རྡེའུ། ༼སྔོན་མའི་འཕྲོས༽
བཞི་བ།
བདུན་ཕྲག་གཉིས་ནི་མིག་རྡེབ་ཙམ་གྱིས་ཆས་སོང་ཡང་། གུང་གསེང་སྐབས་ལ་ཁེལ་ཡོད་སྟབས་འབྲུག་རྒྱལ་ཁོང་རང་གི་ཁང་མིག་ནང་དུ་ཞོགས་པའི་ཉི་ཟེར་རྐུབ་ལ་ཤར་ནའང་དོ་སྣང་ཨེན་ཙམ་ཡང་མི་བྱེད་པར་ཁ་གདངས་ཤིང་གཉིད་དུ་ཡུར་འདུག ཁོའི་ཉེ་འགྲམ་དུ་གློག་བརྙན་ཞིག་མ་རྫོགས་པར་ད་དུང་འཆར་བཞིན་པ་ལ་བལྟས་ན་སུ་ཞིག་གིས་ལྟ་ཡི་ཨེ་ཡོད་སྙམ། ད་དུང་དུ་སྣེ་མང་པོ་གང་སར་གཡུགས་ཤིང་ཁྱིམ་ལ་ཐ་ནག་གི་དྲི་མ་ལས་མ་འདས། དེ་བཞིན་“དེབ་ཐེར་དཀར་པོ།”་ཞེས་པའི་ཅོག་ཙེ་སྟེང་གི་དཔེ་ཆ་དེའི་ཐོག་ཏུ་ཐ་མག་སྒམ་ཆུང་ཞིག་བཞག་ཡོད་ཅིང་དཔེ་ཆའི་ཤོག་སྣེ་ཅུང་ཙམ་ཚིག་ནས་ནག་པོ་ཆགས་འདུག ནུབ་ཕྱོགས་ཀྱི་དར་སྲོལ་ཆེ་བའི་ཧིབ་ཧོབ་(Hip pop)གཞས་ཤིག་སྐད་མཐོ་བོར་གྲགས་པ་དང་ལྷན་དུ་སྔས་མགོའི་འོག་གི་ཁ་པར་དེ་ག་ལེར་འགུལ་བྱུང་། ཅུང་ཙམ་འགོར་རྗེས་ཁོས་གཉིད་སད་མ་ཁད་ཀྱིས་ལག་བརྙོབ་ཅིག་བྱས་ཤིང་ཁ་པར་ལ་ཉན།
“ཝེ། གཉིད་ཁུག་གི་མི་འཇུག་པ་ཅི་རེད།” ཅེས་ཉོབ་སྣང་དང་བཅས་དེ་ལྟར་བརྗོད་བྱུང་།
“འབྲུག་རྒྱལ་ཁྱེད་ཀྱིས་དེ་རིང་གི་ཚགས་པར་སྟེང་གི་རྩོམ་དེ་མ་མཐོང་ངམ།”ཞེས་མགོ་སེར་གྱིས་ཧ་ཅང་གལ་ཆེན་ཨེ་ཡིན་སྙམ་པའི་བཟོ་ལྟ་ཞིག་བསྟན་ཏེ་ལབ།
“མ་གཞི་རང་གིས་ཧ་གོ་ཡི་མེད་དམ། ང་དེབ་ཀློག་རྒྱུར་དགའ་བོ་མེད། ཚགས་ཤོག་ཀྱང་དེ་བཞིན་ཡིན།” ཞེས་ཡ་ལན་བཏབས།
”ངས་དེ་ཟེར་བ་མིན། བཀྲ་ཤིས་སྐྱབས་ཀྱིས་ཁྱེད་དང་ཁྱེད་ཀྱི་ཨ་ཕའི་སྐོར་ལ་ཧ་ཅང་རྩོམ་རིང་ཞིག་བྲིས་འདུག་མ་མཐོང་ངམ།
ངས་བྱས་ན་འདི་ཁྱེད་ལ་ཉེན་ཁ་འདུག་བསམ་སོང་བས་་་་་”ཞེས་ལབ་མ་ཐག “ཁྱོད་ཀྱིས་ངོ་མ་བཤད་པ་ཡིན་ནམ། ད་ཚར་སོང་། ངས་ལྟས་ངན་དེ་ལས་སླ་བོ་མི་འཇོག་ཐག་གཅོད་ཡིན།” ཞེས་ཉལ་སའི་ནང་དུ་ཡར་དགྱེ་པ་ཡང་མ་ཚོར་ཞིང་མལ་སའི་སྟེང་དུ་མིག་གཉིས་ཀྱང་འབུར་ཚུགས་ཏུ་མངོན་ཏེ་དེའི་ཕྱོགས་སུ་མནོ་བསམ་གཏོང་བཞིན་མཆིས། རེད་ཡ་དྲ་རྒྱ་དང་དུས་ཀྱི་ཕོ་ཉའི་ཚགས་ཤོག་སྟེང་དུ་“མི་དམངས་ཀྱི་གཤེད་མ་དང་རུལ་སུངས་ཀྱི་སྤྱི་ཚོགས།”ཞེས་པའི་དཔྱད་རྩོམ་ཞིག་ཀུན་གྱིས་ཆེས་གླེང་སློང་དང་དོ་སྣང་བྱེད་ས་ཞིག་ཏུ་གྱུར་འདུག་པ་ཙམ་དུ་མ་ཟད། དྲ་བ་ཕན་ཚུན་བརྒྱུད་འགོད་བྱས་ཤིང་གོང་དཔོན་པོ་དང་འོག་མང་ཚོགས་ཕལ་བ་རྣམས་ཀྱིས་ཀྱང་གང་མཚམས་ཤིག་མཐོང་ཐོས་བྱུང་འདུག
བཀྲ་ཤིས་སྐྱབས་ཀྱིས་དྲ་ཐོག་ཏུ་བཀོད་པའི་རང་ཉིད་ཀྱི་རྩོམ་དེ་ཐེངས་གཅིག་བཀླགས་ཤིང་གཞན་མང་པོ་ཞིག་གིས་ཀྱང་རྒྱབ་སྐྱོར་དང་ངོ་རྒོལ་གྱི་ཚུལ་དུ་བཏབ་པའི་མཆན་བུ་དག་རེ་རེ་བཞིན་བཀླགས་ཏེ་གདོང་ལ་ཡིད་ཚིམ་པའི་ཉམས་ཤིག་ཤར་ཏེ་སྐུབ་སྟེགས་སྟེང་ནས་ལྟག་རྒྱབ་ཏུ་ཁེན་ཙམ་བྱས་ཏེ། རང་ཉིད་ལ་ཡིད་ཆེས་ཀྱི་མེ་ཕོང་ཞིག་གིས་ཡིད་ཀྱི་ཟབ་སར་ཉི་འོད་ལྟ་བུའི་དྲོད་ཁོལ་ཞིག་རྙེད།
འཇེབ་འཁོར་ནག་པོའི་ནང་དུ་གྲོད་པ་ལུག་པའི་དཔོན་ཚུགས་ཅན་གྱི་ནུབ་ལ་ནག་པོ་གྱོན་པའི་མི་དེ་ས་ལ་བབས་མ་ཐག་གསར་འགོད་པ་འགའ་ཞིག་གིས་ཕོ་རོག་གིས་ཤ་རིག་པ་ཇི་བཞིན་རྗེས་འདེད་གཏོང་གིན་འདའ།
ཁོས་ཟུར་དུ་དྲུང་ཡིག་ཨེ་ཡིན་སྙམ་པའི་མི་དེས་ཁོང་དེ་ལས་ཐར་བར་ལམ་ཁ་ཕྱེས་ཤིང་བགྲོད་ཐབས་བྱས། དུས་ཀྱི་ཕོ་ཉའི་གསར་འགོད་པ་ཞིག་གིས་“སྐུ་ཞབས་ཚེ་དོན་ལགས། ཉིད་ཀྱིས་ཉེ་ཆར་ངེད་ཀྱི་ཚགས་ཤོག་སྟེང་དུ་བཀོད་པའི་མི་དམངས་ཀྱི་གཤེད་མ་དང་རུལ་སུངས་ཀྱི་སྤྱི་ཚོགས་ཞེས་པའི་རྩོམ་ཡིག་དེ་ཡིས་ཁྱེད་ཀྱི་ནག་ཉེས་ཐེར་འདོན་བྱས་པ་དེ་ལ་ཇི་ལྟར་གསལ་བཤད་ཀྱི་ཡོད།”ཞེས་འཚང་ཁ་ཤིག་ཤིག་ཁྲོད་ནས་དེ་ལྟར་ལབ།
“དེ་དག་ཚང་མ་འཆལ་གཏམ་རྐྱང་རྐྱང་རེད།”ཞེས་འགྲོ་བཞིན་ཁོང་ཁྲོའི་ངང་ནས་དེ་ལྟར་ཨ་ལན་སློག་ཅིང་དེ་ལས་ཐར་ཐབས་བྱས།
གཞལ་ཡས་ཁང་ལྟ་བུའི་གཞུང་ལས་ཁང་ཞིག་གི་ནང་དུ་སྐུ་ཞབས་ཚེ་དོན་དང་ཁོང་གི་དྲུང་ཡིག་ ད་དུང་འབྲུག་རྒྱལ་བཅས་འབོལ་གདན་མཐུག་པོའི་སྟེང་དུ་བསྡད་ཅིང་། རེ་ཞིག་གྲགས་འགུལ་ཅི་ཡང་མེད་པར་འདུག་ཅིང་བར་སྐབས་ཤིག་ཏུ་སྐུ་ཞབས་ཚེ་དོན་གྱིས་“ཁྱེད་ཀྱི་མདུན་ལམ་ཕྱིར་དུ་ངས་ཅི་ཡང་བསྒྲུབས་ཀྱང་། ཁྱེད་ཀྱིས་བདག་གི་བྱ་བ་དང་གོ་གནས་ལ་བར་ཆད་བྱས་སོང་བ་ཨེ་ཤེས། ”ཞེས་འབྲུག་རྒྱལ་གྱི་གདོང་ལ་མཛུབ་མོ་ཀེར་ཏེ་ལག་པ་འདར་བཞིན་དེ་ལྟར་བརྗོད།
“ངས་གནས་ཚུལ་འདི་ལྟ་བུའི་ཚབས་ཆེན་ཞིག་ཏུ་འགྱུར་རྒྱུ་རེད་བསམ་མ་སོང་།”་ཞེས་མགོ་བོ་སྒུར་ཏེ་སྐད་དམའ་མོས་ངང་བཤད། “རྗེས་ཕྱོགས་དོན་དག་ཆེན་པོར་ཐེ་གཏོགས་བྱེད་མི་དགོས། ཁྱེད་ཀྱིས་ངའི་དོན་ཆེན་བརླག་རྒྱུ་རེད།” ཞེས་ཚིག་ལོག་ཅིག་བརྒྱབས་ཤིང་ཡར་ལངས་ཏེ་བུད་སོང་། འབྲུག་རྒྱལ་གྱིས་བཀྲ་ཤིས་སྐྱབས་ལ་ལྷག་པར་དུ་སྙིང་ནད་ཇེ་ཆེ་རུ་ཕྱིན་ནས་རང་ཉིད་ཀྱི་ཅི་ལྕོགས་ཀྱིས་འཆར་འགོད་བྱས།
མགོ་སེར་ལ་ཁ་པར་བཏང་སྟེ་ངན་ཇུས་བསྒྲིགས་པ་ལ་བལྟས་ན་བཀྲ་ཤིས་སྐྱབས་བར་ཆད་ཆེན་པོ་ཞིག་འཕྲད་ངེས་པ་ཚོད་བགམ་བྱེད་ནུས་པ་ཞིག་རེད།
བཀྲ་ཤིས་སྐྱབས་ཕ་ཡུལ་དུ་མ་སོང་བར་རང་ཉིད་ཀྱི་ལས་དོན་ག་གེ་མོ་རེ་རེའི་སླད་དུ་ཁུལ་ཐོག་རུ་དེ་ལྟར་ལྷག ས་སྲོད་ཀྱི་དུས་སུ་སླེབས་པའི་སྐབས་སུ་ཁོང་གིས་ཟ་མ་བཟོ་བྱེད་ཀྱི་སྔོ་ཚལ་འགའ་ཤས་ཤིག་ཉོས་ནས་ཕྱིར་ནང་དུ་ཡོང་གིན་འདའ། ལག་གཡས་པས་ཅ་ལག་ཁྱེར་ཏེ་ལག་གཡོན་མས་ཁོང་གི་སྙིང་དུ་སྡུག་པའི་གཡང་འཛོམས་དང་ལྷན་དུ་སྐད་ཆ་བཞིན་ཀྱག་ཀྱོག་གི་ཁང་པའི་བར་དུ་རྩ་ལམ་བརྒྱུད་ནས་ཡོང་། ཡུན་ཙམ་ཡོང་བའི་རྗེས་སུ་ཁང་པའི་བར་ལོགས་ཀྱི་རྐང་ལམ་དོག་ཅིང་བགྲོད་ལམ་མི་གསལ་བས་ཤིན་ཏུ་ནས་རྒྱུས་ཡོད་ཅིག་མིན་ན་ནི་འགྲོ་ཐབས་བྲལ་ལྟ་བུ་ཞིག་ཏུ་སྣང་ཡོང་། རྣ་འགྲམ་དུ་གཏད་པའི་ལག་འཁྱེར་ཁ་པར་འོད་ཀྲིག་ཀྲིག་ངང་ད་དུང་མཚམས་མ་བཞག་པར་བགྲོད་མི་བདེ་བའི་ལམ་ཁར་འོལ་ཚོད་ཀྱིས་ཡོང་བཞིན་མཆིས། ཁང་ཤར་གཅིག་སོང་བས་ན་ཁོང་གི་ནང་ལ་སླེབས་གྲབས་ཡོད་སའི་མཚམས་དེར་གང་ནས་བརྒྱབས་པ་ཆ་མ་མཚལ་བའི་ཏིང་སྒྲ་ཞིག་གྲགས་མ་ཐག་མིག་ལམ་དུ་ཡང་མེ་སྟག་ཅིག་སྣང་བ་དང་ལྷན་དུ་ཁ་པར་ས་ལ་ལྷུང་སོང་། དེ་མ་ཐག་གདོང་ཁེབས་བརྒྱབས་འདུག་སྙམ་པའི་མི་གསུམ་གང་བྱུང་དུ་མཆོངས་ཡོང་ནས་“རྒྱོབ་རྒྱོབ་་་་་་་་”ཞེས་འུར་སྒྲ་དང་ཆབས་ཅིག་རྒྱབ་ཕྱོགས་ནས་སག་སྒྲ་དང་ལྷན་དུ་ཁོའི་གྲོད་པར་གྲི་གཙགས་ཤིག་བྱས་པས་མོད་ལ་ཁོང་ཁ་ཐུག་ས་ལ་དགྱེལ། དེ་མ་ཐག་ཁོང་ཚང་མས་མཉམ་རུབ་ཀྱི་རྡོག་པས་གང་སར་གཞུས་པའི་ཚེ། ཐག་ཉེ་སར་“བེའི་བོའུ་བེའི་བོའུ་་་་་་་”ཞེས་པའི་ཉེན་རྟོག་པའི་སྒྲ་དེ་གྲགས་པ་དང་“མགྱོགས་པོར་འགྲོ་འགྲོ་་་་་”ཞེས་ལམ་སང་བྱ་འཕུར་བ་ལྟར་གར་སོང་ཆ་མེད་དུ་གྱུར་།
ཁོའི་ལུས་ཧྲིལ་བོ་སྦྲིད་ནས་ན་ཟུག་ཚོར་གྱི་མེད་ན་ཡང་རྒྱབ་ལོགས་སུ་གྲི་ཡིས་བསྣུན་ཤུལ་དུ་ཁྲག་གིས་སྟོད་ལའང་བརློན་པར་བཟོས་པ་ཚོར་སྣང་བྱུང་། ཁོས་རྨ་ཁར་ལག་པས་མནན་ཙམ་བྱས་ཏེ་སྡོད་པའི་སྐབས་སུ་ཉེན་རྟོག་པས་མཐོང་ཞིང་མྱུར་སྐྱོབས་རླངས་འཁོར་དུ་བཞག་ཅིང་སྨན་ཁང་དུ་གཤགས་བཅོས་བྱེད་པར་ཁྱེར། ཤུལ་དུ་ལུས་བའི་སྔོ་ཚལ་དང་ཁ་པར་དག་ཉེན་རྟོག་པ་ཞིག་གིས་འགྱིག་ཤོག་ཅིག་ནང་བླུགས། སྨན་པའི་ཁོང་གི་འབྲེལ་ཡོད་ཅིག་གིས་ཤི་གསོན་གྱི་འགན་འཁུར་དགོས་ཤིང་གཤག་བཅོས་ངེས་པར་དུ་དོ་དགོང་བྱེད་དགོས་ཞེས་ནན་བཤད་བྱས། ཉེན་རྟོག་པ་དག་གིས་ཁོང་སུ་ཡིན་དང་སུ་ཞིག་ལ་འབྲེལ་འདྲིས་བྱེད་དགོས་མ་ཤེས་མོད། དེ་སྔོན་ཁོང་ཚོར་བརྡ་རྒྱག་མཁན་ནི་ཡང་འཛོམས་ཡིན་ཞིང་མོས་ཨང་གྲངས་ཁོང་གི་ཁ་པར་གྱི་ཨང་གྲངས་རེའུ་མིག་ནང་དུ་འདུག་པས་ཁ་པར་བཏང་སྟེ།གནས་སྟངས་འགྲེལ་བརྗོད་བྱས་ཤིང་ངེས་པར་དེར་ཡོང་དགོས་ལུགས་གསལ་པར་བརྗོད། ཆུ་ཚོད་འགའ་ཡི་རྗེས་སུ་ཡང་འཛོམས་དེར་འབྱོར་ཞིང་ཁོང་གི་གྲོགས་པོ་ཚེ་དཔག་ཀྱང་དེར་འབྱོར་འདུག
ཚེ་དཔག་གིས་ཀྱང་ནན་གྱིས་བརྗོད་དེ་ཡང་འཇོམས་ཀྱིས་ཁག་ཐག་བྱེད་དགོས་ལུགས་ཀྱི་སྐད་ཆ་ལབ་པས་ཁོ་མོས་མཆི་མ་དང་ལྷན་དུ་མིང་རྟགས་མི་འགོད་ག་མེད་བྱུང་། དེ་བས་མོད་ལ་”མ་མཐའ་ཡང་སྒོར་ཁྲི་གཅིག་སྔོན་ནས་མ་སྤྲད་པས་ན་གཤག་བཅོས་བྱེད་ཀྱི་མེད། དེ་ནི་ང་ཚོའི་སྨན་ཁང་གི་སྒྲིག་སྲོལ་ཡིན།” སྨན་པ་རྒན་པ་དེས་དེ་ལྟར་བརྗོད།
“སྨན་པ་ལགས། སྙིང་རྗེ་ཞིག་སྒོམ་ནས་གཤེགས་བཅོས་བྱེད་རོགས། སྒོར་མོ་རྗེས་ལ་རྩིས་སྤྲོད་ངེས་ཡིན།”ཞེས་ཁོང་གཉིས་ཀྱིས་ཞུ་བ་ནན་གྱིས་བྱས། གལ་ཏེ། “ནད་པ་འདི་དང་འདི་ལྟ་བུ་ཚང་མ་སྙིང་རྗེ་བྱེད་དགོས་ན་ང་ཚོས་སྨན་ཁང་གི་མ་རྩ་ཡང་ལེན་ཐུབ་རྒྱུ་མ་རེད།” ཅེས་ཨེམ་ཆི་ཁོས་ནད་པའི་སེམས་ཁམས་ཀྱི་ཟུར་ཙམ་ཡང་རྟོགས་ཀྱི་ཨེ་ཡོད་སྙམ་པའི་ཉམས་འགྱུར་ཞིག་དང་ལྷན་དུ་དེ་ལྟར་བརྗོད་པས་ཁོང་གཉིས་ཁུ་སིམ་སིམ་ངང་ལྷག་ཅིང་ཁོ་མོས་མཁུར་ཚོས་སྟེང་དུ་མིག་ཆུ་ག་ལེར་ཟགས། ཏོག་ཙམ་འགོར་རྗེས་ཚེ་དཔག་གིས་སྒོར་ཁྲི་ཞིག་གཡར་ནས་ཕྱིར་སླེབས་ཀྱང་སྨན་པར་སྤྲད། དེ་ནས་གཤག་བཅོས་མགོ་བརྩམས་ཤིང་ཡང་འཛོམས་དང་ཚེ་དཔག་གཉིས་རང་རང་སར་སྐབས་འགར་ཡར་འགྲོ་མར་འགྲོ་བྱེད་ཀྱིན་མཚམས་རེར་རྐུབ་སྟེགས་སྟེང་དུ་འདུག་བཟོད་བྲལ་བའི་ཉམས་ཤིག་དང་ལྷན་དུ་བསྟན་འདུག
བར་སྐབས་ཤིག་ཏུ་ཚེ་དཔག་རྐུབ་སྟེགས་སྟེང་དུ་གཉིད་ཡུར་བྱེད་བཞིན་འདུག་པའི་ཚེ་གཤག་བཅོས་ཁང་གི་སྒོ་ཕྱེས་ཏེ་ཨེམ་ཆི་ཕྱི་ལོག་ཏུ་ཐོན་མ་ཐག་ཏུ་ཁ་ཐུམ་བླངས་ནས་བཀྲ་ཤིས་སྐྱབས་ཀྱི་གཤག་བཅོས་ལེགས་འགྲུབ་བྱུང་བ་མ་ཟད་རྨ་ཁ་ཡང་གནད་འགག་ལ་ཁེལ་མེད་སྟབས། སྨན་ཁང་ལས་བདུན་ཕྲག་གཉིས་ཙམ་ལ་བསྡད་པས་ན་མི་འགྱངས་བར་དྲག་བསྐྱེད་ཡོང་ངེས་ཞེས་བརྗོད་པ་ཐོས་པས་ཁོང་གཉིས་དགའ་ནས་བྱིས་པ་བཞིན་གནམ་ལ་ལྡིང་ཡང་འཛོམས་ཀྱིས་ངས་ཁོ་སྲུང་དགོས་ཁྱེད་ཕྱིར་ཉལ་དུ་རྒྱུག་ཅེས་བཙན་གྱིས་ཚེ་དཔག་ཕྱིར་འགྲོ་རུ་བཅུག
ཁོ་མོས་རྨ་རས་ཀྱིས་བཏུམས་པའི་ཁོའི་ལག་པ་རག་ཙམ་གྱིས་མིག་ཆུ་གཏོང་གིན་ལྷིང་འཇགས་ཀྱི་མཚན་མོའི་སོ་པ་རུ་གྱུར་ཞིང་བསིལ་རླུང་ཁོ་མོའི་མཆི་མ་འབྱིད་མཁན་དུ་གྱུར་ལ་ཟླ་བ་ཁོ་ན་ཁོ་མོའི་སྐྱོ་གདོང་མྱོང་མཁན་དུ་གྱུར། ག་ལེར་ག་ལེར་མོས་ཀྱང་ལག་ཟུང་ཁོའི་ལག་པའི་སྟེང་དུ་བཞག་ཅིང་གཉིད་དུ་ཡུར།