(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
རྨ་དུག་ལྕེ།
ས་སྲོས་དུས་ཀྱི་ལྐོག་གྱུར་འཇིག་རྟེན་ཆེན་པོ།།
མཛེས་སྡུག་གྲངས་མེད་ཅིག་ཏུ་མཁས་པས་བསྒྲུབ་ཀྱང༌།།
ང་ཡིས་མཐོང་བའི་དགོང་ཁའི་མག་མོག་འཇིག་རྟེན།།
བསླུ་བྲིད་སྐྱུར་ཁ་རྒོད་པའི་གནས་མལ་ཞིག་སྟེ།
འཇིགས་རུང་མཆེ་སྡེར་བསྒྲད་འདྲའི་དགོང་ཁའི་གྲིབ་ཆེན།།
སྐད་ཅིག་མི་སྡོད་ཕྱོགས་ལ་ཐོལ་ཀྱིས་འདུས་དུས།།
མཚམས་སྤྲིན་འོད་དམར་བཀླུབས་པའི་ས་འཛིན་ལྷུན་པོ།།
གསང་བ་བརྡོལ་བའི་མཛེས་མའི་བཞིན་ལས་དམར་སོང༌།།
དམར་མདངས་དབྱིངས་ལ་ཡལ་བའི་འཇིག་རྟེན་འཁྱག་ཐོ།།
གཡག་རོག་ཤིན་ཏུ་ཁྲོས་པའི་ཉམས་ཀྱིས་འགྱིང་དུས།།
འཚོ་སྟངས་དམར་ནག་ཞིག་གི་ཡོལ་བའི་རྒྱབ་ཏུ།།
སྐབས་འཚོལ་ཀེང་རུས་ཟུང་གི་རྐང་བྲོ་བརྡུང་སོང༌།།
ཉི་གཞོན་སྔོ་བསང་སྒེག་མོའི་ཕང་བར་འཛུམས་དུས།།
འདབ་ལྡན་ཆུ་སྐྱེས་འཛུམས་བརྒྱ་ལྷུག་གེར་གྲོལ་ཀྱང༌།།
མུན་ནག་སྟུགས་པོའི་གསེབ་ཀྱི་པད་དཀར་སྦུབས་སུ།།
འདོད་ལྡན་རྐང་དྲུག་མྱོས་པའི་ཟློས་གར་མཐོང་སོང༌།།
གློ་བུར་བྲེད་ཤ་ལང་བའི་སེམས་འགྱུ་རྣོན་པོས།།
ཁ་དོག་མེད་པའི་འཚོ་བར་ཕྱི་མིག་ཤོར་དུས།།
འཚོ་སྟངས་མག་མོག་ཞིག་གི་མྱོང་བྱང་དམར་ནག།།
མིག་ཟུང་མདུན་དུ་རྒྱ་མཚོའི་རླབས་བཞིན་བརྡོལ་བྱུང༌།།
སྙིང་གི་གསང་མིག་གཙགས་པའི་བཅོས་འཛུམས་སྣུམ་པོ།།
གཅིག་མིན་གདོང་ལ་ཟུག་པའི་ཟུར་མིག་ཕྲ་མོ།།
ལན་ཆགས་དམར་ནག་ཞིག་གི་ར་མདའ་ཡིན་པས།།
དྭངས་གཙང་སེམས་པ་ཞིག་གི་དབུ་ཁྱུད་བསུབས་སོང༌།།
ཉིན་ཞག་རི་ནས་ཟད་པའི་ལོ་ཟླ་ཐེད་པོ།།
རྒྱང་རིང་གནས་མལ་ཞིག་གི་ཁ་དོག་ཡིན་ཀྱང༌།།
སེམས་པ་ཁྱེད་དང་འདྲེས་པའི་སྐར་ཆ་རེ་རེ།།
མི་ཐེག་ཁུར་བོ་ཞིག་གི་འཁུར་ཐག་ཡིན་སོང༌།།
བརྩེ་དྲོད་མེ་ལས་ཚ་བའི་རྔམ་ཤ་རྐྱེན་པོ།།
དུང་བར་མྱོང་བྱང་མེད་པའི་རང་གཤིས་ཡིན་ཀྱང༌།།
མངོན་མེད་ཡོལ་བའི་རྒྱབ་ཀྱི་ཟློས་གར་སྐྱུར་མོ།།
སྙིང་སྡུག་ཆུང་ལོའི་རང་གཤིས་རྣལ་མ་ཡིན་སོང༌།།
སྦྲང་རྩིའི་མངར་ཁ་མེད་པའི་ཁ་ཏན་སྙིང་གཏམ།།
མི་རྐྱང་འཁྱམས་པོ་ཞིག་གི་སེམས་གཞས་ཡིན་ཀྱང༌།།
ལྷིང་འཇགས་ཁད་ཀྱིས་དཀྲོགས་པའི་ངུ་ངག་ཕྲ་མོ།།
བསླུ་བྲིད་རྣོན་པོ་ཞིག་གི་ཁ་ཟུར་ཡིན་སོང༌།།
དུང་བ་སེམས་པར་འདྲེས་པའི་སྙིང་གི་འཕར་སྒྲ།།
བརྩེ་དུང་སྙིང་ལ་ཐིམ་པའི་དན་རྟགས་ཡིན་ཀྱང༌།།
འགྱུར་བག་གློག་ཞགས་རྒོད་པོའི་ཕྱི་མིག་རེ་རེ།།
འཁྲེངས་ཞེན་དམར་ནག་ཞིག་གི་གསང་གྲངས་ཡིན་སོང༌།།
བཅོ་ངའི་དུང་ཟླ་འགྲིབ་པའི་དགོང་ཁ་ཞིག་ལ།།
ཁྱེད་ཀྱི་རྐང་རྗེས་ཕྲ་མོ་རི་ནས་རྙེད་དུས།།
བརྩེ་བའི་འོད་མདངས་འཁྱུག་པའི་སྤྱན་ཟུང་དབུས་ན།།
རྣམ་ཤེས་གྲངས་མེད་ཅིག་གི་བེམ་གཟུགས་མངོན་འདུག།།
སྙིང་གི་གསང་བ་བརྐུས་པའི་ཆོམ་པོ་ཞིག་ལ།།
སླད་མེད་བཞུར་བའི་བརྩེ་བའི་ཆུ་རྒྱུན་ཕྲ་མོ།།
གངས་དཀར་སེམས་ཀྱི་དབུས་ནས་རྦད་ཀྱིས་སྐམ་པས།།
སང་ལོའི་དབྱར་གཞུང་ཞིག་གི་རེ་ཐག་ཆད་ཐལ།།
སེམས་ཚོར་ཟབ་མོའི་གཞས་ཆུང་སེམས་ནས་ཕྱུངས་སོང་།།
སེམས་སོང་མཛའ་མོའི་སྙན་ལ་སེམས་ཀྱིས་དྲངས་སོང་།།
སེམས་གསོའི་ཡ་ལན་ཞིག་གི་འཛུམ་ཆུང་མེད་ན།།
སེམས་རྟེན་གཉིས་པ་ཞིག་གི་སྟ་གོན་མ་འཆུག།