དོལ་སྨྱོན།
སང་ཉིན་ང་ཕ་ཡུལ་ལ་འགྲོ་དགོས།
ང་སྐྱེས་སའི་ཕ་ཡུལ་མིན་རུང་ང་འཚོ་སའི་ཕ་ཡུལ་ཡིན།
དེ་ནི་མཚན་སྙན་ཆེ་བའི་ལུང་པ་ཞིག་སྟེ། མིང་ལ་གློ་བོ་ཆུ་མིག་བརྒྱ་རྩ་ཟེར།
ང་ཡི་ཕ་ཡུལ་གྱི་མི་ཚོས། མི་རིགས་ཞེས་པའི་གོ་དོན་མི་ཤེས།
ང་ཡི་ཕ་ཡུལ་གྱི་མི་ཚོས། རིག་གཞུང་ཞེས་པའི་ཡང་སྙིང་མི་རྟོགས།
ང་ཡི་ཕ་ཡུལ་ནི། དངུལ་གྱི་བྲན་དུ་གྱུར་བའི་བསམ་མེད་ཁྱུ་ཚོགས་ཤིག་གི་འདུ་ར་ཡིན།
ང་ཡི་ཕ་ཡུལ་ནི། རང་ཉིད་ལས་གཞན་མི་མཐོང་བའི་ལོང་བ་དུ་མ་ཞིག་གི་བསྟི་གནས་ཡིན།
ང་ཡི་ཕ་ཡུལ་གྱི་མཁའ་རླུང་གཙང་མ་ཡིན།
ང་ཡི་ཕ་ཡུལ་གྱི་རྒྱུག་ཆུ་དྭངས་མ་ཡིན།
ང་ཡི་ཕ་ཡུལ་གྱི་ཁོར་ཡུག་ལ་སྦག་རྫས་ངན་པས་འགོས་མེད།
འོན་ཀྱང་ནམ་ཞིག་གི་ཚེ། ང་ཡི་ཕ་ཡུལ་གྱི་མཁའ་རླུང་དྭངས་མོ་དེ།
ཕ་ཡུལ་གྱི་མི་ཚོ་ནང་བཞིན་མི་འགྱུར་བའི་ངེས་པ་མེད་ཨང་།
ང་ཡི་ཕ་ཡུལ་ན། ཤེས་ཡོན་པར་བརྩི་མཐོང་མེད།
ང་ཡི་ཕ་ཡུལ་ན། བྱས་རྗེས་ཅན་ལ་དཔའ་དར་མེད།
ང་ཡི་ཕ་ཡུལ་ན། ཉམ་ཆུང་དག་ལ་རང་དབང་མེད།
འོན་ཀྱང་།
དེ་རིང་དེ་དག་མང་པོ་ཞིག་ལ་བསམ་བློ་གཏོང་ཁོམ་མི་འདུག་སྟེ།
ང་ཕ་ཡུལ་ལ་གྲོ་བ་ནི་ཕ་ཡུལ་གྱི་བདེ་སྡུག་ཆེད་དུ་མིན།
ང་ཕ་ཡུལ་ལ་འགྲོ་བ་ནི་ཕ་ཡུལ་གྱི་གནས་སྟངས་ཆེད་མིན།
ངས་གྲོངས་མ་ཐག་པའི་མེས་པོ་དམ་པའི་དུར་ས་བལྟ་རུ་འགྲོ་དགོས།
བརྩེ་བའི་ཡབ་དམ་པའི་སྤྱན་ཆབ་ཕྱི་རུ་འགྲོ་དགོས།
སེམས་ཀྱི་ཟབ་སར་འཐིམ་པའི་སྤུན་ཆུང་ལ་ཕྱག་རོགས་ཞུ་རུ་འགྲོ་དགོས།
ད་དུང་ཉིན་མཚན་ལྟོས་མེད་དུ་མིག་ལམ་ན་འཆར་བའི་བུ་མོ་ཟླ་སྒྲོལ་གྱི་ཞལ་རས་བལྟ་དགོས།
རྣ་བའི་བུ་གར་རྒྱུན་དུ་སིམ་པའི་བུ་མོ་ཟླ་སྒྲོལ་གྱི་ངུ་སྔངས་ལ་ཉན་དགོས།
གཉེན་ཉེ་དག་ལ་འཚམ་འདྲི་ཞུ་རུ་འགྲོ་དགོས།
ང་ཡི་སེམས་ཀྱི་སྦུབས་སུ་འཐིམ་པའི་མེས་པོ་དམ་པ།
ཁྱོད་ཉིད་ཞེན་ཆགས་མེད་པར་དལ་གྱིས་བཞུད་རོགས།
མི་ཡུལ་གྱི་གྲུ་གར་འཁྱམས་པའི་ཁྱོད་ཀྱི་ཚ་བོས།
སྐྱོ་གདུང་དང་མིག་ཆུ་རུམ་གང་ཁུར་ནས།
ཁྱོད་ཀྱི་དུར་ས་ལ་ཕྱག་གསུམ་འཚལ་བར་འོང་བཞིན་ཡོད།
30.04.2013
གློ་བོ་ཆུ་མིག་བརྒྱ་རྩ་ཞེས་པ་ཡུལ་སྡེ་ཞིག་དང་། དེའི་རྒྱལ་ས། གློ་མོན་ཐང་ཞེས་པ་ཡིན་ནམ་སྙམ། ལྷོ་ཞེས་པའམ་གློ་གང་ཡིན་དོགས་པ་མཆིས། ཕལ་ཆེར་བོད་ཀྱི་ལྷོར་ཡོད་པས་ལྷོ་ཞེས་སམ་སྙམ། དེ་མིན་གློ་ཞེས་པའི་རྒྱུ་མཚན་གང་ཡིན་ནམ། རི་བོ་གངས་ཅན་རྒྱ་གར་བྱང་ཕྱོགས་ལ་ཁྱབ་ནས་ཡོད། དེའི་ལྷོ་ཕྱོགས་ལ་གནས་པ་པོ་ཡོངས་ལ་མོན་ཟེར་བ་མཐོང་། ཀུ་ལུའི་ལྗོངས་ནས་མོན་རྟ་དབང་སོགས་ཀྱི་བར་དུ་ཡིན། དེས་ན་མོན་ཐང་ཞེས་མིང་ཆགས།
སྔོན་དུས་ལ་དྭགས་རྒྱལ་པོ་དང་། མོན་ཐང་གི་རྒྱུལ་པོ་གཉིས་ཀྱི་བར་ལ་གཉེན་འབྲེལ་ཡོད། ཉི་ཟླ་དབང་མོ་ཞེས་པ་མོན་ཐང་རྒྱལ་པོའི་སྲས་མོ་ལ་དྭགས་རྒྱལ་བུ་ཞིག་གི་བག་མར་འོངས། སྲས་གཅིག་འཁྲུངས་ནས། སོ་སོར་འབྱེ་དགོས་པ་བྱུང་། འདི་ལ་ལ་དྭགས་སུ་གླུ་གཞས་ཤིག་ཀྱང་ཡོད་པ། ལ་དྭགས་ཕུན་ཚོགས་ཀྱི་སྐད་བཅུག་འཕྲུལ་འཁོར་དུ་ཐོས། རྗེས་སུ་ཉི་ཟླ་དབང་མོ་གཙང་དུ། སྐུ་དྲག་ཅིག་ལ་བག་མར་སོང་སྟེ། པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཡུམ་དུ་གྱུར། ལ་དྭགས་ཏོག་མཁར་ན་ད་ལྟ་མཛད་བརྒྱ་དཔག་བསམ་འཁྲི་ཤིང་སོགས་གཙང་དུ་བཞེངས་པའི་ཐང་ཀ་སྤུས་དག་མང་པོ་ཡོད་པ་ལ་དཔགས་ན། དེའི་དུས་ཀྱི་ལ་དྭགས་རྒྱལ་པོ་དང་། པཎ་ཆེན་དཔལ་ལྡན་ཡེ་ཤེས་གཉིས་མ་ཡུམ་གཅིག་གི་སྐུ་མཆེད་ཡིན་པ། དངོས་པོ་དེ་དག་གི་འབྱུང་གནས་ཡིན་སྙམ་པ་ཞིག་་བདག་གི་བློ་ལ་མཆིས་སོ།།