བུ་རྫོང་ལྷ་མོ་ཚང་ཚེ་རིང་དབང་ཕྱུུག
ལོ་གསར་པ་འདིའི་ནང་ཨཕེ་རི་ཀའི་གླིང་ཕྲན་ནང་ཡོད་པའི་སུ་ཌན་ལྷོ་ཕྱོགས་ཀྱི་མི་མང་ཚོས་ཕྱི་ཟླ་དང་པོའི་ཚེས་ ༩ ཉིན་མང་མོས་འོས་བསྡུ་བྱས་ཏེ་སུ་ཌན་ལྷོ་བྱང་གཉིས་ནས་ལྷོ་ཕྱོགས་རང་བཙན་བྱ་རྒྱུའི་འོས་ཤོག་འཕེན་སྟེ་རང་བཙན་རྒྱལ་ཁ་ཐོབ་པ་དེས། གླིང་ཕྲན་དེའི་ནང་ཡོད་པའི་ཌོ་ནི་ཤིཡའི་མི་མང་གིས་ཡར་ལངས་ཏེ་མི་ལོ་ ༢༣ ལྷག་ཙམ་རིང་སྲིད་དབང་སྒེར་གཅོད་བྱེད་མཁན་གྱི་སྲིད་འཛིན་ལ་ངོ་རྒོལ་བྱས་ཏེ་ཁོ་པ་ཕྱི་རྒྱལ་དུ་ཉེན་གཡོལ་འགྲོ་དགོས་བྱུང་ནས་མི་མང་གི་མང་གཙོའི་ལས་འགུལ་ལ་རྒྱལ་ཁ་ཐོབ་ཡོད་པ་སོགས་ཀྱི་ཤུགས་རྐྱེན་འོག ཉེ་དུས་ཨེ་ཇེབ་མི་མང་གིས་རྒྱལ་ས་ཁེ་རོའི་ནང་ཉིན་གྲངས་ ༡༨ ཙམ་ངོ་རྒོལ་ལས་འགུལ་སྤེལ་ཏེ་མཐར་མི་ལོ་ ༣༠ ལྷག་ཙམ་གྱི་སྲིད་དབང་སྒེར་དོམ་བྱེད་མཁན་གྱི་ཨེ་ཇེབ་སྲིད་འཛིན་ཧོ་ནིསེ་མུ་པ་རག་ལས་གནས་ལས་དགོང་ཞུ་བྱས་ཏེ་ཨེ་ཇེབ་ཀྱི་སྲིད་དབང་དམག་དཔུང་ལ་རྩིས་སྤྲོད་བྱས་པར་བརྟེན། སླར་ཡང་རྒྱ་ནག་ཕྱི་ནང་དུ་གནས་འཁོད་མི་མང་པོ་ཞིག་གིས། ད་ལྟའི་ཨེ་ཇེབ་མི་མང་གི་མང་གཙོའི་ལས་འགུལ་ལ་རྒྱལ་ཁ་འཐོབ་པ་དེ་སང་ཉིན་གྱི་རྒྱ་ནག་ལ་ཡང་ཡོང་སྲིད་པ་རེད་ཟེར་རྩོམ་ཡིག་སྤེལ་མཁན་དང་གཏམ་བཤད་བྱེད་མཁན་མང་པོ་ཡོང་གི་འདུག་ལ། བོད་མིའི་ནང་ནས་ཀྱང་རྒྱ་ནག་གཞུང་ལའང་འགྱུར་བ་ཞིག་འགྲོ་ཡི་རེད་ཟེར་བཤད་མཁན་མང་པོ་ཡོང་གི་འདུག
འོན་ཀྱང་། ཁོ་བོས་བལྟས་ན། དེ་ནི་རེ་བ་ཙམ་ལས་དངོས་ཡོད་གནས་སྟངས་ཐོག་ད་ལྟའི་ཆར་རྒྱ་ནག་གི་དམར་ཤོག་སྲིད་གཞུང་མགོ་གཏིང་སློག་རྒྱུའི་འགྱུར་བ་ཆེན་པོ་དེ་ལྟར་ཡོང་ཁག་པོ་རེད་སྙམ།
གང་ཡིན་ཞེ་ན། འདས་པའི་རྒྱ་ནག་གི་འབྱུང་རིམ་ལོ་རྒྱུས་ནང་། བཙན་དབང་ཅན་གྱི་རྒྱ་ནག་གོང་མ་མང་པོ་འུ་ཐུག་གྱེན་ལོག་བྱེད་མཁན་གྱི་ཞིང་པའི་འོས་ལངས་ཀྱིས་རྩ་མེད་བཟོས་ཡོད་ཀྱང་། མཐའ་མ་གསར་དུ་ཁྲིར་བསྡད་མཁན་ཞིང་པའི་རྒྱལ་པོ་རང་ཉིད་དབང་ཆ་དང་རྒྱུ་ནོར་ལ་རྔམ་ནས་རིམ་པས་མི་མང་གིས་ངོ་རྒོལ་བྱེད་ཡུལ་དུ་གྱུར་ཏེ། རྒྱ་ནག་རྒྱལ་ཁབ་དེ་ཁ་བྲལ་ནས་ཆིག་བསྒྲིལ་དང་། ཡང་གོང་བུ་ཆིག་བསྒྲིལ་ནས་ཁ་ཐོར་ཡ་བྲལ་དུ་གྱར་བའི་ལོ་རྒྱུས་མང་པོ་བྱུང་ཡོད། དེའི་ནང་ནས་ཐག་རིང་པོ་དཔེ་དྲངས་མི་དགོས་པར། རྒྱ་ནག་ལ་སོག་པོས་ལོ་ ༨༩ དབང་བསྒྱུར་བྱེད་པའི་ཡོན་རྒྱལ་རབས་སྐབས་རྒྱ་མི་མང་པོས་སོག་པོ་རྩ་མེད་བཟོ་བའི་ལས་འགུལ་མང་པོ་སྤེལ་ནས་མཐའ་མ་ཀྲའུ་ཡོན་ཀྲང་གིས་སོག་པོ་ཕྱིར་འབུད་བཏང་སྟེ་མིང་རྒྱལ་རབས་གསར་འཛུགས་བྱས་ནས་མི་རབས་བཞི་ཙམ་ཕྱིན་པའི་༼༡༣༦༨།༡༦༤༤༽མཇུག་ཏུ། སླར་ཡང་མན་འཇུའི་དམག་གིས་རྒྱའི་མིང་རྒྱལ་རབས་མེད་པ་བཟོས་ཏེ་མན་འཇུའི་རྒྱལ་རབས་བཙུགས་པ་རེད། མན་འཇུའི་གོང་མ་བདེ་སྐྱོང་ཁང་ཤིའི་སྐབས་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་དང་དམག་དཔུང་གི་སྟོབས་ཤུགས་ཡག་ཤོས་ཡིན་པ་ལོ་རྒྱུས་སྨྲ་བ་ཚོས་བཤད་ཀྱི་ཡོད་ཀྱང་། མཐའ་མ་དེར་སླར་ཡང་རྒྱ་མིའི་ནང་གི་སྐུ་ཞབས་སུན་ཡན་སན་༼སུན་ཀྲུང་ཧྲན་༽ཞེས་པས་མན་འཇུ་རུལ་སྲུང་དུ་གྱུར་བ་དང་བསྟུན་རྒྱ་ནག་ཕྱི་ནང་དུ་གསར་བརྗེའི་ལས་འགུལ་སྤེལ་ནས་མཐར་མན་འཇུ་རྩ་མེད་བཟོས་ཏེ། རྒྱ་ནག་དེ་རྒྱལ་པོའི་ལམ་ལུགས་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཅེས་མང་གཙོ་སྤྱི་མཐུན་གྱི་རྒྱལ་ཁབ་གཅིག་གསར་འཛུགས་བྱེད་ཐུབ་ཡོད་ཀྱང་། ཡུན་རིང་མ་སོང་བར་སྔོན་མའི་རྒྱལ་པོའི་ལམ་ལུགས་སྐབས་ཀྱི་ཡོན་ཧྲེ་ཁེ་ཟེར་བའི་དམག་ཤེད་དཔོན་ངན་གྱིས་དབང་ཆ་འཕྲོག་སྟེ་རྒྱ་ནག་མི་སེར་རྒྱལ་ཁབ་གསར་འཛུགས་བྱེད་མཁན་སྲིད་འཛིན་དང་པོ་སྐུ་ཞབས་སུན་ཡན་སན་སྲིད་འཛིན་ནས་དགོང་ཞུ་བྱེད་དགོས་བྱུང་བ་རེད། དེ་རྗེས་རྒྱ་ནག་ནང་བྱང་འདུལ་དམག་འཁྲུག་ཟེར་བའི་ནང་ཁུལ་དམག་འཁྲུག་བརྒྱབ་ནས་ཅང་ཀེ་ཧྲེས་འགོ་ཁྲིད་པའི་གོ་མིན་ཏང་ལ་རྒྱལ་ཁ་ཐོབ་སྟེ་རྒྱ་ནག་ནང་མང་གཙོའི་ལམ་སྲོལ་དང་མཐུན་པའི་སྤྱི་མཐུན་རྒྱལ་བཙུགས་ཡོད་ཀྱང་། མི་ལོ་ ༣༧ ༼༡༩༡༢།༡༩༤༩༽ ལས་མ་ཕྱིན་པར་མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་རྒྱ་ནག་གུང་ཁྲན་ཏང་གི་བཅིངས་བཀྲོལ་དམག་ཟེར་བས་གཏོར་ཕམ་བཏང་ནས་གོ་མིང་ཏང་ཐེ་ཝྭན་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང་སྟེ། ད་ལྟའི་ཐེ་ཝན་གྱི་གཞུང་འཛིན་ཚོགས་པ་དེ་སྔོན་མའི་རྒྱ་ནག་གི་གཞུང་རྙིང་པ་དེ་རེད།
དུས་ཕྱིས་སུ་གསར་བརྗེ་དང་མང་གཙོའི་བསྒྱུར་བཅོས་ཀྱི་གོམ་པ་ཐེངས་མང་སྤོས་ཡོད་ཀྱང་། མཐའ་མ་དེར་ཚང་མ་ཁེ་ཕན་རིང་ལུགས་པ་དང་སྐབས་འཚོལ་རིང་ལུགས་པས་ངན་འབྲེལ་གྱིས་ཁ་ལོ་བསྒྱུར་ཏེ། སྲིད་དབང་སྒེར་གཅོད་པའི་དབང་བསྒྱུར་འོག་ཏུ་བསྐྱར་ལོག་བྱས་པའི་དངོས་བྱུང་གི་ལོ་རྒྱུས་མང་པོ་བྱུང་ཡོད། རྒྱ་ནག་དམར་གཞུང་ལ་ཆ་མཚོན་ནའང་། ནང་ཁུལ་གསར་བརྗེ་དང་རྙིང་ཞེན་ཤོག་ཁའི་དབར་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཐེངས་མང་བྱས་ཏེ། དང་པོ་རྒྱ་ནག་དམར་ཤོག་ཚོགས་པ་གསར་འཛུགས་བྱེད་མཁན་གྱི་ཁྲེན་ཏུ་ཤུའུ་དང་། ཀྲང་གོ་ཐའོ། ཝང་མིང་སོགས་ནང་ཁུལ་དབང་ཆའི་འཐབ་རྩོད་ནང་རིམ་པས་མའོ་ཙེ་ཏུང་གིས་རྩ་མེད་བཟོས་པ་དང་། དེའི་རྗེས་སུ་མའོ་ལ་དམག་རྒྱག་རོགས་བྱས་ཏེ་རྒྱལ་ཁ་གསར་འཛུགས་བྱེད་མཁན་གྱི་བྱས་རྗེས་ཆེན་པོ་བཞག་མྱོང་མཁན་གྱི་རྒྱ་ནག་ནང་སྐད་གྲགས་ལྡན་པའི་དམག་དཔོན་ཆེན་པོ་ཕུང་ཏ་ཧོས་ཀྱང་ལོ་རབས་ལྔ་བཅུའི་ནང་མའོ་ཡི་རྒྱལ་ཁབ་སྐྱོང་པའི་ལྟ་བ་སྐྱོན་བརྗོད་བྱས་པར་བརྟེན་གནས་དབྱུགས་བཏང་བ་ཡོངས་གྲགས་རེད། ལོ་རབས་དྲུག་བཅུའི་ནང་རིག་གནས་གསར་བརྗེ་ཟེར་བའི་སྐབས་མོའ་ཙེ་ཏུང་གིས་བསྐོས་པའི་ཁོ་པའི་ཤུལ་འཛིན་ལིའུ་ཧྲའོ་ཅི་དང་ཏིང་ཤོབ་ཕིང་སོགས་ཁོ་པའི་བསམ་ཚུལ་ལ་རྒྱབ་སྐྱོར་མ་བྱས་སྟབས། ཁོང་ཚོ་ཏང་ནང་གི་མ་རྩའི་རིང་ལུགས་ཀྱི་ལམ་དུ་འགྲོ་མཁན་རེད་ཟེར་ཉེས་མིང་བཙུགས་ཏེ་དགག་པ་འཐབ་རྩོད་བརྒྱབ་ནས་གནས་དབྱུགས་བཏང་ཡོད། ལོ་རབས་བདུན་བཅུའི་ནང་མའོ་ཙེ་ཏུང་གིས་བསྐོས་པའི་ཧོ་གོ་ཕུང་ཏིང་ཤོབ་ཕིང་གིས་དབང་ཆ་འཕྲོག་པ་དང་། ལོ་རབས་གྱ་བཅུའི་ནང་ཧུ་ཡའོ་ཕང་དང་ཀྲའོ་ཙེ་ཡང་གཉིས་ཏིང་ཤོབ་པིང་གིས་བསམ་ཚུལ་ལ་རྒྱབ་སྐྱོར་མ་བྱས་སྟབས་ཁོང་གཉིས་གནས་དབྱུགས་བཏང་བ། དེ་ནས་ཏིང་ཤོབ་ཕིང་གིས་ཀྲའོ་ཙེ་ཡང་གི་ཚབ་ཏུ་བསྐོས་པའི་ཅང་ཙེ་མིན་ཡང་ཐོག་མར་མི་ཁག་ཅིག་གིས་ཁོ་པ་དེ་སྔོན་ར་ཤི་ཡར་སློབ་སྦྱོང་འགྲོ་མྱོང་ཡོད་པ་དང་། ར་ཤི་ཡ་དང་དབྱིན་ཇི་སོགས་ཕྱི་རྒྱལ་སྐད་ཡིག་མང་པོ་ཤེས་མཁན་དང་ཁྲིམས་དང་འཁྲུལ་རིགས་ལག་རྩལ་ཤེས་མཁན་གྱི་མཁས་དབང་ཡིན་པ་སོགས་རྒྱུ་མཚན་དྲངས་ཏེ་ཁོས་རྒྱ་ནག་གི་འགོ་ཁྲིད་བྱས་ན་རྒྱ་ནག་ནང་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་ཀྱི་མཚོན་པའི་མང་གཙོའི་ལམ་སྲོལ་ཐོག་ཁ་བསྒྱུར་སྲིད་པ་བཤད་མཁན་མང་པོ་བྱུང་ཡོད་ཀྱང་། དོན་དངོས་སུ་ཁོ་པས་རྒྱ་ནག་དམར་གཞུང་ལོ་བཅུ་རིང་དབངའ་ཛིན་བྱེད་སྐབས་རྒྱ་ནག་ནང་གི་ཕ་ལུན་ཁུང་ཞེས་པའི་རྩ་རླུང་གོམ་སྒྲུབ་རྒྱག་མཁན་ཚོགས་པར་དྲག་གནོན་བྱས་ཏེ་མི་སྟོང་ཕྲག་མང་པོ་དམར་གསོད་དང་བཙོན་འཇུག་བྱས་པ་མ་ཟད། བོད་དོན་ཐོག་དམ་དྲག་གི་སྲིད་བྱུས་འཛིན་ཡོད།
ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཐའོ་ཕྱི་ལོ་ ༢༠༠༢ ནས་བཟུང་རྒྱ་ནག་དམར་གཞུང་གི་སྤྱི་ཁྱབ་དྲུང་ཆེར་བསྐོས་པའི་སྐབས། ཡང་རྒྱ་ནག་ཕྱི་ནང་གི་མི་ཁག་གཅིག་ནས་ཁོ་པ་དེ་སྔོན་ཧུ་ཡའོ་ཕང་གི་གཞོན་ནུ་ཚོགས་པའི་མི་ཡིན་ཙང་བསམ་བློ་གུ་ཡངས་ཡོད་ཚུལ་མ་ཟད་། བོད་ནང་དངོས་སུ་ལས་ཀ་བྱེད་མྱོང་ཡོད་པ་དང་། བོད་ཐོག་འཛིན་པའི་སྲིད་བྱུས་ལ་གུ་ཡངས་བསམ་ཤེས་བྱ་སྲིད་པ་བཤད་ཡོད་པར་བརྟེན། ཁོ་པ་ཨ་རིའི་ནང་རྒྱལ་དོན་འཚམས་འདྲིར་སླེབས་སྐབས། ཁོ་པ་སྲིད་འཛིན་གཞོན་པ་ཡིན་ནའང་ཨ་རིས་ཁོ་ལ་ཆེ་མཐོང་སྤྲད་དེ་ས་གདན་དམར་པོ་གཏིང་བ་དང་མེ་སྒྱོགས་གྲངས་༢༡ འཕངས་པ་སོགས་རྒྱལ་ཁབ་གཅིག་གི་སྲིད་འཛིན་ནང་ལྟར་གུས་བསུ་དང་ཆེ་བསྟོད་ཆེན་པོ་ཞུས་ཡོད་ཀྱང་། རྗེས་ལ་ཁོ་པ་སྲིད་འཛིན་ཆགས་ཚར་རྗེས་རྒྱ་ནག་གིའགྲོ་བ་མིའི་ཐོབ་ཐང་གི་མཚོན་པའི་ཆོས་དད་རང་དབང་དང་སྨྲ་སྤྱོད་རང་དབང་ཇེ་སྡུག་ཇེ་ངན་དུ་བཏང་བར་ཨ་རི་བ་རྣམས་ཁོ་ལ་ཧངས་བསངས་ཏེ་ཁོ་སྲིད་དབང་སྒེར་གཅོད་ཡིན་པ་གཞི་ནས་ཤེས་རྟོགས་བྱུང་བ་རེད། དངོས་ཡོད་གནས་ཚུལ་ཐད་ཧུ་ཅིན་ཐའོ་ཁོ་པ་ནི་རྒྱ་ནག་དང་བོད་ཐོག་སྲིད་བྱུས་དམ་བསྒྲགས་ཆེ་ཤོས་དང་བོད་མི་དམར་གསོད་བྱེད་མཁན་གྱི་ལག་དམར་བ་ཡིན་པ་རྒྱ་ནག་དམར་གཞུང་ནང་ཁུལ་དུ་ཡོངས་བསྒྲགས་ཆགས་ཡོད། ཧུ་ཅིན་ཐའོ་ཡི་སྐབས་ཁོ་པར་ངོ་རྒོལ་བྱེད་མཁན་གྱི་ཧྲང་ཧད་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་པོ་ཡིན་པའི་ཁྲེན་ལེང་ཡུས་དུས་ད་ལྟའང་བཙོན་ཁང་ནང་བཅུག་ཡོད།
ཡོང་འཆར་ཡིན་པའི་ཞེ་ཅིན་ཕིང་ལའང་མི་རྣམས་ཀྱིས་ཁོ་པའི་དུས་སྐབས་སུ་རྒྱ་ནག་ནང་མང་གཙོའི་ལམ་ལུགས་སུ་ཁ་ཕྱོགས་པའི་རེ་བ་རྒྱག་མཁན་ཡོད་ཀྱང་དོན་དུ་ཁོ་པ་ནི་སྤྱང་ཀིས་གསོས་པའི་སྤྱང་ཕྲུག་གཅིག་ཡིན་དུས། ཁོ་ལ་ད་ལྟ་ནས་རེ་བ་རྒྱག་རྒྱུ་སྔ་དྲག་པ་ཡིན་ཙང་། ཁོ་བོས་་གོང་དུ་དྲངས་པའི་དངོས་བྱུང་ལོ་རྒྱུས་དེ་དག་གི་ཐོག་ནས་སང་ཉིན་གྱི་རྒྱ་ནག་ང་ཚོ་དང་ཐག་རིང་པོ་རེད་ཟེར་བཤོད་དགོས་པའི་རྒྱུ་མཚན་དེ་ལྟར་ཡིན་ནོ།། ༢༠༡༡།༢།༡༧།
ཚེ་རིང་དབང་ཕྱུག་ལགས་ ཁྱེད་རང་གྱི་རྩོམ་དེ་དངོས་གནས་རིང་པོ་མེད་པ་ལ་ གོ་རིམ་ལྡན་པ་ གོ་བདེ་བ་ ང་ལྟ་བུའི་ཡི་གེ་བྲིས་ཀློག་ཤེས་རྩམ་གྷགྱི་མི་རྣམས་ལ་ཀློག་བདེ་པོ་ཞེ་དྲག་འདུག་ ཡིན་ནའང་དུས་ཀྱི་འགྱུར་བ་ནི་སུས་ཀྱང་ཤོད་ཁག་པོ་རེད་ དཔེ་ན་ཉེ་དུས་ཁ་ཆེའི་རྒྱལ་ཁབ་དེ་རྣམས་ལ་འགྱུར་བ་མ་བྱུང་གོང་སུས་ཀྱང་སྔོན་འཔག་བྱེད་མཁན་བྱུང་མ་སོང་ དིང་སྐབས་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་ཡོད་པར་རྟེན་དེ་དང་ཆབས་གཅིག་རྒྱ་མི་རྣམས་ཀྱི་ཤེས་ཚད་དང་མཐོངས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པས་མི་རིང་བར་འགྱུར་སྡོག་ཆེན་པོ་ཞིག་འགྲོ་འགྱུར་ངས་ཡིད་ཆེས་བྱེད་ཀྱི་ཡོད་
སྐུ་ཞབས་ཚེ་རིང་དབང་ཕྱུག་གི་རྩོམ་ཡིག་འདྲས་རྒྱ་ནག་སྐོར་ཤེས་པ་ལ་དགེ་མཚན་འདུག་པས་ཐུགས་རྗེ་ཆེ། འོན་ཀྱང་རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་འགྲོ་བ་འདིས་ང་ཚོ་གངས་ཅན་པ་རྣམས་ལ་ཕན་གནོད་གང་ཡོང་ད་དུང་ཁ་ཚོན་ཆོད་མི་དཀའ་འམ།།
སྒྱུར་རྩོམ་འདི་ཡག་པོ་འདུག ཐུགས་རྗེ་ཆེ་ཞུ། དུས་ཚོད་མེད་པས་བསམ་ཚུལ་སྤེལ་ཐབས་བྲལ། རྗེས་སུ་བརྗོད་ཆོག
རྒན་ཚེ་རིང་དབང་ཕྱུག་ལགས། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་མོད། ཁྱེད་ཀྱིས་ཡིག་བསྒྱུར་སྐབས་གཟབ་མནན་མི་འདུག་བསམ་བྱུང་། དེ་ཡང་དགོངས་པ་འཇགས་རོགས། དེ་མིན་ཞུ་རྒྱུ་མེད།
མཁས་དབང་ཚེ་རིང་དབང་ཕྱུག་ལགས། ངས་ཁྱེད་རང་གི་དཔྱད་རྩོམ་ཚང་མ་བལྟ་ཡི་ཡོད། ཉམས་ཞིབ་པའི་མིང་ཅན་མང་པོའི་ནང་དུ་ཁྱོད་ནི་དོན་གྱི་སྙིང་པོ་འབུར་དུ་སྟོན་ཐུབ་མཁན་ཁོ་ན་ཡིན་ཟེར་ན་མི་ཆོག་པ་མེད།
ཐུགས་རྗེས་ད་དུང་ཐུགས་དལ་པར་མ་བཞུགས་པར་རྩོམ་ཡིག་མང་པོ་སྤེལ་རོགས་གནང་།
ཨོ་ཚེ་རིང་དབང་ཕྱུག་ཟེར་བ་འདི་ནི་གོ་མ་མྱོང་བའི་བུ་ཞིག་ཟུར་ནས་ཐོན་སོང་། ཡི་གེ་བྲིས་པ་ཤིན་ཏུ་ཞིབ་ཚགས་རེད་ཡ། ཁ་བརྡ་ནང་ན་འདི་འདྲའི་རྩོམ་ཡིག་ཡག་པོ་མཐོང་རྒྱུ་ཡོད་པས་སེམས་པ་གཏིང་ནས་དགའ། མུ་མཐུད་འདི་འདྲ་འབྲི་ན་བསམ་ནས་རེ་བ་ཆེ། ངོ་ནས་རྗེས་སུ་ཡི་རངས་ཡོད།
གཞོན་ནུ་ཟླ་མེད་ལགས། ཚེ་རིང་དབང་ཕྱུག་ཟེར་བ་འདི་སུས་ཀྱང་ཉམས་མི་འཇོག་པའི་རྩོམ་པ་པོ་དང་ཡིག་སྒྱུར་བ། རྒྱ་ནག་དཔྱད་ཞིབ་པ་་རྒན་པ་ཞིག་ཡིན། ངས་ཀྱང་ཡུན་རིང་བོ་ཞིག་ལ་འདི་སུ་ཡིན་མ་ཤེས་ལ། མི་དེར་ཐུག་ནའང་ཁོང་ནི་འདི་ལྟ་བུའི་ཁ་ཁུ་སིམ་པར་གནས་པའི་རྩོམ་པ་པོ་དང་ཡིག་སྒྱུར་བ། རྒྱ་ནག་ཉམས་ཞིབ་པ་ཞིག་ཡིན་པ་ཡིད་ལ་ཤར་མ་ཐུབ། སྔོན་ལོ་གཞུང་ཞབས་ཡིག་རྒྱུག་སྐབས་སུ་གཟོད་ཁོ་སུ་ཡིན་ཤེས་སོང་ལ། དེ་ནས་བཟུང་ཁོང་གིས་ཅི་དང་གང་བྲིས་ལ་དོ་སྣང་རེ་བྱས་པ་ཡིན། དངོས་གནས་མི་ཉམས་ཆུང་སྐད་ཆ་བཤད་བདེ་བ། འགྲོགས་འདྲིས་སླ་བའི་མི་ཞིག་འདུག ངས་ཁོང་ལ་དོ་སྣང་བྱུང་སྐབས་ཁོང་བཀའ་དྲུང་ཡིག་ཚང་ན་ཡོད་དམ་སྙམ། དེང་སང་གང་ན་ཡོད་མེད་མི་ཤེས། འདི་ཁྱོད་ལ་ཚེ་རོང་དབང་ཕྱུག་ངོ་སྤྲོད་ཐུང་ངུ་ཞིག་བྱས་ནི་ཡིན།
ཁོང་གི་རྩོམ་ཡིག་ཚང་མར་ངས་ལྟ་བཞིན་ཡོད་ལ་རྒྱ་ནག་གི་སྐོར་དེ་ཚོར་དངོས་གནས་ལྟ་རྒྱུ་འདུག
སང་ཉིན་གྱི་རྒྱ་ནག་དེ་ང་ཚོ་དང་ཐག་རིང་པོ་ཡིན་བཞིན་དུ། བཙན་བྱོལ་ནས་དབུ་མའི་ལམ་གྱི་ཕྱག་རིང་བསྐྱོང་རྒྱུ་སྔ་དྲགས་པ་ཡིན་ནམ། རེ་བ་མ་སྔ་ཞེས་པའི་དོན་ཡིན། འདི་ནི་གྲ་སྒྲིག་དགོས་པའི་ཉན་བརྡའི་དྲི་བ་ཙམ་མོ།
འདས་པའི་གནས་ཚུལ་ལ་གཞིགས་ནས་རྒྱ་ནག་ལ་ཆབ་སྲིད་ཐད་འགྱུར་བ་ཆེན་པོ་འོང་རྒྱུ་དཀའ་བ་སྔོན་དཔག་བྱས་པ་དེ་འགྲིགས་འདུག་གལ་ཏེ་རྒྱ་ནག་ལ་འགྱུར་བ་ཞིག་ཡོང་རྒྱུ་ཡིན་ན་འགྱུར་བ་ག་རེ་ཡོང་གི་རེད་དམ།ད་ཕན་རྒྱ་ནག་ཐོག་མཁས་པ་ཡིན་ཟེར་མཁན་མང་པོ་ཞིག་གིས་འགྱུར་བའགྲོ་ཡི་རེད་ཟེར་བཤད་པ་རྣམས་དོན་ལ་འཁྱོལ་སོང་སམ།དེར་བརྟེན་དེང་སང་ཨཕེ་རི་ཁའི་གླིང་ཕྲན་ནང་ཌོནི་ཤི་ཡ་དང་སུ་ཌན་ཡས་མན་ཨེ་ཇེབ་སོགས་རྒྱ་ནག་དང་འདྲ་བའི་ཁ་ཆེའི་རྒྱལ་ཁབ་དེ་དག་མང་གཙོའི་ཕྱྱོགས་སུ་འགྱུར་བ་འགྲོ་བཞིན་ཡོད་ཀྱང་རྒྱ་ནག་ལ་འགྱུར་བ་འགྲོ་རྒྱུར་དང་པོ་རྒྱ་ནག་དབང་བསྒྱུར་གྲལ་རིམ་དང་ཤེས་ཡོན་ཅན་དབར་ཁེ་ཕན་གྱི་དྲ་བ་ཡོད་པ་དང་གཉིས་ཐད་ནས་གསར་འགྱུར་གྱི་བརྒྱུད་ལམ་ཁག་ཚང་མ་རྒྱ་ནག་ནང་གི་ཁེ་ཕན་ཆེ་ཤོས་ཡོད་པའི་བཟོ་ཚོང་ལས་རིགས་ཚོས་དངུལ་དངོས་ཀྱིས་བསླུད་ཟིན་པ་མ་ཟད།དྲ་རྒྱའི་ནང་འཛུལ་ཞུགས་བྱེད་མཁན་གྱི་གཞོན་སྐྱེས་གཙོ་བོ་བྱས་པའི་དྲ་གྲོགས་མི་དུང་ཕྱུར་བཞི་ཙམ་ཡོད་པ་ཀྱང་རྒྱ་ནག་དབང་བསྒྱུར་པས་རྒྱུ་དང་མིང་སྐམ་པོ་སྤྲད་དེ་ཉོས་ཏེ་རྒྱ་ནག་གི་རྒྱལ་གཞེན་ཟེར་བའི་རྒྱ་མི་རིགས་ཀྱི་ལ་རྒྱས་ཁ་དང་མིག་བཀབ་ཡོད་ན་རྒྱ་ནག་ཕྱི་ལ་ཡོད་པའི་མང་གཙོ་དོན་གཉེར་བ་གང་འཚམ་ཡོད་པ་དེ་དག་ནང་ཁུལ་ཕྱོགས་རིས་འཐེན་འཁྱེར་ཁོ་ནས་གཅིག་ཏུ་བསྒྲིལ་ཐུབ་ཀྱི་མེད་ན་དུས་ཐུང་ནང་རྒྱ་ནག་ལ་འགྱུར་བ་ཞིག་ག་ནས་ཡོང་སྲིད།བྱས་ཙང་རྒྱ་ནག་གི་སང་ཉིན་ང་ཚོ་དང་ཐག་རིང་ཟེར་བའི་བརྗོད་བབ་ལ་མོས་མཐུན་ཡོད།རྩོམ་ཡིག་འདི་དཔྱད་པ་བྱས་ནས་བྲིས་པའི་དཔྱད་རྩོམ་རེད་འདུག་རྒྱ་ཡིག་ནས་བསྒྱུར་བ་རེད་མི་འདུག་རྩོམ་ཡིག་བཀླགས་དུས་ཡག༌པོ་ཀློག་ནས་མཆན་བྲི་དགོས།
བཟོད་རྒྱམ་ལགས་ཀྱིས་ཚེ་རིང་དབང་ཕྱུག་ངོ་སྤྲོད་གནང་བ་ཐུགས་རྗེ་ཆེ། ངོ་ནས་མི་ཞིབ་ཚགས་མོ་ཞིག་གི་བཟོ་ལྟ་འདུག བོད་གཞུང་གིས་ལོ་རྒྱུས་འབྲི་ན་འདི་ལྟ་བུ་ཞིག་ལ་འབྲི་བཅུགས་ན། ཚིག་ཉུང་ཉུང་ཡིན་རུང་རིན་ཐང་ཆེ་ཀི
BBCདང་ PEMA TSOགཉིས་ཀྱིས་སྒྱུར་རྩོམ་ཞེས་གསུངས་པ་ནི་རྩོམ་ཡིག་འདི་ཆ་ཚང་ཞིབ་ཀློག་མ་བྱས་པ་འདྲ། ཕྱི་མས་ཡིག་བསྒྱུར་སྐབས་དོ་སྣང་བྱ་དགོས་གསུངས་པར་གང་ནས་མ་འགྲིག་པའི་སྐོར་ཁ་གསལ་གསུངས་ན་ལེགས།
ད་ག་རང་རེད། ངས་གོང་དུ་བཤད་པ་བཞིན་ང་རང་བྲེལ་བ་ཚ་ཐག་ཆོད་ནས་ཁོང་གི་རྩོམ་དེ་སྒྱུར་རྩམ་ཡིན་ཤག་བྱས་པ་ཡིན། ནམ་རྒྱུན་ཁོངགིས་རྒྱ་ཡིག་ནས་སྒྱུར་བའི་རྩོམ་མང་པོ་བྲིས་ཀྱི་ཡོད། ཁོང་ཐའེ་ཝན་ལ་ལོ་མང་བཞུགས་མྱོང་བ་མ་ཟད། དེ་སྔ་རྒྱ་བློ་བཟང་བཀྲ་ཤིས་ཀྱི་ལོ་རྒྱུས་ཤིག་ཀྱང་བྲིས་ཡོད་པ་གོ་ཐོས་བྱུང་། ད་ལན་འདི་ནས་མཇལ་ཡོང་སུས་བསམ་གྱི་རས། དེ་འདྲ་སོང་ཙང་དགའ་པོ་བྱུང་།
BBC རྡོབ་མ་བཤད། ཁྱེད་རང་ཨ་པ་ཧོར་ཡིན་པས།
ལྷན་རྒྱས་ཚོས་ཐུགས་སྣང་ཡག་པོ་གནང་འདུག ཚེ་རིང་དབང་ཕྱུག་ལགས་ནི་དངོས་གནས་ཚིང་དུ་ཡིབས་པའི་སྟག་ཟེར་བ་དེའི་རྗེས་མཐུན་ཞིག་ཡིན། ཁོང་ནི་གཞུང་གི་སྒྲིག་འཛུགས་ནང་ལས་ཀ་བྱེད་མཁན་གྱི་གྲས་ནས་རྒྱ་ནག་དཔྱད་ཞིབ་པ་ཞིག་རེད། དེང་སང་བཀའ་དྲུང་ཡིག་ཚང་གི་དྲུང་འཕར་ཡིན་ལ། མི་འགྱངས་བར་ཁོང་གི་བརྩམས་དེབ་ཕྱོགས་བསྒྲིགས་ཤིག་ཀྱང་དཔར་དུ་བསྐྲུན་ལ་ཉེ་བ་ཡོད། ཨོ་ད་དུང་ལན་འདེབས་ཚོགས་ཆུང་གི་ཚོགས་གཙོའི་ཐུགས་འགན་རྐང་བཞེས་གནང་མུས་ཡིན།
དྲ་གྲོགས་ཚེ་རིང་དབང་ཕྱུག་རྣམ་གཉིས་ལ། དགོངས་དག་ཞུ་རྒྱུ་ཡིན། ངས་ཁ་སྔོན་གྱི་བསྒྱུར་རྩོམ་ཁ་ཤས་དྲ་ངོས་འདིར་མཇལ་དུས་གཟབ་མནན་མིན་པའི་ཚོར་སྣང་བྱུང་སྟབས་བྲིས་པ་ཡིན།
གང་ལྟར། བྱུང་རིམ་རགས་བསྡུས་ཤིག་གིས་སང་ཉིན་གྱི་རྒྱ་ནག་ང་ཚོ་དང་ཁ་ཐག་རིང་བར་འདོད་ན། སྐུ་ཉིད་ཀྱིས་དེ་ལྟར་བཀའ་ཁྲི་མཆོག་ལ་ཞུས་ཡོད་དམ། དོན་དངོས་རང་ཕྱོགས་ནས་ལམ་དབུ་མའི་སྲིད་བྱུས་རྒྱུན་སྐྱོང་བྱས་ན་འགྲིག་གི་ཡོད་མེད་སྐུ་ཉིད་ལ་བསམ་ཚུལ་ག་རེ་ཡོད། རྩོམ་ཡིག་འདིའི་འབབ་ས་ཕལ་ཆེར་དེ་ཡིན་པར་འདོད།
སྐུ་ཉིད་ལ་བཀའ་ཤག་རང་ཏུ་ལས་གནས་གལ་ཆེན་གྱི་ལས་ཀའི་ཉམས་མྱོང་ཡོད་པས། རང་གཞུང་གི་སྲིད་བྱུས་འདིས་རྒྱ་ནག་དང་འབྲེལ་ཏེ་བོད་ཀྱི་མདུན་ལམ་ལ་རེ་བ་འདྲ་མ་མཐོང་བ་ཡིན་ན། ད་ག་རེ་བྱས་ན་དགའ་གི་རེད། དཔྱད་རྩོམ་ནང་དེ་བཀོད་མེད་པ་འདྲ།
པདྨ་མཚོ་ལ་གསང་བའི་ལས་ཁུངས་དང་འབྲེལ་བ་ཡོད་པ་མིན་ནམ། དེ་རིང་རྒྱ་ནང་ལ་དམངས་གཙོའི་སྐྡ་འབོད་སོགས་འགྱུར་བ་ཞིག་བྱུང་བཞིན་པའི་ལོ་རྒྱུས་དྲ་བ་འདི་ན་འདུག http://www.boxun.com