དགེ་བསྟན།
ངའི་ཨ་ཅག་འདས་རྐྱེན་དངོས་གནས་ག་རེ་ཡིན་པ་ངས་ད་ལྟའི་བར་དུ་ཤེས་མ་བྱུང་ལ། ཕྱིན་ཆད་ཀྱང་ཤེས་ཐུབ་རྒྱུ་མ་རེད། སྤྱི་ལོ་༡༩༨༧ ལོའི་དཔྱིད་ཀའི་ཉིན་ཞིག །ང་རང་ཡུལ་ལ་ཨ་ཕར་བལྟ་རུ་སོང་། ང་རང་འགུལ་གྱིས་འགྲོ་གི་ཡིན་ཞེས་བཤད་པའམ། ཡང་ན་དགེ་རྒན་གྱིས་བཏང་བ་གང་ཡིན་མི་དྲན། གང་ལྟར། ང་རང་ཁྱིམ་ལ་སླེབས་དུས་ཉིན་གུང་ཡོལ་ཙམ་རེད། ཁྱིམ་ན་ཨ་ཕ་ཚ་ཐབ་སྟེང་ན་བསྡད་འདུག་ལ། ཨ་ཕ་དང་མཉམ་དུ་ཨ་ཁུ་དབང་ཆེན་འདུག །ཨ་ཁུ་དབང་ཆེན་གྱིས་ང་ལ་ལྟ་བཞིན་འཛུམ་དང་བཅས་ཏེ། “ཁྱོའི་ཨ་ཕས་ངའི་ཁ་ལ་ཉན་རྒྱུ་མ་རེད། སྒོར་མོ་སྟོང་གཅིག་དགོས་ཀྱི་ཡོད་པ་རེད།” ཟེར། སྐད་ཆ་བཤད་སྟངས་དང་གདོང་གི་རྣམ་འགྱུར་ལས་ཁོང་ཡིད་མ་རངས་པའི་རྣམ་པ་གསལ་བོ་མངོན་འདུག་ལ། འཁང་ར་བྱེན་ཀྱིན་ལོག་ཕེབས་སོང་།
ཨ་ཁུ་དབང་ཆེན་ནི་སྔགས་པ་ཞིག་ཡིན་ཞིང་། ངའི་ཀློག་གི་དགེ་རྒན་ཡིན་ལ། ངེད་ཚང་གི་བླ་མ་ཡང་ཡིན། ལོ་ཚོད་ངའི་ཨ་ཕ་ལས་ཆུང་བ་རེད་མོད། བླ་མར་བརྩིས་པས་དུས་རྒྱུན་ཁོང་གིས་ཅི་གསུང་ལ་ངེད་ཚང་གིས་ཉན་པ་རེད། འོན་ཀྱང་། ད་རེས་ཅི་ཞིག་བྱུང་བ་ཡིན་ནམ། ངའི་ཨ་ཕའི་ངོ་མདངས་མི་བཟང་སྟེ། སྨུག་ནག་ཆགས་པར་མ་ཟད། མིག་སྐྲངས་ཤིང་གདོང་པ་ལུགས་འདུག །ཕལ་ཆེར་དོན་གནད་ཚབས་ཆེན་ཞིག་ལ་ཐུག་ཡོད་པ་ཐག་ཆོད་རེད། ཡིན་ནའང་། ངས་འདྲི་མ་ཕོད།
“བུད་མེད་ཚང་ལ་ཨོང་དོ་མ་གཏོགས་བསམ་རྒྱུ་མེད།” འདི་ནི་ཨ་ཁུ་དབང་ཆེན་སོང་རྗེས་ངའི་ཨ་ཕའི་ཁ་ནས་ཐོན་པའི་ཚིག་ཐོག་མ་དེ་རེད། ཨ་ཕའི་ཁོང་ཁྲོ་ནི་སེམས་ཀྱི་གཏིང་ནས་ལངས་ཡོད་པ་འདྲ། དེ་འདྲ་མིན་ན་ཚིག་བཙོག་པ་འདི་འདྲ་གཏན་ནས་བརྗོད་མི་སྲིད། དེ་བས། ངས་ད་དུང་འདྲི་མ་ཕོད་པར་ཁུ་སིམ་མེར་བསྡད། ངས་ཚོད་དཔག་བྱས་པ་ན། ཕལ་ཆེར་ཨ་ཅག་ག་ཤེད་ཅིག་ལ་མནའ་མར་སོང་ཡོད་པ་དང་། དེ་ལ་ཨ་ཕས་མོས་མཐུན་བྱེད་ཀྱི་མེད་པ་རེད་འདུག
ངེད་ཀྱི་ཕ་ཡུལ་ན་བུ་མོ་མནའ་མར་ཕྱིན་ན། མག་པ་ཚང་གིས་བུ་མོའི་ཁྱིམ་ལ་རྒྱུ་ནོམ་པ་གང་འཚམས་སྤྲད་དགོས་པ་དང་། སྐབས་རེར་ཕ་མས་བུ་མོ་སྟེར་སྙིང་མ་འདོད་ན་སྒོར་མོ་མང་པོ་དགོས་ཟེར་ནས། མག་པ་ཚང་ཨར་ལ་གཏོད་པ་རེད། དེར་བརྟེན། ངའི་ཨ་ཕས་ཨ་ཅག་སྟེར་མ་འདོད་ནས་སྒོར་ཆིག་སྟོང་དགོས་ཞེས་བརྗོད་པ་མིན་ནམ་སྙམ། ས་སྲོད་ལ་སྲིང་ཆུང་མས་སྒོ་ཟོག་རྣམས་དེད་ནས་འོངས་པ་དང་། ཕུ་བོ་དང་ཨ་སྲུ་ཡང་ལས་ཀ་ནས་འོངས། ང་ལ་སུས་བཤད་པ་ད་ལྟ་མི་དྲན་མོད། གང་ལྟར། ངས་ཚོད་དཔག་བྱས་པ་ནོར་མི་འདུག །ཡིན་ནའང་། ཨ་ཕས་སྒོར་སུམ་བརྒྱ་དགོས་ཞེས་བཤད་པ་ལས་ཆིག་སྟོང་དགོས་ཞེས་བརྗོད་མི་འདུག །དེ་ནི་ཨ་ཁུ་དབང་ཆེན་མ་རངས་པར་ཀྱག་ཀྱག་བྱས་ནས་བཤད་པ་རེད་འདུག
སྐབས་དེ་དུས། སྒོར་སུམ་བརྒྱ་ནི་ལས་སླ་བོ་ཞིག་རྩ་བ་ནས་མ་རེད། ཁྱིམ་ཚང་གི་ལོ་གཅིག་གི་ཡོང་འབབ་ཆ་ཚང་བསགས་ན་ད་དུང་སྒོར་བརྒྱ་ལོངས་དཀའ། ད་ལྟ་བསམས་ན། གཅིག་བྱས་ན། སྐབས་དེར་ཨ་ཕས། གནས་ཡུལ་ཚང་གིས་རྒྱུ་དེ་ཙམ་སྟེར་མི་ནུས་པས། ཨ་ཅག་ཕྱིར་བསྐྱལ་འོང་བའི་རེ་བ་བྱས་ཡོད་ནའང་ཐང་། འོན་ཀྱང་། བྱ་བཞག་ཐམས་ཅད་ང་ཚོའི་རེ་བ་དང་བསམ་ཚོད་ལྟར་འོང་ཁག་པོ་རེད།
ཨ་ཕ་ཞེ་གཏིང་ནས་ཁོང་ཁྲོ་ལངས་ཤིང་ཡིད་ཐང་ཆད་འདུག། ཨ་མ་གྲོངས་ནས་ལོ་གཅིག་དང་ཟླ་བ་ཁ་ཤས་ལས་ཕྱིན་མེད་ཅིང་། ཨ་མ་གྲོངས་རྗེས་ཨ་ཕའི་གདོང་གཤིས་སྔོན་མ་དང་མི་འདྲ་བར་གྱུར་ནས། སྔར་ལྟར་གྱི་འཛུམ་མདངས་མཐོང་དཀོན་པར་གྱུར། ད་ལྟ་དེ་བས་ཀྱང་མི་སྡུག་པ་ལྟ་མི་བཟོད་པ་ཞིག་ཆགས་འདུག
ཨ་ཅག་རང་དབང་རང་འཐད་ཀྱི་སྒོ་ནས། ཕོ་གསར་ཞིག་གི་མནའ་མར་སོང་འདུག་ལ། དེ་ཡང་ནང་མི་སུ་ལ་ཡང་མ་ལབ་པར་གསང་སྟབས་ཀྱི་སྒོ་ནས་བྲོས་ནས་སོང་འདུག །དེ་ནི་སྐབས་དེར་དར་སོ་ཆེ་བའི་བུ་མོ་མནའ་མར་འགྲོ་ལུགས་རེད། གནའ་སྔ་མོ་ཡིན་ན། མག་པ་ཚང་གིས་བར་པ་ཞེས་མི་གཞན་ཞིག་མངགས་ནས། བུ་མོའི་ཕ་མ་ལ་བུ་མོ་དེ་སློང་དགོས་ཤིང་། ཕ་མས་མོས་མཐུན་བྱས་ཚེ། གཞི་ནས་ཉི་བཟང་སྐར་བཟང་ཞིག་ལ་བུ་མོ་དེ་ཉེ་འབྲེལ་སྐོར་ཞིག་གིས་བསྐྱལ་ནས་འགྲོ་བ་རེད། འོན་ཀྱང་། ངེད་ཚོའི་ཕ་ཡུལ་གྱི་རང་མོས་གཉེན་སྒྲིག་ནི་དེ་ལས་ལྡོག་སྟེ། ཐོག་མར་བུ་མོ་ཁུ་སིམ་མེར་བྲོས་འགྲོ་བ་དང་། དེ་རྗེས་གཞི་ནས་བར་པས་སློང་ཆང་འཁྱེར་ཡོང་ནས་སློང་ཁུལ་བྱེད་པ་སྟེ། གནའ་དེང་གཉིས་ཀའི་ཆ་ཡོད་པའི་གཉེན་སྒྲིག་བྱེད་ཚུལ་ཞིག་རེད། ངའི་ཨ་ཅག་མནའ་མར་སོང་ནས་ཟླ་བ་གཉིས་ལྷག་ཕྱིན་འདུག །ཨ་ཕ་རླུང་ལངས་ནས་ཟླ་གཉིས་ཕྱིན་པ་ཡང་བཤད་ག་ལ་དགོས། དེས་ན། ཨ་ཕས་ག་རེ་བྱས་ནས་མོས་མཐུན་བྱེད་ཀྱི་ཡོད་པ་མ་རེད་ཅེ་ན། དེའི་ལན་ནི་ཐུང་ཐུང་ཞིག་རེད། “ཁོ་ཚང་གི་རུས་མི་གཙང་།” ཚིག་ཐུང་ཐུང་འདི་ནི་དྲི་བའི་ལན་ཆ་ཚང་རེད། རུས་མི་གཙང་ཞེས་པ་ནི། བསེ་དྲི་ཁ་བའི་དོན་རེད། དོན་ངོ་མར་ངའི་ཨ་ཅག་མནའ་མར་འགྲོ་ས་དེ་བ་ཚང་ལ་དྲི་མ་སྣ་ལ་གཟན་པ་དེ་འདྲ་མེད་པ་རེད་ཟེར། འོན་ཀྱང་། རུས་མི་གཙང་བའི་བཤད་རྒྱུན་ཞིག་ཡོད་པས། ཨ་ཅག་གི་ཕྱོགས་བཟུང་ནས་ཨ་ཕར་ཁ་ཏ་བསླབ་བྱ་རྒྱག་མཁན་མེད་པ་འདྲ། ཉེ་འབྲེལ་ཚང་མ་ཨ་ཕའི་ཕྱོགས་སུ་ལང་ཡོད་པ་རེད།
མག་པ་ཚང་གིས་བར་པ་རབས་དང་རིམ་པ་བཏང་རུང་། ཨ་ཕས་སུའི་ཁ་ལ་ཡང་མ་ཉན་པས། ཨ་ཁུ་དབང་ཆེན་ནི་ཁོ་ཚང་གིས་རེ་བ་ཆེན་པོ་བྱས་ནས་བཏང་བ་ཡིན་འདུག །ཡིན་ནའང་། ངའི་ཨ་ཕ་ནི་དེ་འདྲའི་གཤིས་གྱོང་ཞིག་རེད། སྤྱིར་ཡིན་ན། ཨ་ཕས་ཨ་ཁུ་དབང་ཆེན་གྱི་ཁ་ལ་མི་ཉན་པ་མི་སྲིད་ཀྱང་། རེབ་དེར་ཨ་ཕའི་བསམ་ཚུལ་རྦད་དེ་ཁ་ཁ་རེད། “བླ་མ་བླ་མའི་ས་རུ་མ་བསྡད་པར། དགོས་མི་དགོས་ཀུན་ལ་ཐེ་ཇུས་བྱས་ནས་་་་་”ཟེར།
ལོ་བཅུ་བཞི་ཧྲིལ་བོ་མ་ལོན་པའི་ང་ལ་མཚོན་ན། དཀའ་ངལ་དེ་ལྟ་བུ་ཞིག་བསལ་ཐུབ་པའི་ནུས་པ་ག་ལ་ཡོད། གལ་ཏེ། གོད་ཆག་དེ་ལོ་བཅུའི་རྗེས་ལ་བྱུང་བའི་དབང་དུ་བཏང་རུང་། ང་ཨ་ཕའི་རྒྱབ་རྩར་ལང་ངེས་རེད། ངའི་ལངས་ཕྱོགས་ནི་ཕ་མ་དྲིན་ཆེན་ཡིན་པས། བུ་ཕྲུག་སུས་ཀྱང་ཕ་མའི་ཁ་ལ་ཉན་པོ་བྱ་དགོས། ཨ་ཅག་གིས་ཨ་ཕའི་ཁ་ལ་མ་ཉན་པ་ཡིན་པས། མོ་ལ་རྣམ་འགྱུར་ཞིག་བསྟན་དགོས། རྣམ་འགྱུར་ག་རེ་བསྟན་གྱི་ཡིན་ནམ། ‘ངས་མོ་ལ་ཁ་མི་གྲག’ མོ་ནི་ང་ལ་ཨ་ཅག་གཉིས་ཡོད་པའི་ནང་གི་གཞོན་པ་དེ་ཡིན་ལ། ཆུང་དུས་ནས་འདྲིས་ཆ་ཧ་ཅང་ཆེ་བའི་སྤུན་མཆེད་དེ་ཡང་ཡིན། མོ་ང་ལ་བརྩེ་འདང་ཆེ་ཞིང་། ང་ཡང་མོ་ལ་ཤིན་ཏུ་དུང་། སྟོན་ཀ་དགོན་པར་ཆོས་ཐོག་མེད་པས། གྲྭ་ཕྲུག་ཕལ་ཆེ་བ་རང་ཁྱིམ་ལ་སོང་ནས་ཕ་མ་དང་ལྷན་དུ་སྡོད་ཅིང་། སྐབས་དེར་ང་རང་ཆེས་དགའ་ས་ནི་ཨ་ཅག་ཞིང་ཁ་རུ་ཡོད་དུས། མོ་ལ་ཕྱི་ཇ་འཁྱེར་ནས་འགྲོ་རྒྱུ་དེ་ཡིན། ཉིན་གུང་དང་དགོང་མོའི་ཁ་ལག་གི་བར་དུ་ཟ་མ་ཞིག་ཟ་བ་དེ་ལ་ངེད་ཚོས་ཕྱི་ཇ་ཟེར། ངས་མོ་ལ་ཕྱི་ཇ་འཁྱེར་ནས་འགྲོ་དུས། མོས་བཅོས་མ་མ་ཡིན་པའི་འཛུམ་དང་བཅས་ཏེ་ང་ལ་བསུ་བ་བྱེད་ཅིང་། དེས་ངའི་སེམས་ལ་སྤྲོ་སྣང་མཐའ་མེད་པ་བསྐྱེད་པར་བྱེད། འོན་ཀྱང་། ༡༩༨༦ ལོའི་སྟོན་ཀ་ནི་ངས་མོ་ལ་ཕྱི་ཇ་བསྐྱལ་བའི་དུས་ཚོད་ཆེས་མཐའ་མ་དེ་ཆགས་པ་རེད།
ནམ་རྒྱུན་གྲྭ་ཕྲུག་རྣམས་ཁྱིམ་ལ་འོངས་ནས་ཉིན་འགར་བསྡད་དེ་ཕྱིར་དགོན་པར་འགྲོ་ལ། དེ་དུས་ནང་མི་ཞིག་གིས་བསྐྱལ་ནས་འགྲོ་བ་རེད། ང་དགོན་པར་ཞུགས་དུས་ཨ་མ་ནད་མནར་གྱིས་ཉལ་སར་ལྷུང་ཡོད་པས། ཨ་མས་ང་དགོན་པ་རུ་ཇི་ལྟར་བསྡད་ཡོད་པ་མིག་གིས་གཏན་ནས་མཐོང་མྱོང་ཡོད་པ་མ་རེད། གྲྭ་ཕྲུག་གཞན་རྣམས་ཨ་མས་བསྐྱལ་ནས་འགྲོ་བ་མཐོང་དུས། ཨ་ཅག་གིས་སྐྱོ་ཉམས་ཆེན་པོའི་སྒོ་ནས་“ཁོ་ཚོ་ནང་བཞིན། ཁྱོད་ལའང་བསྐྱལ་ནས་འགྲོ་བའི་ཨ་མ་ཞིག་ཡོད་ན་ཅི་མ་རུང་།” ཞེས་བརྗོད་ཅིང་མིག་མཐར་མཆི་མ་འཁོར། ཡིན་ནའང་། སྐབས་དེར་ངས་ཨ་ཅག་གི་སེམས་ཚོར་ཆ་ཚང་བ་རྟོགས་ཐུབ་མེད།
(མུ་འགོད།)
ཐུགས་རྗེ་ཆེ། ཧ་ཅང་ཡག་པོ་བྲིས་འདུག ཚན་པ་རྗེས་མ་དེ་བསྒུགས་སྡོད་རྒྱུ་ཡིན།
ནིའུ་ཡོརྐ་བོད་པས། ཞབས་འདྲེན་ཞུས་པ།
https://www.facebook.com/119306658803462/videos/267346587332801/?hc_ref=ARTmFQd3v5N1a07DtOMLvOtfT-iTFZp_YYOZHmhDZ-A6QHv8O0UeKPKEnvKF3_Yvn0k
ནར་ནར་ལྕེ་ལ་བདག་པོ་མེད་ན། རིལ་རིལ་དབུ་ལ་འོ་བརླྱལ་འོངས་ཞེས། ཟེར་སྲོལ་མེད་དམ། ལགས།
http://tibettimes.net/2018/07/09/170553/
ནིའུ་ཡོརྐ་གི་དུས་དྲན། སངས་དུས་མེད་པའི་འགྱོད་གདུང་།
https://www.facebook.com/119306658803462/videos/267346587332801/?hc_ref=ARTmFQd3v5N1a07DtOMLvOtfT-iTFZp_YYOZHmhDZ-A6QHv8O0UeKPKEnvKF3_Yvn0k
་
http://tibettimes.net/2018/07/09/170553/
་
https://www.facebook.com/tcobain1/videos/1688931474535531/UzpfSTEwMDAwMjU2MDgzNzEwOToxNjg4OTMyMDU0NTM1NDcz/
སྤྱི་འཐུས་བསྟན་པ་མར་འཕེལ་དང་། ལྷ་ཏྒྱ་རིའ་བུ་མོ་གཉིས་ལ་བཞེས་ལག། ཚ་བོ་ཚ་བོ་ཞིག་ཕུལ་འདུག་པས། དེ་ཡང་བཞེས་རོགས་གནོང་སདང་།
https://www.facebook.com/119306658803462/videos/270652707002189/
ས་སྐྱོང་རིན་པོ་ཆེའི་སངས་དུས་མེད་པའི་འགྱོད་གདུང་ལ་ལན་ཅིག་ཀློགས་དང་།
་
https://www.thestar.com/news/canada/2018/07/09/halifax-buddhist-leader-steps-aside-amid-sexual-misconduct-allegations.html