དེ་རིང་ས་རྭ་མཐོ་སློབ་ཏུ་རྒྱ་གར་ནང་གི་བོད་པའི་མཐོ་སློབ་ཁག་དང་ཤེས་ཡོན་བསྟི་གནས་ཁག་གི་ཤེས་ལྡན་མི་སྣ་སྐོར་ཞིག་གིས་བོད་ཀྱི་དམངས་ཁྲོད་དུ་དར་བའི་ནད་བཅོས་དང་སྲོལ་རྒྱུན་རིག་གནས་སྐོར་ལ་ཉིན་གསུམ་རིང་གི་བགྲོ་གླེང་ཞིག་དབུ་འཛུགས་གནང་ཡོད་པ་རེད།
དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༣༠ སྟེང་། ས་རྭ་བོད་ཀྱི་མཐོ་རིམ་རིག་གནས་སློབ་གཉེར་ཁང་གི་ཚོགས་ཁང་དུ། ས་ར་གཞོན་ནུ་རུ་ཁག་གི་གོ་སྒྲིག་འོག་ <<བོད་ཀྱི་དམངས་ཁྲོད་དུ་དར་བའི་ནད་བཅོས་དང་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་གླེང་བ་>>ཞེས་པའི་བརྗོད་གཞིའི་ཐོག ཉིན་གསུམ་རིང་ས་ར་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་བ་དེ་དབུ་འཛུགས་གནང་སོང་།
དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་ཀྱི་སྨན་རྩིས་ཁང་གི་ངེས་སྟོན་པ་བཀྲ་ཤིས་ཚེ་རིང་ལགས་གཉིས་གཙོས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་དྷ་ས་ཉེ་འཁོར་གྱི་དགོན་སྡེ་ཁག དེ་བཞིན། ས་ར་མཐོ་སློབ་དང་ཝར་ཎ་མཐོ་སློབ། མའེ་སོར་མཐོ་སློབ་དང་ནོར་གླིང་མཐོ་སློབ། ཏཱ་ལའི་བླ་མ་མཐོ་སློབ་དང་ལྡི་ལི་མཐོ་སློབ་སོགས་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ ༡༥ ཡི་སློབ་མའི་སྐུ་ཚབ་དང་ཚོགས་མི་ ༧༠ ལྷག་བཅས་འཛོམས་འདུག
ས་རྭ་མཐོ་སློབ་གཞོན་ནུ་རུ་ཁག་གི་ཚོགས་གཙོ་སྒྲོལ་མ་སྐྱིད་ལགས་ཀྱིས་ངོ་སྤྲོད་གནང་དོན། ད་རེབ་ཀྱི་བགྲོ་གླེང་ཚོགས་འདུ་དེ་ཟླ་གཉིས་རིང་གི་སློབ་གསེང་དང་བསྟུན་ཏེ་ས་ར་མཐོ་སློབ་གཞོན་ནུའི་རུ་ཁག་གི་རྒྱུན་ལས་རྣམས་རྒྱ་གར་ནང་གི་བོད་ཀྱི་མཐོ་སློབ་ཁག་ཚང་མར་ཕྱིན་ཏེ་ཞལ་འདེབས་བསླངས་པ་བརྒྱུད་དེ་རིང་ས་ར་བོད་རིག་པའི་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་བ་འཚོགས་བཞིན་ཡོད།
སྐུ་མགྲོན་གཙོ་བོ་སྐབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གིས། ང་ཚོས་རྣམ་རྒྱུན་ཡིག་ངག་གཉིས་ཐོག་ནས་གཏམ་བཤད་གནང་སྐབས། གཏམ་གླེང་གི་གོ་རིམ་འཁྲུག་པ་དང་ནོར་བ་རྐྱང་རྐྱང་ལབ་ཀྱི་ཡོད་པ་དང་། དེ་ནི་ང་ཚོས་སོ་སོའི་སྐད་དང་རིག་གཞུང་བརླག་པ་དང་གཅིག་མཚུངས་ཡིན་ཞིང་། ང་ཚོར་ཤེས་ཡོན་གྱི་ཐོག་ལ་ལྷག་བསམ་དང་། མི་རིགས་ལ་ཤ་ཞེན་དང་ལ་རྒྱ་སོགས་མེད་དུས། ཤེས་ཡོན་གཅིག་པུས་ཕན་ནུས་ཆེན་པོ་ཐོན་ཐུབ་ཀྱི་མེད་ཅིང་། གཙོ་བོ་ང་ཚོས་བོད་སྤྱི་ལ་བསམ་བློ་བཏང་ནས་སློབ་སྦྱོང་བྱེད་དགོས་པ་མ་གཏོགས། སོ་སོའི་མིང་གྲགས་དང་སོ་སོའི་ཁེ་ཕན་ཙམ་ལ་བལྟས་ནས་སློབ་སྦྱོང་བྱས་ན། དེས་བོད་དོན་དང་བོད་མིའི་རིག་གཞུང་ལ་ཕན་ཐོགས་ཞེ་དྲགས་འཐོན་ཐུབ་ཀྱི་མེད་སྐོར་བརྗོད་ཡོད་པ་རེད།
ཐེངས་འདིའི་ཉིན་ ༣ རིང་གི་བགྲོ་གླེང་གི་བརྗོད་གཞི་དག་ནི། ཉིན་དང་པོའི་བརྗོད་གཞི་ཁག་ནི། རེ་མདོ་སེང་གེ་ལགས་ཀྱིས་༼བོད་ཀྱི་དམངས་ཁྲོད་སློབ་སྦྱོང་ལམ་སྲོལ།༽ སིམ་ལ་བསྟན་འཛིན་ལགས་ཀྱིས་༼བོད་ཀྱི་གཉེན་སྒྲིག་གཙང་མ་དགོས་གལ་གྱི་རང་བཞིན་གླེང་བ།༽སྨན་རམས་པ་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་༼བོད་ལུགས་གསོ་རིག་ལས་ཟས་སྤྱོད་བསྟེན་ཚུལ་གལ་ཆེར་གླེང་བ།༽སྨན་རམས་པ་ཡེ་ཤེས་དགེ་ལེགས་ལགས་ཀྱིས་༼བོད་བཙན་པོ་ནས་དགའ་ལྡན་ཕོ་བྲང་བར་གྱི་བོད་ཀྱི་གསོ་རིག་གི་ལོ་རྒྱུས།༽སྨན་རམས་པ་ངག་དབང་བཟོད་པ་ལགས་ཀྱིས་༼དགའ་ལྡན་ཕོ་བྲང་ནས་བོད་མིའི་སྒྲིག་འཛུགས་བར་གྱི་བོད་ཀྱི་གསོ་རིག་འཕེལ་རིམ་སྐོར་གླེང་བ།༽རྩིས་རམས་པ་བསྟན་འཛིན་གྲགས་པ་ལགས་ཀྱིས་༼བོད་ཀྱི་གནམ་རིག་སྐར་རྩིས་ལས་སོ་ནམས་བྱ་ཚུལ་སྐོར་གླེང་བ།༽བཅས་རེད།
ཉིན་གཉིས་པའི་བརྗོད་གཞི་ཁག་ནི། རྩོམ་རིག་སློབ་དཔོན་སྤྲེལ་ནག་པ་བློ་གྲོས་དཔལ་བཟང་ལགས་ཀྱིས་༼བོད་ཀྱི་ཐུན་མིན་རོལ་དབྱངས་ཀྱི་སྐོར།༽ཀོང་པོ་བློ་བཟང་ལགས་ཀྱིས་༼བོད་ཀྱི་འཇིམ་བཟོའི་རིག་གནས་ཀྱི་སྐོར་གླེང་བ།༽རྩོམ་རིག་སློབ་དཔོན་ཨ་འཇམ་ལགས་ཀྱིས་༼གནའ་བོའི་ཡིག་ཆའི་ཁྲོད་ཀྱི་བུད་མེད་ཀྱི་གནས་བབས་གླེང་བ།༽ཀོང་པོ་དབུ་ལ་ཚེ་དབང་ལགས་ཀྱིས་༼སྲོལ་རྒྱུན་བོད་ཀྱི་ཤོག་བུ་བཟོ་སྟངས་ཀྱི་སྐོར་གླེང་བ།༽ལོ་རྒྱུས་སློབ་དཔོན་གཞོན་པ་སྟོབས་ལགས་ཀྱིས་༼ཉེ་རབས་བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་གྲགས་ཅན་གྱི་མིག་ལོང་གཉིས། ལུང་ཤར་རྡོ་རྗེ་ཚེ་རྒྱལ་དང་ཨ་ཇོ་རྣམ་གྱི་མི་ཚེའི་ལོ་རྒྱུས་དཔྱད་བསྡུར།༽འཇུ་བསྟན་སྐྱོང་ལགས་ཀྱིས་༼སྲོལ་རྒྱུན་བོད་ཀྱི་ཁ་མཆུ་འདུམ་སྒྲིག་སྐོར་གླེང་བ།༽བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་༼བོད་ཀྱི་ཟས་རིགས་ཐོན་ཁུངས་ཀྱི་སྐོར་གླེང་བ།༽ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་༼བོད་ཀྱི་གནའ་བོའི་ཁོར་ཡུག་དང་གནམ་གཤིས་ཀྱི་གནས་བབས་གླེང་བ།༽མོ་པ་ཀརྨ་གྲགས་པ་ལགས་ཀྱིས་༼སྲོལ་རྒྱུན་དམངས་ཁྲོད་ཀྱི་དུར་ལས་བྱེད་ཐབས་ཀྱི་སྐོར་གླེང་བ།༽བཅས་རེད།
ཉིན་གསུམ་པའི་བརྗོད་གཞི་ཁག་ནི། སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་༼མིག་ནད་གསོ་ཐབས་སྐོར་གླེང་བ།༽དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་༼པན་གྲུབ་བཅུ་བདུན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་སྐོར།༽དགེ་བཤེས་ལྷ་རམ་པ་སྤྱི་ས་དྲུང་ཆེ་ལགས་ཀྱིས་༼ནང་པའི་ཚན་རིག་གི་སློབ་དེབ་ཕྱོགས་བསྒྲིགས་སྐོར་གླེང་བ།༽མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱིས་༼སྲོལ་རྒྱུན་བོད་ཀྱི་ཕྱུགས་རིགས་ནད་བཅོས་བྱེད་ཐབས་ཀྱི་སྐོར།༽དགེ་བཤེས་ལྷ་རམ་པ་བྱང་ཆུབ་སངས་རྒྱས་ལགས་ཀྱིས་༼ནང་པའི་ལྟ་གྲུབ་ཀྱི་སློབ་དེབ་ཕྱོགས་སྒྲིག་སྐོར་གླེང་བ།༽བཅས་རེད།
གསར་འགོད་པ། པདྨ་རྒྱལ།
༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས༽
སྙིང་ཉེ་བའི་བདག་གི་མ་ཡུམ་སློབ་གླིང་། ཐེངས་འདིར་བགྲོ་གླེང་གི་བརྗོད་གཞི་དང་བགྲོ་གླེང་གནང་མཁན་བཅས་སྤུས་དག་ཚགས་ཚུད་ཅིག་ཡོང་འདུག་པས་སྙིང་དབུས་ནས་རྟེན་འབྲེལ་ཞུ།
དཔེ་ཡག་པོ་བྱུང་བཞག སློབ་སྦྱོང་ཏོག་ཙམ་བྱས། ཞིབ་འཇུག་ཏོག་ཙམ་བྱས་ནས་ཕེབས་མཁན་ཤ་སྟག་ཡིན་ས་རེད། རྗེས་སུ་ཡི་རངས་ཞུ།
དེ་མིན་སྐད་འཕྲིན་ནང་ལ་དེང་སང་མཁས་པ་མང་པོ་ཞིག་བརྡོལ་ནས། བཞད་གད་སློང་བའི་གཏམ་བརྗོད་འདུ་མ་ཁྲབ་བཞིན་པ་དེར་ངུ་མ་ཤེས། གོད་མ་ཤེས་པ་ལྟ་བུ་ཡོང་བཞིན་འདུག
དགེ་བཤེས་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་༼པན་གྲུབ་བཅུ་བདུན་གྱི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་སྐོར།༽དགེ་བཤེས་ལྷ་རམ་པ་སྤྱི་ས་དྲུང་ཆེ་ལགས་ཀྱིས་༼ནང་པའི་ཚན་རིག་གི་སློབ་དེབ་ཕྱོགས་བསྒྲིགས་སྐོར་གླེང་བ།༽དགེ་བཤེས་ལྷ་རམ་པ་བྱང་ཆུབ་སངས་རྒྱས་ལགས་ཀྱིས་༼ནང་པའི་ལྟ་གྲུབ་ཀྱི་སློབ་དེབ་ཕྱོགས་སྒྲིག་སྐོར་གླེང་བ།༽
འདི་ཚོ་བོད་རིག་པ་ཡིན་པ་སུས་ཁས་ལེན་ཐུབ་བམ། ད་ཡང་ས་རཱ་མཐོ་སློབ་ཀྱིས་བོད་རིག་པ་ཁྱད་མཚར་པོ་ཞིག་མགོ་བཙུགས་ཡོང་གི་ཡོད་ས་རེད།
ས་རཱ་མཐོ་སློབ་ལགས།
དགེ་བཤེས་ལྷ་རམས་པ་ཡིན་ནམ། དགེ་བཤེས་ལྷ་རམ་པ་ཡིན།
རམས་་་ཅེས་པ་འདི་་་རབ་འབྱམས་་་ཀྱི་བསྡུས་ཚིག་ཡིན་པ་ཡོད།
རམ་་་་ལ་འགྲེལ་བཤད་ག་འདྲ་ཞིག་རྒྱག་རྒྱུ་ཡིན་ནམ་ལགས།
བགྲོ་གླེང་གི་བརྗོད་བྱ་ཕལ་ཆེ་བ་དམངས་ཁྲོད་དང་འབྲེལ་རྩ་བ་ནས་མི་འདུག མ་ཟད་མཁས་པར་གྲག་པ་ཚང་མ་དམངས་ཁྲོད་ལ་རྒྱུས་མངའ་མེད་པ་ཤ་སྟག་རེད་འདུག བགྲོ་གླེང་འདི་ཚོ་མིང་དོན་མི་མཚུངས་པས་མཐོ་རིམ་སློབ་གཉེར་ཁང་འདིས་དམངས་ཁྲོད་ཀྱི་ངོས་འཛིན་འདི་འདྲ་ཡིན་ནམ།
ད་སྐབས་མཐོ་རིམ་སློབ་མའི་ཞིབ་འཇུག་དང་འཚོགས་ཆེན་ ད་དུང་། སྐོང་འཚོགས་གང་ཞིག་ཡིན་རུང་། ཉེ་ལམ་རྒྱལ་སྤྱི་བོད་རིག་པའི་ཞིབ་འཇུག་འཚོགས་འདུའི་ཞིབ་འཇུག་བཞིན་གཡག་ལ་ཡ་སོ་ཡོད་པར་མི་སྣང་བས་རེ་བ་ཤིན་ཏུ་ཆེ། གང་ལྟར། མཁས་རྟགས་དང་ཀློས་རྟགས་སྟོན་མཁན་ཧ་ཅང་མི་མང་བས་རེ་བ་ཡོད་ལ་གནད་པ་ཕོག་པས་བགྲོ་གླེང་ལྷུག་པོ་རེ་ཡོང་ན་དེ་ལས་ལྷག་ཅིག་མེད་པར་མཐོང་།