རྒྱ་མཚོས་སྡོད་གུར་ནས། མཚན་མོའི་ཆུ་ཚོད། ༡༠། བར་མཇུག་རྫོགས་པར་བྱས་སོ། །
བལ་ཡུལ་བོད་རིགས་ས་ཡོམ་མྱུར་སྐྱོབ་པ་ཡོངས་ལ་བསྟོད་པའི་ཀ་ཕྲེང་།
བཀའ་བསྟན་ཀ་ཁ་སྦྱངས་པས་སྦྱང་དགོས་ཆོད། །
ཁ་ནས་མཎི་བཏོན་པས་འདོན་དགོས་ཆོད། །
ག་ནས་བལྟས་ཀྱང་སེར་གཟུགས་དེ་ཚོ་ནི། །
ང་དང་འདྲའི་ཡི་རང་སྐྱེས་ས་ཉིད། །
ཅ་ལག་ཆོག་ཤེས་ཅན་གྱི་གྲྭ་བཙུན་དང་། །
མཆོད་ཆང་རོལ་ནས་དམ་བསྲུང་སྔགས་འཆང་གཉིས། །
ཇ་རྩམ་སྤྱོད་མཁན་བོད་རིགས་མགོན་སྐྱབས་གཉིས། །
ཉ་མ་སྦྱིན་བདག་འདི་ཕྱི་ལེགས་ཚོགས་རྒྱས། །
ཏ་ཐ་ག་ཏའི་འདུལ་གོས་ལུས་ལ་མཆོད། །
ཐ་ན་འབྲོག་འབུ་འཚེ་སྤོངས་སེམས་ལ་འཆང་། །
ད་ལྟའང་ཁ་ནས་མཎི་གང་ཐུབ་འདོན། །
ན་ཚོད་གཞོན་པའི་གཞོན་ནུ་ཕོ་མོ་དར། །
པ་ཕ་ཡ་རབས་ཚོགས་ཀྱི་གྲྭ་ཆུང་དང་། །
ཕ་མ་དད་ལྡན་ཀུན་གྱི་བཙུན་ཆུང་མོ། །
བ་དན་རྒྱལ་མཚན་སེར་གཟུགས་བསྟན་པའི་རྒྱན། །
མ་རེད་མི་འདུག་ཟེར་ཡང་འདྲ་ས་མེད། །
རྩྭ་ཐང་ལམ་ཁར་འགྱེལ་བའི་ཁང་རལ་ནས། །
ཚ་གྲང་ལྟོག་སྐོམ་བཟོད་ནས་སྲོག་སྐྱོབ་བྱས། །
མཛངས་པ་བླ་མའི་དགེ་ཕྲུག་དེ་དག་གིས། །
ཝལ་ལེར་ཞིག་རལ་བརྔོག་མཐོང་དགའ་དད་འཕེལ། །
ཞྭ་སེར་ཞྭ་ནག་ཞྭ་མདོག་མ་རྩོད་པར། །
ཟ་ལོང་འཐུང་ལོང་མེད་པར་གཞན་སྐྱོབ་ཕྱིར། །
འར་འུར་མཉམ་རུབ་ཆུ་དང་ཟས་སྤྲོད་ཀྱིས། །
ཡ་མེད་ཟླ་མེད་སྟོན་པའི་རྣམ་ཐར་བསྐྱངས། །
ར་ཕྲུག་ཁྱི་ཕྲུག་གཅེས་སྐྱོང་བྱས་པ་ལྟར། །
ལ་ལུང་རྒྱུས་མེད་མི་ལ་ཕན་པ་བསྒྲུབས། །
ཤ་ཁྲག་གཅིག་པའི་མི་ཡང་ཕན་པ་དེས། །
ས་ཡོམ་གོད་ཆགས་རྗེས་ཀྱི་གཟི་བརྗིད་རེད། །
ཧ་ཆང་དགའ་བདེའི་ངང་ནས་ཀ་བཤད་འདི། །
ཨ་མའི་བོད་རིགས་ཡོངས་ལ་བསྟོད་བསྔགས་ཕུལ། །
དབུས་བོད་མིའི་སྒྲིག་འཛུགས་ནས་བལ་སྒོར་ས་ཡ་གཉིས་བལ་ཡུལ་ས་ཡོམ་རོགས་སྐྱོར་ཆེད་འབུལ་ཡོད་ཀྱང་བོད་མིའི་སྒྲིག་འཛུགས་ལ་འཛིན་སྦྱང་ཙམ་ཞིག་ལས་གཞན་གང་ཡང་ཐོབ་མེད་པ་ཐག་གི་ཆོད། ད་དུང་དངུལ་སྒོར་དེ་དག་བལ་གཞུང་གི་ཆབ་སྲིད་མགོ་དཔོན་ཚོའི་ཨམ་ཁུག་ནང་མི་འགྲོ་བའི་ངེས་པ་མེད། ཅི་སྟེ་བོད་མི་ཚོས་བཟང་སྤྱོད་ཀྱི་བལ་ཡུལ་མི་སེར་ཉམས་ཐག་ཚོར་རོགས་སྐྱོར་བྱེད་དགོས་ཀྱང་ང་ཚོ་བོད་པ་ནི་མིང་ཙམ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ལ་གོ་ཐོས་མེད་ཐལ།
བོད་གཞུང་གི་སྒོར་འབུམ་ཉི་ཤུ་དེ་དགོན་སྡེ་ཞིག་གི་ཐེབས་རྩ་བརྒྱུད་ནས་འབུལ་ཐུབ་ན་བཟང་། ང་ཚོ་འདིར་བོད་མི་ཁ་ཤས་རེ་ཡོད་པ་ཚོས་ཀྱང་ཞལ་འདེབས་བསྡུས་པ་ཡིན། ང་ཚོ་འདིར་ཡོད་བོད་མི་ཚང་མ་བལ་ཡུལ་ལ་ཁ་ཞེ་གཉིས་མེད་ཀྱི་དགའ་མཁན་ཤ་སྟག་རེད། དེའི་སྟེང་ལ་ཕྱི་རྒྱལ་བ་རྒད་པོ་ཞིག་གིས་ཕོན་ཆེ་ཙམ་སྤྲད་སོང་། མི་གྲངས་ཉུང་མིན་ལ་་ལྟོས་པར་བལ་སྒོར་ལ་བརྗེ་དུས་འབུམ་བཞི་ལྔ་ཙམ་འདུས་སོང་། ང་ཚོས་བོད་གཞུང་གི་ཞལ་འདེབས་དེའི་ནང་དུ་འབུལ་དགོས་སམ། རྒྱལ་ཁབ་འདིའི་ཁེ་མེད་དགེ་རྩའི་ཚོགས་པ་འདྲ་བརྒྱུད་ནས་འབུལ་ཟེར་ནས་གྲོས་བསྡུར་བྱས་པ་ཡིན། གྲོས་བསྡུར་བྱས་བྱས་པའི་མཐར། བོད་རྒྱུད་ནང་སབྟན་གྱི་དགོན་པ་ཞིག་གི་དགེ་རྩ་ལས་ཁུངས་བརྒྱུད་ནས་འབུལ་རྒྱུ་ཐག་བཅས་པ་ཡིན། ཧ་ཅང་བློ་བདེ་བོ་བྱུང་སོང་།
བོན་ཀྱི་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་གཙོས་པའི་བོད་ཀྱི་བླ་སྤྲུལ་དགེ་འདུན་ཚང་མས། བལ་ཡུལ་དུ་ས་གཡོས་གོད་ཆག་ནང་དུས་མིན་རྐྱེན་འདས་སུ་སོང་བའི་རྣམ་ཤེས་སྟོང་ཕྲག་མང་པོར་དམིགས་ནས། ཐུགས་བསྐྱེད་སྨོན་ལམ་ཡག་པོ་གནང་དགོས་པའི་རེ་བསྐུལ་ཞུ་བ་ཡིན། །
དེ་ག་རང་རེད། བལ་ཡུལ་ལ་ཡོད་པའི་བོད་དགོན་ཞིག་རྒྱུད་ན་སྤྲོད་དགོས་ས་དང་དགོས་ངེས་ཚོར་རག་གི་རེད། སྦྱིན་པའི་ཕན་ཐོགས་ཡོད་རེད། བཀའ་དྲིན་ཆེའོ།
རྒྱ་གར་གྱི་སྲིད་བློན་མོ་ཏི་དང་། ནང་ཆོས་ཝེ་སཀ་དུས་སྟོན།
https://www.youtube.com/watch?t=481&v=5UUsR6s-Wa8
ད་ཐེངས་གཞུང་གིས་གསར་འགྱུར་སྤེལ་ཕྱོགས་ཐད་མང་ཚོགས་མང་པོ་ཞིག་ལ་ཚོར་སྣང་ཆེན་པོ་ཡོང་གི་ཡོད། ལྷག་པར་དུ་གྲངས་ཉུང་མི་རིགས་སུ་གྱུར་པའི་ཧི་མ་ལ་ཡི་མི་རིགས་ཚོས་དེའི་སྐོར་ནས་ལབ་གླེང་མང་བ་བྱེད་ཀྱི་འདུག རོང་རྒན་སྣ་རིང་ཚོས་ང་ཚོར་ལྟ་ཚུལ་ཞིག་ཡོད་པ་ནི། རིགས་དམན་འདི་ཚོས་ཅི་ཞིག་འཇོན་ཨང་། ཁོང་ཚོས་ཞལ་འདེབས་ཤིག་འབུལ་ཐུབ་པ་ནི་མཆོད་མེ་རྐང་འགའ་སྤར་བྱེད་ཙམ་རེད་སྙམ་གྱི་ཡོད་པའི་སྐོར་གྱི་རྩོམ་ཡིག་རེ་ཡང་དེ་རིང་གི་ཚགས་ཤོག་སྟེང་ཐོན་སྐད། འདི་དག་ནི་ངོ་མ་གཞུང་འཛིན་པ་གཡོ་ཅན་དེ་ཚོས་མི་མང་དམངས་ཀྱི་གྲངས་འབོར་ལ་དམིགས་ཏེ་ཟློས་གར་འཁྲབ་སྟངས་ཤིག་རེད། ཁོང་ཚོར་མཁོ་བ་ནི་སངས་རྒྱས་དང་། དེའི་ཟབ་མོའི་ཆོས་ལུགས་མ་ཡིན་པར། སངས་རྒྱས་ཀྱི་འཁྲུངས་གནས་ལུམྦིནཱི་ཡིན་པ་ཙམ་རེད། གནས་ལུགས་འདིའི་ཁོ་ཚོའི་རུལ་སུངས་ཅན་གྱི་ཁོག་པ་དེ་གསལ་པོར་མཐོང་ཐུབ་པ་མ་ཡིན་ནམ།
ཨ་འདུས་སྐལ་བཟང་རྒྱ་མཚོ་ལགས་ཀྱིས། ༼གཞུང་གི་སྲིད་ལུགས་བརྒྱ་ཆ་བརྒྱད་ཅུ་བྲམ་ཟེ་སྣ་རིང་ཚོས་བཟུང་བའི་བལ་གཞུང་ལ་མཚོན་ན། ནང་བསྟན་རྗེས་འཇུག་པ་ཚོར་ཅུང་ལྟ་ཕྱོགས་མེད་དམ་པའི་སྙམ་པའི་ཚོར་བ་ཡོང་གི་འདུག༽ འདི་ནང་བསྟན་རྗེས་འཇུག་པ་ཡིན་པའི་རྒྱུ་མཚན་དེ་རང་ལ་དམིགས་པ་ཅང་ཨ་ཡིན་ན། འདི་ནི་རིགས་རུས་དང་སྐད་ཡིག་ཆོས་ལུགས་ལུང་ཚན་ཡོངས་ལ་དམིགས་པའི་ལྟ་སྟངས་ཤིག་ཡིན་པ་འདྲ། དུས་རྒྱུན་དུ་བོད་པ་ཚོས་བལ་གཞུང་མི་སྣས་བྱས་ཚད་ལས་ཚད་ཚང་མ་རྒྱ་མིས་བརྒྱུད་བསྐུལ་བྱས་པ་རེད་མ་གཏོགས་ཁོ་ཚོ་རང་ངོས་ནས་ཡག་པོ་ཞེ་བོ་ཞིག་ཡིན་རབས་གླེང་གི་འདུག་མོད། དེ་དངོས་གནས་ཏག་ཏག་བསྡད་ཨ་ཡོད་ན། ཁག་ཚང་མ་རྒྱ་མི་ལ་ཕར་བསྐྲི་ས་དང་སྐྲི་མཁན་རགས་དུས། བྲམ་ཟེ་སྣ་རིང་མགོ་བདེ་འདི་ཚོས་འདིར་སྣང་བར་གང་དྲན་རྐྱང་རྐྱང་བྱས་ནས་བསྡད་ཡོད་རེད། རྒྱ་མི་ལྐུགས་པ་འདི་ཚོས་ཀྱང་བྲམ་ཟེ་སྣ་རིང་ཚོའི་རྐུབ་ལ་རྒྱུག་ནས་རང་ཉིད་ཀྱི་རིན་ཐང་རྩ་མེད་བཟོ་བཞིན་བསྡད་བཞག རྣམ་རྟོག་དགྲ་རུ་ལངས། ཁང་སྟོང་རྐུན་མས་བརྒྱངས་ཟེར་བའི་དཔེ་ལྟར། རྒྱ་མི་དོགས་ཕུང་འདི་ཚོས་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་སོང་སྟངས་ནས་འདྲེ་ཤར་སྒོ་ལ་བཞག་གླུད་ནུབ་སྒོ་ནས་གཏོང་བཞིན་བསྡད་འདུག་བ། དངོས་གནས་བྱས་ན་སྒོར་མོ་དེ་ཚོ་ཕར་བོད་ནང་ངམ་ཡང་ན་བལ་ཡུལ་གྱི་གདོད་མའི་བོད་རིགས་དེ་ཚོར་ཁ་ཡོད་ལག་ཡོད་ཀྱི་ཕན་པར་བྱས་ན་དགེ་མཚན་ག་ཚོད་ཅིག་མི་ཡོང་ངམ། །