མྱི་ལྟིག
—–རྩོམ་ཆག་འདི་སུ་ལ་ཕོག་ན་དེ་ལ་གཏད་པ་ཡིན།
ཀ
ཁྱོད་ལའང་སྙིང་ནས་དོར་བར་མི་འདོད་པའི་དྲན་ཤིང་གསར་བ་ཞིག་གམ་སེམས་ནས་བྲལ་བར་མི་ ཕོད་པའི་དྲན་གདུང་དང་སྡུག་ཡུས་གླེང་རོགས་གོ་གནས་ཅན་ཞིག་ཡོད་པ་བདེན་དུ་ཆུག་ཀྱང་། བདུན་ཕྲག་རེ་ལ་ལྷན་འཛོམས་རེ་དང་མཉམ་འཛོམས་རེ་ལ་འོག་སྦྱོར་རེ་བྱས་རུང་ཡིད་མི་ཚིམས་པར་འདོད་ཆགས་ངོ་གདོང་དུ་འབུས་ཏེ་ཧམ་པ་གང་རུང་ཞིག་གིས་མྱོས་ན་ནི་ཁྱོད་ནི་ཁ་སང་གི་ཡར་ཐོན་གྱི་སློབ་མ་དེ་ལས་རྒུད་དེ་སང་ཉིན་གྱི་རྗེས་ལུས་ཀྱི་ང་ལྟ་བུ་དག་གི་གྲལ་དུ་དལ་གྱིས་ཡང་ན་གློ་བུར་དུ་རང་ཉིད་ཀྱིས་ཀྱང་མི་ཚོར་བར་ལྟིག་སེ་ལྷུང་ངེས།
ཁ
ཐོག་མའི་བརྩེ་དུང་ཡང་ཐོག་མར་བུ་རམ་གྱི་རོ་བཅུད་དང་ཨ་ན་མ་ན་སྟེ་ཨ་གསར་ཡིན་མིན་མ་ཤེས་པར་བརྟེན་ཞིམ་སྣང་ཞིག་གིས་དེད་དེ་ཡོང་སྲིད་མོད། འདྲིས་ཤིང་འགྲོགས་ཏེ་གཤིབ་ཅིང་གླན་ན་ད་གཟོད་རོ་ཁ་ཞིང་ལྕེ་སྦྲིད་ངེས་ལ་འགྲམ་ངོས་གཉིས་ཀྱང་འཐོར་ལོས་འགྲོ་སྙམ་ཞོར་ཡིད་རྨང་ནས་ཆད་ཅིང་ཞེ་གཏིང་ནས་ཕམ་ཡོང་། དེར་བརྟེན་ཁྱོས་ཀྱང་བསམ་ཤེས་མེད་པའི་བྱིས་པ་ཞིག་གི་ཉམས་ཀྱིས་རང་ཉིད་ཀྱི་ལག་ཟུང་དུ་ཡོད་པའི་རྔན་པ་ ཆུང་ཆུང་དེའི་ཆེད་དུ་མཐའ་འཁོབ་ཀྱི་མི་ཚང་མར་སེམས་ཐག་རིང་དུ་ཕྱིན་པ་གདོད་ནས་ནོར་བ་ཅི་ལ་མིན།
ག
ཁྱོས་ངས་ཐོས་ས་ཞིག་ཏུ་ད་ཐེངས་ཀྱི་ངའི་བརྩེ་བ་རྣམ་དག་དང་རྟག་བརྟན་ཡིན་ཟེར་ནའང་ངས་ཁོ་ཐག་ཡིན་མིན་མི་འདྲི་བར་“དགོངས་པ་མ་འཚོམས”ཞེས་ལན་ལྡོན་ངེས། ཁྱོས་ཀྱང་རང་ཉིད་ཀྱི་རྣམ་དག་གི་བརྩེ་བ་དེའི་རིན་ཐང་དང་ལྗིད་ཚད་སྲང་གང་ལས་མེད་པ་ཤེས་ན་ཅི་མ་རུང་། སུས་ཀྱང་ཁྱོད་ནི་མདུན་ཅོག་ཅིག་བཞག་སྟེ་སྐད་ཆ་འགའ་ཟིལ་ཤུགས་ཀྱིས་སྤུར་དུས་ཉམས་སྣང་དོད་པོ་ཞིག་ཡོད་པ་མཁས་མི་ལེན་ཐབས་མེད་དུ་གྲུབ་ཀྱང་། རང་ཐོག་ཏུ་འཁོར་དུས་ང་དང་མཚུངས་པར་སྤྱན་ཡ་ལོང་ལྐུགས་ཚུགས་འཛིན་མཁན་ཞིག་ཡིན་པ་སུ་ལ་མི་གསལ།
ང
རྒན་རབས་པ་ཞིག་གིས་ང་ལ་མིའི་རྣམ་དཔྱོད་ལ་མཐོང་ཆུང་དང་སྣ་གཉེར་བྱ་མི་ཉན་སྐོར་གནས་ལུགས་དང་བཅས་ཏེ་མདོར་བསྡུས་ཤིག་འཆད་མྱོང་མོད། ཡིན་ནའང་མིའི་སྤྱི་ཚོགས་དང་རང་ཉིད་གཉིས་ལ་འཕལ་ག་ཞིག་ཡེ་ནས་མི་འདུག་སྒོམ་མཁན་དེ་རིགས་ལ་རྣམ་དཔྱོད་དམིགས་བསལ་ཞིག་དང་ཁ་ཕྱོགས་ཡ་མཚན་ཞིག་ཡོད་པར་ཡིད་ཆེས་ཏིལ་འབྲུ་ཙམ་ཡང་ཀླད་པའི་ནང་དང་སེམས་པའི་མཐའ་གང་ནའང་དུས་གཏན་དུ་ཨུ་ཚུགས་ཀྱིས་བསྐྱར་ འདང་བརྒྱབ་རུང་དེ་ལྟར་མག་མོག་རེད་འདུག
བརླན་དྲི་འཁྱིལ་བའི་རང་ཉིད་ཀྱི་གཟིམ་ཤག་ཏུ།
ཁ་སང་ང་ལ་གཉིད་ལམ་ནང་ལ་སྙན་ངག་འགའ་ཤས་ཐོས་པ་དྲན་ཞིང་། གཉིད་སད་སྐབས། དེ་དག་ཡིད་ལ་ཝ་ལེར་ཤར་ཞིང་། བྲིས་ཚེ་གོ་རྒྱུ་ཅང་མིན་འདུག གོང་གི་སྙན་ངག་འདི་བཀླགས་པས་ཞར་ལ་གཉིད་ལམ་ནང་གི་སྙན་ངག་འདི་དྲན་པས་འདི་ལྟར།
བུ་མོ། མ་འགྲོ། ང་ལ་དགོས་པ་མེད། ཅིའི་ཕྱིར་དགོས་པ་མེད། མ་འགྲོ། ང་བསམ་བློ་གཏང་ཆུག་རོགས།
བུ་མོ། མ་འགྲོ། མ་འགྲོ་ཟེར་ན་ང་ལ་དགོས་ཟེར་བ་མིན། མ་འགྲོ། ད་ནངས་ཀྱི་གྱོན་པ་དེ་སྐྱར་དུ་འཁོན་དང་།
དཀར་གསལ་ཟླ་བ་ཁྱེད་ཀྱི་མཚུངས་དཔེ་ལ་མ་འགྲོ་བར་མ་འགྲོ་ཟེར་བ་ལས་ཁྱོད་ང་ཡིད་འགྲམ་དུ་འདུག་ཟེར་བ་མིན། མ་འགྲོ། རྒྱུ་འབྲས་ཅན་གྱི་མི་དང་ཁྱེད་གཉིས་དཔེ་ལ་མ་འགྲོ། རྒྱུག་ཤིག གང་འདུ་འགྲོད་འདོད་ཀྱང་རྒྱུག་ཤིག
ངའི་རྐང་པའི་ཕྱི་རྟིང་ལ་བསེག་བརྡར་ཞིག་བྱས་འདུག་་་་་་་དེ་མིན་གཞན་སུ་ལ་ཕོག་ཡོད་མེད་ད་དུང་ཤེས་རྟོགས་ཐུབ་མ་སོང་་་་ཧཧཧ