ཀླུ་སྨྱོན།
སྔོན་ཆད་དྭངས་ཤིང་ལྷིང་འཇགས་ཡིན་ལ་དལ་བུར་ལྡང་པའི་སྟོན་རླུང་གིས། །
དེ་རིང་ཐག་རིང་རྒྱུས་མེད་ཡུལ་གྱི་མི་སྡུག་ས་རྡུལ་སྐྱ་བོ་ཞིག །
གནམ་ས་བར་སྣང་མ་ཁྱབ་མེད་པར་ཐོལ་གྱིས་ཁུར་ནས་བསླེབས་བྱུང་བས། །
ད་ནི་ང་ཚོས་སྒོ་དང་སྒེའུ་ཁུང་སྐར་ཁུང་ཡོད་ཚད་གཏན་པར་གྱིས། །
ནད་ཡམས་དམག་འཁྲུག་མུ་གེ་མི་ཁ་སྐུར་འདེབས་སྒྲོ་འདོགས་ལ་སོགས་པའི། །
ཉམ་ཆུང་རང་གཞན་ལུས་སྲོག་གཉིས་ལ་དྲག་ཏུ་རྒོལ་བར་བྱེད་པ་ཡི། །
དུས་ངན་སྙིགས་མའི་དུག་གི་མཚོན་ཆ་ཁྲི་མ་འབུམ་ཞིག་བར་མེད་དུ། །
ས་རྡུལ་སྐྱ་བོས་ངལ་མེད་ས་གཞིའི་སྐྱི་གཉེར་ངོས་སུ་དྲུད་དེ་འོངས། །
རབ་དཀར་ཁ་བའི་འདབ་མ་རེ་རེ་འོད་དུ་འཚེར་བའི་དུས་སྐབས་དེར། །
འབྲི་མོའི་བཞོ་དབྱངས་གཅིག་གི་ཀློང་ནས་མ་བཅོས་སྲིད་པའི་གཏམ་རྒྱུད་རྙེད། །
དེ་ཡིས་ཁྱེད་ཀྱི་རྣམ་ཤེས་ལ་ཡང་ཡང་སྐྱར་དབུགས་དབྱུངས་ཐོབ་བྱས་ཏེ། །
རི་དང་གཙང་བོ་རྒྱ་མཚོ་བརྒལ་ནས་ཡངས་པའི་རྒྱལ་ཁམས་འགྲིམ་འདོད་སྐྱེས། །
རྩྭ་དང་རྩི་ཤིང་ལྗོན་པའི་ཚལ་ན་སྙིང་ལ་ཧ་ཅང་སྡུག་པ་ཡི། །
དབྱར་གྱི་དཔལ་མོའི་འཛུམ་དཀར་ཀློང་ནས་མཛེས་སྡུག་སྙན་ངག་དགའ་མ་དེ། །
ཚེ་གཅིག་སྙིང་གི་གྲོགས་སུ་བཀུག་སྟེ་ཇ་ཆང་གླུ་གར་རོལ་མོ་ཡིས། །
སེམས་ཀྱི་གདུང་བ་གང་ཞིག་ཡིན་ཡང་བདུད་རྩིའི་སྨན་དུ་བསྒྱུར་པ་དྲན། །
དེ་རིང་ས་རྡུལ་སྐྱ་བོའི་ཀློང་ནས་མུ་མེད་འཇིག་རྟེན་མི་མཐོང་ཞིང་། །
སྒེའུ་ཁུང་དག་གི་ཤེལ་སྒོ་ཆག་ཅིང་སྒོ་གླེགས་དུམ་བུ་སྟོང་དུ་གས། །
དགུན་གྱི་གྲང་ངར་ལུས་སྲོག་གཤེད་དུ་ཅི་སྟེ་ལྡང་བར་གྱུར་པ་ན། །
“འཇིག་རྟེན་མི་རྟག་གློག་གི་ཟློས་གར་”སྟོན་པའི་གསུང་དེ་ཅིས་མ་བདེན། །
སྙན་ངག་མཁན་གྱི་རབ་དཀར་ཤོག་བུ་ས་རྡུལ་སྐྱ་བོས་ནོན་པ་དང་། །
གཞས་མཁན་དག་གི་གཞས་ཚིག་མ་ལུས་ས་རྡུལ་སྐྱ་བོས་བསུབས་པར་བྱས། །
རི་མོ་མཁན་གྱི་སྨྱུ་གུ་རེ་རེ་ས་རྡུལ་སྐྱ་བོའི་ཀློང་དུ་ཐིམ། །
ད་ནི་མཛེས་པའི་འཇིག་རྟེན་འདི་ཀོ་ས་རྡུལ་སྐྱ་བོས་བདག་གིར་བྱས། །
“ང་ཚོ་ཡར་ཡར་ཁ་བ་མར་མར་ཁ་ཤུལ་ཉི་མ་དྲོ་འོང་”ཞེས། །
ས་རྡུལ་ཆགས་པའི་གཞས་ཚིག་དེ་ཀོ་ཡང་དང་སྐྱར་དུ་བཀླགས་པ་ན། །
གློ་བུར་འཇིག་རྟེན་མི་རྟག་འགྱུར་པའི་ཀློང་ན་བདེ་སྡུག་རེས་མོས་སུ། །
འཁོར་བའི་ངང་ཚུལ་སེམས་ལ་ཉར་ཏེ་ཇི་སྲིད་བར་དུ་གཉིད་ལ་ཡུར། །