གླིང་ཚ་ཚེ་བརྟན་རྡོ་རྗེ།
ཉིན་མ་འདི་དག་གི་རིང་དུ་ཨ་རི་བ་ཞིག་གི་སྐུ་དྲིན་དུ་དྲ་ལམ་དུ་ཉུལ་བའི་གོ་སྐབས་ཆེས་མི་ཉུང་བ་ཞིག་རེག་ནའང་། དོ་ནུབ་ནས་ཁོ་རང་ལ་རང་ཡུལ་དུ་ལོག་ཆོག་པའི་གོ་སྐབས་རེག་ཡོད་སྟབས། ཁོ་རང་གི་ཅ་དངོས་ཡོད་ཚད་བསྡུ་གསོག་བྱེད་ཀྱིན་པའི་སྐབས་ཏག་ཏག་ལ་ངས་དྲ་ཐོག་གི་སྤུན་ཟླ་དག་ལ་བདག་གིས་དེ་རིང་ནས་བཟུང་དྲ་ལམ་ནས་གནས་ཚུལ་གང་ཡང་ཤེས་ཐབས་མེད་པའི་སྐོར་ལ་འཕྲིན་ཐུང་འདི་བྲིས་པ་ཡིན། ད་ལྟ་ང་རང་བདེ་ཐང་ཡིན་ལ། ཟས་གོས་གནས་མལ་གྱི་དཀའ་ཚེགས་གང་ཡང་མེད། ལྷག་པར་དུ་བལ་ཡུལ་གནས་བསྡོད་བོད་རིགས་སྤུན་ཟླ་ཆེས་མི་ཉུང་བ་ཞིག་གིས་ཉིན་རེ་བཞིན་ཟ་མ་ཁུར་ནས་བལྟ་རུ་ཡོང་གི་ཡོད་པ་མ་ཟད། ང་རང་ལ་ཅི་དགོས་རིགས་ཀྱི་མཐུན་རྐྱེན་མི་ཉུང་བ་ཞིག་སྤྱར་བཞིན་ཡོད།
ངས་འདི་ནས་དེབ་མི་ཉུང་བ་ཞིག་ཀློག་པའི་གོ་སྐབས་ཀྱང་ཤར་ནས་ཡོད། ད་ལྟ་བལ་ཡུལ་བཀག་བསྐྱེལ་ཁང་འདི་ནས་ང་ལ་ནག་ཉེས་འདི་རེད་ཅེས་ཐག་གཅོད་གང་ཡང་བྱས་མ་སོང་ལ། གང་དུ་གཏོང་མིན་ག་རེ་བྱེད་མིན་གྱི་གསལ་ཁ་གང་ཡང་མེད་ཀྱང་། ང་རང་གི་དངོས་ནས་སེམས་ཁྲལ་གང་ཡང་བྱེད་ཀྱི་མེད། ངས་དུས་རྒྱུན་དུ་སྤུན་ཟླ་ཁྱེད་ཅག་ལ་ཞུས་པ་ལྟར། ང་རང་མ་ཤི་བར་དུ་བོད་མི་རིགས་ཀྱི་བདེན་པའི་སྐད་ཁུར་བའི་ཞི་བའི་འཐབ་རྩོད་པ་ཡིན་པའི་ཆོད་སེམས་དེ་ལ་གང་གིས་ཀྱང་འགྱུར་བ་གཏོང་ཐུབ་མེད་པ་ཐུགས་འཇག་འཚལ།
མི་རིང་བར་ང་རང་གིས་བྲིས་པའི་ཞི་བའི་འཐབ་རྩོད་ཀྱི་སྐོར་གྱི་ལེའུ་ཚན་བཅུ་ཡོད་པའི་ཡི་གེ་ཞིག་དྲ་ལམ་དུ་ཐོན་ངེས་ཡིན། དེ་ཡི་སྐོར་ལ་སྤུན་ཟླ་དག་གིས་བསམ་གཞིགས་ནན་ཏན་དང་བགྲོ་གླེང་ལྷུག་པོ། བོད་མི་སྒེར་བ་དཀྱུས་མ་ཞིག་གིས་རང་གི་རིགས་ལ་བཞག་པའི་སྐད་ཆ་ཞིག་ལས་གཞན་ངོམ་སོ་སོགས་གང་ཡང་མ་ཡིན་པ་ཐུགས་ལ་འཛིན་རོགས་ཞུ།དུས་ཚོད་ཀྱི་ཆ་རྐྱེན་གྱི་རྐྱེན་པའི་ཞི་བའི་འཐབ་རྩོད་ཀྱི་སྐོར་ནས་ཞིབ་མོ་ཞིག་འབྲི་ཐུབ་མ་བྱུང་བ་དེར་དགོང་འགལ་མེད་པ་ཞུ། ཡིན་ཡང་། ལེའུ་ཚན་བཅུ་ཡོད་པ་དེ་ཡི་ནང་དུ་བཤད་དགོས་པ་དག་འདུས་ཡོད་ཅེས་ཞུ་ཆོག་པ་ཡིན། རིགས་ཀྱི་སྤུན་ཟླ་གངས་ཅན་པ་ཚོ། བོད་ལ་རང་དབང་དང་ཞི་བདེ་ཐོབ་ནས་༧གོང་ས་རྒྱལ་བའི་དབང་བོ་མཆོག་རང་ཡུལ་ཁ་བ་ཅན་ལ་མྱུར་དུ་ཕེབས་ཐུབ་པའི་སྨོན་འདུན་བཅས་བལ་ཡུལ་བཀག་བསྐྱེལ་ཁང་ནས་༢༧།༥།༡༢གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་གུས་པ་དང་བཅས་ཕུལ།
བཀུར་འོས་པའི་དཔའ་བོ་ལགས་བསམ་དོན་རྒྱལ་ཁའི་ངང་འགྲུབ་པར་ཤོག
བཀུར་འོས་པའི་དཔའ་བོ་ལགས་
ཁྱེད་ཀྱི་ངོ་སོ་ཡར་ལ་བསྟོད།
ཐུགས་ཀྱི་བཞེད་དོན་མྱུར་འགྲུབ་ཡོང་པར་སྨོན།
ཁྱེད་ཀྱི་བཞེད་དོན་འགྲུབ་གྱུར་ཅིག
ངོ་མ་ཁྱེད་ལ་གུས་འདུད་ཞུ། ཁྱེད་ཉིན་ནམ་ཡང་རྒྱལ་ངེས། ཁྱེད་ཉིད་རྒྱལ་བ་ནི་ང་ཚོའི་བོད་མི་རིགས་རྒྱལ་བར་ངོས་འཛིན་བྱེད་ཀྱི་ཡིན། བོད་རྒྱལ་ལོ། ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག
གལ་ཆེ་ཤོས་ད་དུང་ཁྱེད་སྐུ་ཚེ་ཡུན་རིང་བརྟན་པ་དང་། བོད་དོན་འཐབ་རྩོད་ཀྱི་མཐའ་མ་རྫོགས་བར་དུ་ཁྱོད་གནས་རྒྱུ་འདི་རེད། དཔའ་བོ་ཁ་ཤས་སྐར་ཆ་ཁ་ཤས་ཀྱི་ནང་འཇིག་རྟེན་གཞན་དུ་བཞུད་འགྲོ་བ་འདི་ཆེས་ཤིན་ཏུ་ཕངས་པོ་རེད་ཡ།
འོན་ཀྱང་དཔའ་བོ་ཁྱོད་ནི་ས་སྒང་འདིའི་ཐོག་བོད་མི་རིགས་ཀྱི་ཆེད་དུ་ངེས་པར་གསོན་དགོས་ལ། ཁ་བའི་སྐྱབས་མགོན་གྱིས་ཁྱོད་སྐྱོབས། ཁ་བའི་སྲུང་མས་ཁྱོད་སྲུང་། ཁ་བ་ཅན་གྱིས་ཁྱོད་སོམ། ཀི་ཀི་བསཱོ་བསྭོ་བོད་རྒྱལ་ལོ། ཁྱོད་རྒྱལ་ལོ། བདེན་པ་རྒྱལ་ལོ།
སླར་ཡང་དྲ་ལམ་དུ་ཐོན་ཡོད།
དེ་རིང་ནས་སླར་ཡང་ང་རང་བཀག་བསྒྱེལ་ཁང་འདི་ནས་གང་ཞིག་ལ་གཏོང་རེག་བར་དུ་དྲ་རྒྱའི་མཐུན་རྐྱེན་ཡོད་པ་མ་ཟད། གློག་ཀླད་ཀྱང་རང་ཉིད་སྒེར་ལ་དབང་བ་ཞིག་ཡོད། དེ་རིང་བོད་རིགས་སྤུན་ཟླ་འགུ་ལོག་བློ་གྲོས་མཆོག་ནས་ལག་ཁྱེར་གློག་ཀླད་གསར་བ་ཞིག་ཉོས་དེ་ང་རང་ལ་ཞལ་འདེབས་སུ་ཕུལ་བ་མ་ཟད། ཁོ་རང་ཆེད་དུ་བོད་རིགས་སྤུུན་ཟླ་འགའ་དང་མཉམ་དུ་སྐོམ་ཆུ་ཆེས་མི་ཉུང་བ་ཞིག་ཁུར་ནས་བལྟ་རུ་འབྱོར་བ་མ་ཟད། སེམས་ཁོང་རུས་པའི་སྟེང་གི་སྐད་ཆ་ཁ་ཤས་ཤིག་སྐར་ཆ་ཁ་ཤས་ཀྱི་རིང་དུ་གསུངས་དེ་བུད་སོང་
། ཁོང་ཉིད་ཀྱི་གཙོ་བའི་བོད་རིགས་སྤུན་ཟླ་བདག་གི་ཆེད་དུ་སེམས་ཁྲལ་བྱེད་མཁན་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
དཔའ་བོ་ལགས། རྗེས་སུ་ཡི་རངས་ཡོད། ཁྱེད་ཀྱི་ཞི་བའི་འཐབ་རྩོད་ཀྱི་གོམས་སྒྲས་འཛམ་གླིང་གཉིད་ལས་དཀྲོགས་པར་ཤོག །
དཔའ་རྒོད་ལགས
སླར་ཡང་དྲ་ཐོག་ནས་མྱུར་དུ་མཇལ་བའི་
སྨོན་ལམ་དང་ཆབས་ཅིག་
ཁྱེད་ཉིད་ཀྱི་བསམ་དོན་འགྲུབ་པ་དང་
སྐུ་ལུས་བདེ་ཐང་ཡོང་བས་སྨོན་ལམ་འདེབས།
གངས་ཅན་པའི་ཕོ་རྒོད་མ་ཧཱ་གན་དྷེ་གླིང་ཚ་ལགས།
ཁྱེད་ཀྱི་གནས་སྟངས་དེ་རིང་དྲ་ཐོག་ཏུ་མཐོང་བ་ཧ་ཅང་ནས་དགའ་བོ་བྱུང་། འདས་པའི་གངས་ཅན་པའི་ཡུར་གྱར་བ་རྣམས་ཀྱི་མི་ལོ་བཅུ་ཕྲག་བཞི་ལྷག་རིང་གཞུང་སྒེར་མང་པོའི་ཆེ་ས་ནས་གཅེས་པའི་སྐུ་ལུས་མེར་བསྲེགས་ལྷབ་ལྷབ་ཏུ་གཏང་ཞིང་། ཆུང་ས་ནས་ཞི་བའི་སྐད་འབོད་ཙིར་ཙིར་བྱས་པ་སོགས་ལོ་རྒྱུས་ཀྱི་སྐྱོ་གདུང་དང་འབྲེལ་བའི་འཐབ་རྩོད་འདི་ཡིན་ནང་ནས་ད་ལོར་ཕོ་རྒོད་ཁྱེད་ཀྱི་ཆོད་སེམས་བརྟན་པོའི་ཁྱེད་མ་བུ་གསུམ་གྱི་ལག་གདངས་སྦྲེལ་ནས་ཤི་གསོན་མཉམ་དུ་ཡིན་ཞེས་འགྱུར་མེད་ཀྱི་དམ་བཅའ་བརྟན་པོའི་རྒྱབ་ཏུ་ཁྲེས་པོ་ཁུར་ལག་ཏུ་རྒྱལ་དར་རྣམས་བཟུང་ནས་གཤིན་རྗེའི་འཕྲང་ལམ་ནས་དོགས་པའི་རྒྱལ་མཚམས་རྣམས་ཆུ་གླང་གིས་མཚོ་དར་གཤགས་པ་བཞིན་དུ་རྒལ་ནས་ཞི་བའི་གོམས་བགྲོད་འདིས་ངོས་ཀྱི་སེམས་ནང་དུ་ནམ་ཡང་འགྱུར་བ་མེད་པར་སྙིང་སྟོབས་འཕར་མ་ཞིག་སྤྲད་བྱུང་། ཁྱེད་ནི་གངས་ཅན་པའི་ཕོ་རྒོད་ཡིན་ལ། ཁྱེད་ནི་ངོས་ཀྱི་ནམ་ཡང་འགྱུར་བ་མེད་པའི་རྒྱལ་གཅེས་པའི་འཐབ་གྲོགས་ཞིག་ཀྱང་ཡིན། ཉིན་མ་རེ་བཞིན་ཁྱེད་ཀྱི་གནས་ཚུལ་བདེ་སྡུག་སོགས་ལ་རྒྱངས་ལྟ་བྱེད་བཞིན་ཡོད་པས་གོ་སྐབས་ནམ་བྱུང་ལ་ཕོ་རྒོད་ཁྱེད་ཀྱི་གནས་ཚུལ་གང་བྱུང་རྣམས་དྲ་ཐོག་ཏུ་གཏང་རོགས།
གུས་བཀུར་དང་སེམས་ཚོར་གཉིས་ཀ་ཡོད