རྨ་ཀླུང་ལྷ་མོ་སྐྱབས།
ལྔ་པ།
འབྲུག་རྒྱལ་གྱི་གདོང་ལ་སྤོབས་སེམས་ཀྱི་ཉམས་ཤིག་མངོན་ཏེ་ཁོ་རང་གི་ཨ་ཕའི་རྗེས་སུ་འདུར་གྱིན་ཁ་སྔོན་གྱི་དོན་དག་དེ་གླེང་། ཐེངས་དེར་ཁོས་ཧ་ཅང་དོན་ཆེན་ཞིག་བསྒྲུབས་ཡོད་སྙམ་པའི་རྨོངས་འཆར་ཞིག་ཡིད་ལ་སྒོམ་བཞིན་པའི་སྐབས་སུ་ཨ་ཕས་ཁོང་ལ་གདོང་མདོག་འགྱུར་བའི་རྣམ་འགྱུར་ཞིག་དང་ཆབས་ཅིག་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་ནས“ཁྱེད་ཀྱིས་བདག་གི་དོན་ཆེན་བརླག་ཏུ་བཅུག་བྱུང་། ཁྱེད་ཀྱིས་ཧོད་རྒྱུག་ཁོ་ན་ལས་ཅི་ཡང་ཤེས་ཀྱི་མི་འདུག་པ་ག་རེ་ཡིན་ནམ།”
“ངས་ཅི་ཞིག་བྱས་ན་ད་གཟོད་ཁྱེད་ཀྱིས་འདོད་པ་ཚིམ།”ཅེས་ཁོས་ཁ་ཐུག་ཡ་ལན་སྤྲད་པས་ན།
“ཁྱེད་ཀྱི་ཡ་མ་བརླ་ཡི་བྱེད་སྟངས་འདིས་ཁ་སྔོན་གྱི་རྩོམ་ཡིག་ག་གེ་མོ་བདེན་པ་ཡིན་པའི་ར་སྤྲོད་བྱས་པ་མ་ཡིན་ནམ། ཁོས་ཡང་བསྐྱར་དོན་རྐྱེན་འདིས་སྐོར་ལ་རྩོམ་ཡིག་ཅིག་སྤེལ་བས་ན་ང་ཚོ་ཁ སྐྱེངས་ནས་འདུག་རྒྱུ་ལས་ཅི་ཡང་མེད་པ་ཨེ་ཤེས།”ཞེས་ཁོའི་ཨ་ཕས་འགྲམ་པ་གཡས་གཡོན་ན་གཤོག་སྒྲོ་བཞིན་བརྐྱངས་བའི་སྨ་ར་ཚོམ་བུ་གཉིས་གཡུག་གིན་གཡུག་དེ་ལྟར་ནན་ཏན་གྱིས་བརྗོད་མ་ཐག་འབྲུག་རྒྱལ་ལའང་ལན་ཅི་ཡང་མེད་པར་ཁུ་སིམ་མེར་ལྷག
“རྗེས་ཕྱོགས་ཁྱེད་ཀྱིས་བདག་གི་དོན་ཆེན་མ་བརླག་ ངས་ཁྱེད་ལ་ཇི་ལྟར་གཞན་ལས་ལྷག་པའི་གཅེས་སྤྲས་བྱས་ཀྱང་ཁྱེད་ཀྱིས་ཐ་ན་དོན་དག་ཆུང་ངུ་ཞིག་ཀྱང་འཁྱོང་གི་མི་འདུག
ང་ངོ་མ་ཡིད་ཆད་ཀི” ཞེས་མགོ་བོ་འཕྲེད་དུ་གཡུག་ཅིང་ཕྱིར་བལྟས་ཙམ་ཡང་མེད་པར་ཆས་སོང་།
འབྲུག་རྒྱལ་གྱིས་སེམས་སུ་རང་ཉིད་ཀྱིས་བྱ་བཞག་ཅི་ཞིག་བསྒྲུབས་ཀྱང་རུང་ནོར་འཁྲུལ་རྐྱང་རྐྱང་ཡིན་པ་ཅིའི་ཕྱིར་ཡིན་ནམ་འདོད་ཀྱང་། དེའི་ཕྱོགས་སུ་རེ་ཞིག་བསམ་བློ་བཏང་།
བཀྲ་ཤིས་སྐྱབས་ཀྱི་ཕ་མ་གཉིས་ཁོང་ལ་ལྟ་རུ་སླེབས་བྱུང་། ཁོང་མལ་ཁྲིའི་སྟེང་རྨ་རས་དང་ལྷན་དུ་ཡོད་པ་མཐོང་བས་མོད་ལ་ཨ་མ་མཚོ་མོ་དེ་མ་ཐག་ཏུ་་དྲན་པ་བརྒྱལ། ཕ་རྡོ་གྲགས་ཀྱིས་“སྨན་པ། སྨན་པ། ་་་་་་” ཞེས་སྐད་གསེང་མཐོ་བོས་ངང་དེ་ལྟར་བོས། རྟབ་རྟབ་པོར་ནད་གཡོག་ པོ་གཉིས་ཀྱིས་རོགས་རམ་བྱས་ནས་མལ་ཁྲི་ཞིག་གི་སྟེང་ལ་བཞག་བྱུང་། ཏོག་ཙམ་རྗེས་སུ་ཨ་མ་སྐྱོན་མི་འདུག་པས་ཡང་བསྐྱར་བཀྲ་ཁོ་སར་ཁྲིད་སོང་དུས། མོའི་རྒས་གཉེར་གྱིས་བཏུམས་པའི་ལག་ཟུང་ཁོའི་འགྲམ་པར་རག་ཙམ་བྱས་ཏེ་“ ཨ་མའི་གཅེས་ཕྲུག་ ཁྱེད་ལ་ཅི་བྱས་སོང་།”ཞེས་མཆི་མ་རྡོག་པོ་འགའ་དལ་གྱིས་ཟགས་ཀྱིན་པའི་ཨ་མ་ཚོ་མོའི་གདོང་གི་རྣམ་འགྱུར་ལས་བརྗོད་ཐབས་བྲལ་བའི་སྐད་ཆ་མང་པོ་ཤིག་མོའི་སེམས་ཀྱི་ཟབ་སར་འཚང་ནས་ཡོད་པ་སུས་ཀྱང་རྟོགས་ནུས་པ་ཞིག་ཡིན་ཞིང་ཁོ་ལའང་ཚོར་བ་སྐྱེན་པོ་ཞིག་དང་ལྷན་དུ་རང་སེམས་སྡུག་གིས་སྨེང་།
འོན་ཀྱང་། ཁོས་ད་དུང་“ ཨ་མ། སེམས་ཁྲལ་མ་བྱེད་རོགས། ང་སྐྱོན་མི་འདུག” ཞེས་བཅོས་མའི་འཛུམ་ཞིག་བཙན་གྱིས་སྟོན་ཁུལ་བྱས་རྒྱུ་མཚན་ཁོས་རང་ཉིད་སྡུག་གིས་གཟིར་བ་ཨ་མའི་མིག་མདུན་དུ་སྟོན་ན་གཏན་ནས་མ་འདོད།
ཉེན་རྟོག་པ་འགའ་ཞིག་གིས་ཁོང་ལ་བཅར་འདྲི་བྱེད་པར་སླེབས་ཤིང་ཐེངས་སྔོན་མའི་གནས་ཚུལ་གྱིས་སྐོར་ལ་གླེང་སློང་བྱས། ཁོ་ད་དུང་ཡང་སྨན་ཁང་དང་ཁ་བྲལ་ཐབས་མེད་པས་མལ་ཁྲི་ཞིག་གི་སྟེང་དུ་གནམ་ཁབ་ཅིག་བརྒྱབས་ཏེ་འདུག
“ཁྱེད་ཀྱིས་ཁ་སྔོན་གྱི་དོན་རྐྱེན་དེ་ཅིའི་ཕྱིར་བྱུང་བ་ཡིན་མིན་ཤེས་སམ།” ཞེས་ཉེན་རྟོག་པ་རྒན་པ་དེ་ཡིས་དྲིས།
“དེ་ནི་ངས་གསལ་བྱེད་དགོས་པ་ཞིག་མ་རེད། སྤྱིར་བཏང་ང་མང་ཚོགས་ཧ་ཅང་ཕལ་བ་ཞིག་ཡིན་པ་ལས་གནད་འགག་ཅན་གྱི་མི་སྣ་གང་ཡང་མ་རེད་མོད། ཉེ་སྔོན་བདག་གིས་རྩོག་ཡིག་ག་གེ་མོ་ཞིག་གིས་སྤྱི་ཚོགས་ཀྱི་གནད་དོན་འགའ་འམ་ཡང་ན་རང་ཉིད་ཀྱི་མི་ཚེའི་ཁྲོད་ཀྱི་མིག་མཐོང་ལག་ཟིན་གྱི་དོན་དག་ཁ་ཤས་ཤིག་སྤྱི་ཚོགས་ཀྱི་མིག་སྔར་བཏོན་པ་ཡིན། དེའི་སྟབས་ཀྱིས་ཉེན་ཁ་འདི་བྱུང་བ་རེད།”ཞེས་མཚམས་འཇོག་མེད་པར་བརྗོད་ཀྱིན་པའི་སྐབས་སུ་གཞན་ཞིག་གིས་“ང་ཚོས་ཁྱེད་ཀྱི་སྐད་ཆ་ལ་ཇི་ལྟར་ཆ་འཇོག་བྱེད་དགོས་སམ།”
“ངས་རྩོམ་ཡིག་དེ་ཡིས་ཁོང་ཚོའི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་རྣམས་ཕྱིར་འདོན་བྱས་པས་ན་ང་ལྐོག་གསོད་བྱེད་དགོས་སྙམ་པ་རེད་མོད། སྟབས་ལེགས་ནས་ཉེན་རྟོག་པ་སླེབས་ཏེ་ཁོང་ཚོའི་འདོད་ཐོག་ཏུ་ཡོང་ཡོད་པ་མ་རེད། འོན་ཀྱང་། གནད་དོན་འདི་ཡིས་རྐུན་མའིི་ངོ་ན་གནོང་ཞིག་ཅེས་པ་བཞིན་ནག་ཉེས་འགེབས་ཐབས་བྱས་པ་རེད་མོད་དོན་གྱིས་རང་འཚང་ཕྱི་རུ་བསྟན་པ་རེད། མ་གཞི་ཁྱེད་ཚོས་འབྲུག་རྒྱལ་ལ་འདྲི་གཅོད་ཅིག་བྱེད་རོགས། ངའི་སྐད་ཆ་བདེན་པ་ཡིན་མིན་གསལ་པོ་རྟོགས་ཡོང་ངེས།”ཞེས་བཀྲ་ཤིས་སྐྱབས་ཀྱིས་གདེང་ཚོད་ཆེན་པོས་སྒོ་ནས་དེ་ལྟར་རེ་བ་བཏོན།
“ཁྱེད་ཀྱི་བདེ་འཇགས་ལ་ང་ཚོས་ཁག་ཐག་བྱེད་ཆོག གནད་དོན་འདི་ཞིབ་གཤེར་ནན་མོ་བྱེད་ངེས་འོན་ཀྱང་ང་ཚོ་དགོད་བདེན་དབང་ཡིན། ”ཞེས་ཁོང་ཚོའི་མགོ་གཙོས་དེ་ལྟར་བརྗོད་དེ་ཆས་སོང་།
ཉིན་འགའ་རྗེས་སུ་བཀྲ་ཤིས་སྐྱབས་ཀྱིས་ཉིན་རེའི་ཚགས་ཤོག་སྟེང་དུ་འབྲུག་རྒྱལ་བཀག་ཉར་བྱས་པའི་གནས་ཚུལ་མཐོང་བའི་མོད་ལ་ནན་ཏན་གྱིས་བཀླགས་ཤིང་འདོད་བློ་ཚིམ་པའི་ཉམས་ཤིག་དང་ལྷན་དུ་གན་རྐྱལ་བསྡད་ནས་འདུག
ཁོས་ད་དུང་མི་མང་གི་ཟུངས་ཁྲག་འཇིབ་མཁན་གཅིག་གི་ཉུང་དུ་སོང་པའི་རྨོངས་འཆར་ཞིག་ཡིད་ལ་འཁོར་ཞིང་ད་དུང་ཁོ་དང་ཁོ་ལྟ་བུ་ནི་འཇིག་རྟེན་འདིར་ནག་ཉེས་ཅན་གྱི་གཏེ་བོ་འབའ་ཞིག་རེད་བསམ་བཞིན་དེ་གར་གཉིད་དུ་ཡུར།
གཟའ་འཁོར་གཅིག་གི་རྗེས་སུ་བཀྲ་ཤིས་སྐྱབས་ཁྲོམ་རར་དགོང་ཟས་བཟོ་བྱེད་ཀྱི་སྔོ་ཚལ་འགའ་ཉོ་རུ་ཕྱིན། འོན་ཀྱང་། བློ་ཡུལ་འདས་པ་ཞིག་ལ་ཁོས་རྐང་པ་འཐེན་ཙམ་འཐེན་ཙམ་གྱིས་སྲང་ལམ་དུ་བགྲོད་སྐབས་སུ་འབྲུག་རྒྱལ་མཇེབ་འཁོར་ནག་པོ་ཞིག་གི་ནང་དུ་འདུག་པ་མ་ཟད་མིག་ཤེལ་གདོང་ཁུག་ནས་བླངས་ཏེ་“ཁྱེད་ཉེ་ཆར་ཇག་པ་ཁ་ཤས་ཀྱིས་རྨས་སྐྱོན་ཚབ་ཆེན་བཏང་འདུག་ཟེར་བ་ཅི་འདྲ་འདུག་ མ་གཞི་ཁྱེད་ཀྱིས་ཀྱང་ཁོང་ཚོར་གནོད་པའི་བྱ་བ་ཞིག་བསྒྲུབས་ཡོད་རྒྱུ་རེད། རེད་མ་རེད།”
ཅེས་སེམས་ཁྲལ་ཡོད་མདོག་གི་རྣམ་འགྱུར་ཞིག་བསྟན་ཏེ་འགྲམ་གྱི་ཕོ་གསར་དེ་ལ་མིག་བལྟས་ཤིག་བྱས་པས་མོད་ལ་མི་དེས་ཀྱང་ཁོང་དགོད་ཅིག་བྱས།
བཀྲ་ཤིས་སྐྱབས་ཞེ་བསམ་པའི་གཏིང་ནས་སྡང་སེམས་སྐྱེས་ནའང་རང་ཉིད་ཀྱིས་རང་ཉིད་ལ་བསྐུལ་མ་བྱས་ཏེ་གློ་ཁུག་ནང་གི་ཁུ་ཚུར་གྱི་སྤར་ཁ་ག་ལེར་ལྷོད་དེ་“ ང་ལ་ལྕགས་ཀྱི་སྲོག་ཡོད་པས་དེ་དང་དེ་ལྟ་བུ་ཅི་འདྲའི་མང་པོ་ཐུག་ཀྱང་ཅི་ཡང་མི་ནུས་ལ་མི་དེ་དག་ལྟ་བུ་ཅི་ཙམ་ཉུང་ན་སྤྱི་ཚོགས་ལ་བརྟན་བརླང་དང་ལྷིང་འཇགས་ཡོད་ངེས།” ཞེས་གོ་རྒྱུ་ཅན་གྱི་སྐད་ཆ་ཞིག་གིས་ཨ་ལན་སློག་ཁུལ་བྱས།
འབྲུག་རྒྱལ་ཅུང་མ་བདེ་བའི་རྣམ་འགྱུར་ཞིག་དང་ལྷན་དུ་“ཁྱེད་ཀྱིས་ད་དུང་གཟབ་གཟབ་བྱེད་དགོས་ཡཱ། མི་དེ་དག་ལ་མཚོན་ན་ཁྱེད་གལ་ཆེན་པོ་ཡིན་སྲིད། ”
“ཁྱེད་ཀྱིས་ཐུགས་ཁུར་གནང་བ་ཐུགས་རྗེ་ཆེ། ངས་ནམ་ཡང་མི་དེ་དག་གུ་ཡངས་སུ་མི་གཏོང་།”ཞེས་ཡིད་ཆེས་ཀྱི་གཏམ་ཞིག་བཤད་དེ་ཁོའི་གདོང་ལ་ཅེ་རེར་ཞིབ་ལྟ་ཞིག་བྱས་ནས་རང་ཉིད་ཀྱི་བགྲོད་ལམ་དུ་ཕྱིན།
འོན་ཀྱང་། དབྱར་སྤྲིན་འཁྲིགས་པའི་ཁོའི་སེམས་ཀྱི་སྟངས་སྟབས་ནི་སུ་ཞིག་གིས་ཀྱང་རྟོགས་མ་ནུས་ཏེ་ཁོས་རང་ཉིད་ཀྱི་གནས་སྟངས་སྐྱོ་དྲགས་པའི་ཁར་ཁྱིམ་ཚང་གིས་ཀྱང་རང་ཁར་རང་གསོ་ཐུབ་ཙམ་ཞིག་ལས་མེད་པས། ཕ་མས་དཀའ་སྡུག་དང་ཁོང་ཀྱི་གནས་སྟངས། སྤྱི་ཚོགས་ཀྱི་གནོན་ཤུགས་དང་རང་ཉིད་ཀྱི་ཕུགས་འདུན་སོགས་རེ་རེ་བཞིན་བརྙན་རིས་བཞིན་དྲན་པའི་ཡོལ་བ་སྟེང་དུ་མངོན་ཡོང་དུས་ཁོའི་རང་ཉིད་ཀྱི་མདུན་ལྗོངས་དེའང་རབ་རིབ་ཅིག་ལས་མི་སྣང་རུང་སེམས་ཀྱི་ཟབ་སར་ཡིད་ཆེས་ཀྱིས་སྒྲོན་པའི་རྟག་བརྟན་གྱི་མར་མེ་ཞིག་གིས་ཁོའི་ཁེར་རྐྱང་གི་རྡོག་སྣེ་ལ་འོད་སྣང་ཡང་ཡང་བསྩལ་མྱོང་།
ཁོང་གི་རྨ་ཁ་ཡང་ཉིན་རེ་ནས་ཉིན་རེར་དྲག་བསྐྱེད་བྱུང་བས་ན་ཁོ་རྟག་ཏུ་དགོང་ཁའི་ས་སྲོད་དང་མཚམས་སྤྲིན་སྐབས་སུ་གྲོང་པའི་རྒྱབ་ཀྱི་ཞིང་ཚིགས་སུ་སྐྱ་ཐིང་ངེར་གསལ་བའི་རྐང་ལམ་དེ་རུ་ག་ལེར་གོམ་པ་སྤོས་ཏེ་མིག་གིས་རྙོབ་ཚད་ཅིག་རྒྱང་ལྟ་བྱེད་ཀྱིན་ཡོད་ལ་དེ་བས་ཀྱང་ཐེམ་ཁ་དེ་རུ་ཁོང་མཚམས་མཚམས་སུ་ས་རུབ་ཅིང་ཤིང་རྡུམ་ཞིག་དང་མཚུངས་ཏེ་ནག་ཡོར་རེར་ལྷག་བ་ཐེངས་ཉུང་ཉུང་ག་ལ་ཡིན་ཨང་།
དེ་རིང་ཡང་ཁོས་གནམ་ས་དབྱེ་མཚམས་མི་ཤེས་པའི་རྒྱང་རིང་ལ་ཅེར་བའི་ངང་ཚུལ་དེ་ནི་ནུབ་རིའི་རྒྱབ་ཏུ་བདེ་མོ་ཞེས་པའི་རྣམ་པ་བཞིན་ཡལ་གྱིན་པའི་ཉི་མ་དམར་པོ་དེ་དང་ཀུན་ནས་འདྲ་བྱུང་། ཁོས་སྨྱུག་གུ་བླངས་ཤིང་ཐ་མག་ཤོག་སྒམ་དེའི་སྟེང་དུ་ཟ་འཕྲུག་ལྟ་བའི་སེམས་འགྱུ་དེ་མཚོན་པར་བྱེད་པའི་སྙན་ངག་ཅིག་འདི་ལྟར་བྲིས་བྱུང།
ས་སྲོད་བསླངས་བའི་ཁྱེད་དྲན་ཚུལ།
རྒྱང་རིང་གི་ཕ་མཐའ་མོག་པོར་སྣང་ཞིང་
ཉི་མ་དམར་པོ་ནུབ་རིར་ཡལ་ཐེངས་རེ་རེར
སུ་ཞིག་གིས་བདག་ལ་བདེ་མོ་འཇོག་པ་དང་མཚུངས་བས
ངས་ཁེར་རྐྱང་གི་ཚོར་འདུ་སྣག་ཚར་བྱས་ཏེ
དྲན་སྣང་གི་ཤོག་དཀར་སྟེང་དུ
ངེད་གཉིས་འདུག་སའི་ཁང་ཆུང་ཞིག་བྲིས་མྱོང་ལ
ལམ་ཕྲན་ཞིག་ ཤིང་སྡོང་ཞིག མཚམས་སྤྲིན་ཞིག་
ད་དུང་གངས་རི་ཞིག་ཀྱང་མིག་ཆུས་འབྲི་ན་འདོད་
དེ་བས་ཀྱང་འཇིག་རྟེན་བརློན་པར་བྱེད་ནུས་པའི་ཁྱེད་ཀྱི་དྲན་གདུང་གི་མཆི་མ་དེ་འབྲི་དགོས་
བྲིས་ཚར་རྗེས་ཀྱི་ནང་མོར་དེར་
ངེད་གཉིས་ལའང་ལྷར་ཡང་དྲོད་ཁོལ་གྱི་ཉི་གཞོན་ཞིག་ཡོད་པར་སྨོན་
བདག་གི་སེམས་སོང་ལགས
ཞེས་ཤར་མར་བྲིས་ཤིང་ཐེངས་གཅིག་བཀླགས་ཏེ་ཉིས་ལྟེབས་བྱས་ཤིང་གློ་ཁུག་ནང་དུ་བཅུག་ནས་རང་ཉིད་ཀྱི་གོམ་སྒྲ་ལ་ཉན་བཞིན་ཕྱིར་ནང་དུ་ལོག་བཞིན་མཆིས།
༼མུ་འགོད།༽