༡༽སྐྱི་གསེར་གྱི་རླུང་བུ་ཞིག་འགྲམ་ནས་བག་ཀྱིས་ལངས། །
སབ་སིབ་ཀྱི་མཚན་སྨག་དེས་གནམ་ས་ཁད་ཀྱིས་གཡོགས། །
ལྷིང་འཇགས་ཀྱི་དབྱངས་རྟ་ཡི་ཚིགས་མཚམས་རེ་རེ་བཞིན། །
དྲན་ཤེས་ཀྱི་གར་མ་འདིས་ཟློས་གར་གཞན་ཞིག་བསྒྱུར། །
༢༽ཡུད་ཙམ་དེར་བླ་མ་ཡི་ཞལ་རྒྱུན་ཟློ་བཞིན་དུ། །
དྲིན་ཅན་གྱི་བཤེས་གཉེན་དག་ལྷང་ལྷང་དྲན་པ་ལས། །
རྩིས་འཕྲུལ་གྱི་འཐེབ་གཞོང་དུ་མཛུབ་མོ་རྩེན་བཞིན་པར། །
གློ་བུར་གྱི་སེམས་པ་འདི་ཅུང་ཟད་འཁྱོམས་པར་གྱུར། །
༣༽མ་གཞི་ཡི་ལས་ཀ་དེ་དྲ་མཆན་འབྲི་བཞིན་ཡོད། །
ཀུན་རྟོག་ལས་ཀུན་རྟོག་ཅིག་མཆེད་པ་ལྟས་དབང་ཙམ། །
འདས་དོན་ཞིག་མུ་འབྲེལ་དུ་ཤར་བའི་རྐྱེན་བྱས་ནས། །
ངེས་དོན་གྱི་དེད་དཔོན་དག་སྙིང་ནས་དྲན་པ་བྱུང་། །
༤༽བརྗེད་ངས་ཀྱི་རྐུན་པོ་འདིས་རྒྱུན་དུ་དགྲ་བཞིན་གཙེ། །
རྣམ་གཡེང་གི་ཕྱི་རྐྱེན་འདི་རྟག་ཏུ་སྤྱང་ལྟར་འཇབ། །
འགའ་ཞིག་ལས་ཆེན་པོ་ཡི་སྦྱངས་པ་མ་མཆིས་ཏེ། །
ཅུང་ཟད་ཙམ་དྲན་པ་དག་བླ་མའི་ཞལ་ལུང་ཡིན། །
༥༽ནན་ཏན་གྱིས་ཞུས་པ་དང་གནང་བའི་ཟབ་དོན་དག །
གསེར་ཞུན་གྱི་རི་མོ་ལྟར་གཅེས་པའི་ཡི་གེ་སྟེ། །
ཆེ་བ་དང་གཉན་པ་ལ་ཚད་ཅིག་མི་གདའ་མོད། །
དྲན་ངོགས་ཀྱི་རི་མོ་དག་གཏན་དུ་གནས་སྲིད་དམ། །
༦༽ཀློང་ཆེན་གྱི་བུ་རྒྱུད་ཅིག་ཆུང་ནས་ཡིན་སྙམ་བྱས། །
མར་མི་ཡི་ཉམས་མགུར་ལ་སྔར་ནས་དད་བཞིན་མཆིས། །
སངས་རྒྱས་ཀྱི་སློབ་མ་ཞེས་རང་གིས་བཏགས་པ་དྲན། །
གངས་ཅན་གྱི་བུ་ཕྲུག་ཅེས་མནའ་ཚིག་བོར་བ་ཡོད། །
༧༽ལེ་ཚན་དང་ལེ་ཚན་དག་བསྟར་དུ་བསྒྲིགས་པ་ཡིན། །
མཛེས་མཛེས་དང་ལེགས་ལེགས་ཤིག་སེམས་ལ་བསྒོམས་པ་ཡིན། །
རྒྱང་རིང་དང་ལ་རིང་ཞིག་གོམ་པས་བཅད་པ་ཡིན། །
ཤེས་ཚད་དང་དཔྱོད་ཚད་ཀྱིས་དེ་ལྟར་བསམ་པ་ཡིན། །
༨༽རིང་མིན་དང་ཐུང་མིན་གྱི་མི་ལོ་སོ་གྲངས་ནང་། །
ཆེ་མིན་དང་ཆུང་མིན་གྱི་དོན་ཞིག་འགྲུབ་ཡོད་དམ། །
སྤྲོ་མིན་དང་སྐྱོ་མིན་གྱི་སྐྱ་སྔོ་ཙམ་ཞིག་ལས། །
བཤད་ཆོག་དང་བསམ་ཆོག་གི་ལས་ཤིག་འཁྱོངས་ཡོད་དམ། །
༩༽ཡུན་རིང་ཞིག་འདས་ཟིན་གྱི་དུས་དེ་སླར་མི་ལྡོག །
ཕྱིས་འབྱུང་གི་ལེགས་ཉེས་ལ་ཁ་གསལ་ད་དུང་དབེན། །
དམུས་ལོང་དང་བྱིས་པ་བཞིན་བསམ་མེད་དྲན་མེད་ངང་། །
ཤོག་བྱ་བཞིན་གཡང་ཁ་རུ་འཕྱོ་བ་སྐྱི་རེ་གཡའ། །
༡༠༽མི་ཚེ་འདི་མི་བསྡོད་པར་ཡ་དང་ཡུད་ཀྱིས་ཐལ། །
ངེས་མེད་ཀྱི་སྣང་བ་འདི་གློག་བརྙན་བཞིན་དུ་བཟླས། །
ངོ་མཚར་གྱི་རྨི་ལམ་ཞིག་ཐོལ་གྱིས་སད་པ་བཞིན། །
མཚར་སྡུག་གི་སྣང་བ་དག་གམ་ནས་ཡལ་བཞིན་འདུག །
འདི་ཡང་། རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཁ་བརྡ་དྲ་བའི་རྩོམ་ཡིག་ཅིག་གི་ཞབས་མཆན་དུ་སྔ་འགྱུར་རང་ལུགས་ལ་ཐ་སྙད་ཚད་མ་འགོག་དང་མིག་འགོག་གི་ཐད་དྲ་གྲོགས་འགར་གསམ་ཚུལ་གྱི་མཆན་བུ་ཁག་ཅིག་འདེབས་བཞིན་པའི་སྐབས་སུ་གློ་བུར་དུ་སེམས་ཀྱི་འཆར་ཆ་གཞན་དང་གཞན་དག་འགྱུས་པ་ཡི་གེར་བཀོད་པའོ། །
སྤྱི་ལོ་༢༠༡༢ཟླ་༧ ཚེས་༢༧ དགུང་མོ་བྲིས།
དངོས་གནས་ཡག་པོ་འདུག་ཚོར་སྣང་གི་སྣང་བརྙན་ངོ་མ་ཞིག་རེད་འདོད་གི་ཡ་་་་་་་་་་
རྫ་ཚེ་ལགས་ཀྱིས་ཤོ་ལོ་ཀ་དང་བོ་དེ་ངོ་མ་ཡག་པོ་བྲིས་འདུག་ཀྱང་འོག་མ་རྣམས་སྤུས་ཀ་སྔ་མ་དང་བསྡུར་ན་ཇེ་ཞན་དུ་སོང་འདུག
རྫ་ཚེ་རིང་བཀྲ་ཤིས་ལགས།<>དཔར་ཐེངས་བཞི་པ་གང་ནས་ཐོབ་ཀྱིན་ཡོད་ཅེས་པའི་མཆན་བུ་ཨང་གྲངས་༡༦༤་ནང་དུ། ཁྱད་པར་སྔགས་ཀྱི་ལུང་སྐུ་སོགས་ཐ་ན་བྱང་སེམས་རྣམས་སྣང་བའི་ལོངས་སྐུ་ཡང་གཞན་སྣང་གི་ལོངས་སྐུ་ཞེས་གདུལ་བྱའི་རྒྱུད་ཀྱིས་བསྡུས་པ་ལས་ལོངས་སྐུ་དངོས་མིན་ཞེས་རྒྱལ་བ་ཀློང་ཆེན་པས་གསུངས་ན། ཞེས་པའི་ཚིག་དེ། ཀུན་མཁྱེན་ཀློང་ཆེན་པའི་དཔེ་ཆ་གང་གི་ནང་དུ་ཡོད་དམ།
ཡག་པོ་འདུག་་་་མུ་མཐུད་འབད་བརྩོན་གནོང་དང་།
བསམ་བཞིན་བསམ་བཞིན་ཁ་བརྡར་འགྱོད་པ་སྐྱེས།
དྲན་བཞིན་དྲན་བཞིན་དལ་འབྱོར་བརླག་བྱེད་པ།
རང་མེད་མི་མེད་བྱེད་པོ་ཁ་བརྡ་དང་།
ནང་གི་གཡེང་བ་འཛོམས་པས་མི་ཚེ་ཟད།
མི་རྟག་གཞན་ལ་མ་བཤད་རང་གིས་སྒོམས།
སྟོང་ཉིད་གཞན་ལ་མ་བསྟན་རང་གིས་ལྟོས།
སྣང་བ་གཞན་ལ་མ་ཁྲིད་རང་གིས་ལེན།
དེ་འདྲ་ཁོ་ནས་མི་ཚེ་སྙིང་བོ་ལོན།
བདེ་གཤེགས་སྙིང་བོ་སྙིང་ལ་བཞུགས་ན་ཡང་།
སྡུག་དམྱལ་བ་ཁ་ནས་བསགས་པའི་ལས།
ཚེ་འདི་ཕྱི་ཕུང་བའི་ཁ་བརྡའི་ཁས།
ངེད་ལྟག་ཁུང་རྩེ་ནས་འཇུ་ལེ་རེད་ལགས།
བུ་མ་འགྱོད་ཐོས་བསམ་སྒོམ་ལ་སྦྱོར།
དོན་སྙིང་པོ་དེ་ནས་ཐོན་ཐོན་ཡོང་།
དུས་སྐར་ཆར་དོན་ལྡན་ཡོང་ཐུབ་པའི།
གནད་གཙོ་བོ་ཐོས་བསམ་སྒོམ་ལ་སྦྱོར།
བཀྲ་ཤིས་བདེ་ཤེགས་སྙིང་པོ་སྙིང་ནང་ལ་ཡོད་རེད་དམ། ཀ་བ་ལ་བདེ་གཤེགས་སྙིང་བོ་ཡོད་མ་རེད་པེ།
༡
སྐྱི་གསེར་གྱི་རླུང་བུ་ཞིག་འགྲམ་ནས་བག་ཀྱིས་ལངས། །
སབ་སིབ་ཀྱི་མཚན་སྨག་དེས་གནམ་ས་ཁད་ཀྱིས་གཡོགས། །
ལྷིང་འཇགས་ཀྱི་དབྱངས་རྟ་ཡི་ཚིགས་མཚམས་རེ་རེ་བཞིན། །
དྲན་ཤེས་ཀྱི་གར་མ་འདིས་ཟློས་གར་གཞན་ཞིག་བསྒྱུར། །
༢
ཡུད་ཙམ་དེར་བླ་མ་ཡི་ཞལ་རྒྱུན་ཟློ་བཞིན་དུ། །
དྲིན་ཅན་གྱི་བཤེས་གཉེན་དག་ལྷང་ལྷང་དྲན་པ་ལས། །
རྩིས་འཕྲུལ་གྱི་འཐེབ་གཞོང་དུ་མཛུབ་མོ་རྩེན་བཞིན་པར། །
གློ་བུར་གྱི་སེམས་པ་འདི་ཅུང་ཟད་འཁྱོམས་པར་གྱུར། །
༣
མ་གཞི་ཡི་ལས་ཀ་དེ་དྲ་མཆན་འབྲི་བཞིན་ཡོད། །
ཀུན་རྟོག་ལས་ཀུན་རྟོག་ཅིག་མཆེད་པ་ལྟས་དབང་ཙམ། །
འདས་དོན་ཞིག་མུ་འབྲེལ་དུ་ཤར་བའི་རྐྱེན་བྱས་ནས། །
ངེས་དོན་གྱི་དེད་དཔོན་དག་སྙིང་ནས་དྲན་པ་བྱུང་།
རྣལ་བྱོར་པ་རྫ་བཀྲ་ཤིས་ཚེ་རིང་ལེགས། ཚིགས་བཅད་དག་ལ་ ཨང་གི་འགོད་སྟངས་འདི་བཞིན་མཛད་ན། སྐྱོན་ཡོད་དམ།
འཁྱོངས་ཡོད། ཅེས་ལ་དྭགས་ལ་ཡང་བཀོལ། འདི་ལ་བྱ་ཚིག་གཉིས་ཡོད་མི་འདུག་གམ། གཞན་ཡང་། གློ་བུར་གྱི་སྒྲ་བཤད་ཅིག་གསུང་དགོས་ན། དགོངས་པ་བཞེས་ཡོད་དམ།