རྫ་ཚེ་རིང་བཀྲ་ཤིས།
༼ལོ་ངོ་བཅུ་བདུན་རྗེས་ཀྱི་ཁར་རྩང་།༽
ཁར་རྩང་ཁར་ཉིན་སྤྱིར་བཏང་བཤད་ན། རང་ཉིད་ལུས་སེམས་ངལ་དུབ་ཀྱིས་མནོན་པའི་དུས་ཚོད་ཅིག་ཡིན། རྒྱལ་ས་ལྡི་ལིའི་དྲོད་ཚད་ཏུའུ་བཞི་བཅུ་ཞེ་གཉིས་ལ་སླེབས་པའི་ཚད་གདུགས་ནི་དེ་བས་ཀྱང་ཧ་ཅང་མ་གོམ་པ་ཞིག་རེད། འོན་ཀྱང་། སྐྱོ་གདུང་དང་ངལ་དུབ་ཀྱི་ཁྲོད་དུའམ། ལས་བྲེལ་དང་རྣམ་གཡེངས་ཀྱི་གསེབ་ནས་སམ། ངལ་གསོ་དང་བག་ཡངས་ཀྱི་ཀློང་གང་ནས་ཀྱང་ཕྲིན་ཕྲན་ནི་ང་དང་ཆེས་ཉེ་ས་ཞིག་ན་ཡོད། འདིས་ངའི་འཚོ་བ་དང་ལས་དོན་གྱི་མི་ཚེའི་ཁྲོད་དུ་ཆ་ཤས་ཧ་ཅང་མང་པོ་ལེན་བཞིན་ཡོད། ཅིག་བྱས་ན་འདི་ནི་ཁར་རྩང་དེ་རིང་། འཚམས་གླིང་བརྡ་འཕྲིན་མ་ལག་གི་ཁྱབ་ཁོངས་སུ་གོ་གནས་མཐོ་ཤོས་ཨང་གཉིས་པ་ཙམ་ཟིན་པའི་ཕྲིན་ཕྲན་འཛད་སྤྱོད་པ་སྤྱིའི་ཐུན་མོང་གི་སྣང་ཚུལ་ཙམ་ཡིན་སྲིད།
ཁར་རྩང་ཕྱི་དྲོ་དུས་རྒྱུན་ལྟར་སྐད་འཕྲིན་གྱི་ཚོགས་པ་གསར་པ་ཞིག་གི་ནང་དུ་བཅུག་འདུག ལ་མིང་ལ་རྗེས་དྲན་གླེང་ཞེས་བྲིས་འདུག ནང་དོན་ལ་དོ་སྣང་གང་ཡང་མ་བྱས་པར་ཕྱིར་ཐོན་པ་ཡིན། ཅུང་མ་འགོར་བར་ཡང་བསྐྱར་བསྣན་བྱུང་། རྗེས་ནས་ཚོགས་པ་དེ་ནི་བདག་གི་རྩ་བའི་བླ་མ་སྙིགས་དུས་ཀྱི་མི་ལ་གཉིས་པ་མཁན་ཆེན་པདྨ་ཆོས་དབྱིངས་ཁྱབ་བརྡལ་གྱི་སློབ་མ་དང་སློབ་བརྒྱུད་ཐུན་མོང་གིས་ཆེད་དུ་མཁན་ཆེན་མཆོག་སྐུ་མྱ་ངན་ལས་འདས་པའི་རྗེས་དྲན་དུས་མཆོད་ཀྱི་དངོས་གཞི་བརྩི་སྲུང་གི་བྱེ་བྲག་ཏུ་དམིགསཏེ་བཙུགས་གནང་བའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་པ་ཧ་གོ་སོང་། དེ་མ་ཐག་ང་ཚོས་བསམ་ཚུལ་གཅིག་མཐུན་བྱུང་བ་ལྟར་གླེང་སྟེགས་ཀྱི་མིང་། ཆོས་དབྱིངས་ཁྱབ་བརྡལ་རྗེས་དྲན་གླིང་དུ་བརྗེ་བསྒྱུར་གྱིས་ཕན་ཚུན་སེམས་ཀྱི་གཏིང་ནས་བཀའ་མོལ་འཆད་རེས་ཞུས། ངས་ཚོགས་ཐོག་ཏུ་ངས། ངའི་མིང་ལ་རྫ་ཆུ་ཁའི་ལག་རིང་ཟེར། ངའི་དགོན་པ་དྲེལ་དཀར་དགོན་པ་ཡིན་སོགས་རང་ཉིད་ངོ་སྤྲོད་སྟབས་བདེ་ཞིག་བྱས།
དེ་ལྟར་བྱ་དོན་ནི། ཆོས་གྲོགས་མང་པོ་ཞིག་གིས་འཕྲིན་ཕྲན་གྱི་ཐོག་ཏུ་མིང་ཚབ་དང་ཕྱེད་པར་ཚབ་བེད་སྤྱོད་བྱས་པ་ལས་དངོས་མིང་དང་དངོས་པར་བེད་སྤྱོད་གནང་མེད་པས་དངོས་སུ་ཞལ་ཚོར་དཀའ་བ་དང་། ཞལ་མ་ཚོར་ན་མི་ལོ་ཉི་ཤུའི་ཡར་སྔོན་གྱི་ཐུན་མོང་གི་འཚོ་བ་ལ་ལབ་གླེང་བྱེད་པའི་གཅིག་གྱུར་གྱི་བརྗོད་གཞི་དེ་ཅུང་རྙེད་དཀའ་བར་བསམ་པ་ཡིན། མ་གཞི་བླ་རྗེས་དྲན་བྱེད་པའང་ང་ལྟ་བུ་དབང་པོ་དམན་པ་སྤྱིར་བཏང་བ་རྣམས་ལ་མཚོན་བརྩེ་དུང་དང་དྲན་སྣང་གི་བག་ཆགས་བཟང་པོ་དག་ཕྱིར་དྲན་བྱེད་པ་ཞིག་ཡིན་པ་འདྲ། དེའི་ཕྱིར་ངས་འོག་ཏུ་འདས་སོང་གི་མྱོང་བྱང་འགའ་ཞིག་ཕྱིར་དྲན་བྱས་ན་བསམ། མ་གཞི་ལག་རིང་ནི་སྐབས་དེའི་ངའི་བཏགས་མིང་ཡིན་ཞིང་། དེ་ཡང་བླ་མས་ཞལ་བཀྱལ་གྱི་ཚུལ་དུ་གནང་བའི་བཏགས་མིང་ཡིན། ཁྱི་རྒན་དཔལ་སྤྲུལ་གྱི་གསང་མཚན་དུ་གོ་བ་བླངས་པ་ལྟར་ན་ངའི་གསང་མཚན་ཡང་ཡིན་ཆོག
བླ་མས་ནམ་རྒྱུན་ཆོས་ཁྲིའི་ཁ་ནས། བཀའ་བཀྱོན་དང་བསྟོད་བསྔགས། ཀུ་རེ་དང་ཞལ་རྩེད་གང་གནང་ཡང་གྲྭ་མང་གི་དབུས་ནས་ཀྱང་འདི་རང་གིས་ཕྲན་ལ་འབོད་གནང་བ་ཡིན་སྟབས། ངའི་མིང་མི་ཤེས་པ་མང་པོ་ཞིག་གིས་ཀྱང་། རྫ ཆུ་ཁའི་ལག་རིང་ལབ་ན་ཤེས་ཀྱི་ཡོད། ཕྲིན་ཕྲན་དུ་ཕྲན་གྱིས་སྐད་ཆ་བཤད་ཚར་བ་དང་། བླ་མས་ཨ་རིག་རྫའི་དབུ་མཛད་སྐད་ཆེན་མ་ཞེས་འབོད་གནང་མཛད་མྱོང་བའི་མཁན་པོ་འཇིགས་མེད་རྡོ་རྗེ་དང་། དབང་ལྡན་ཞི་དང་ནོར་དགའི་ཞི་ལི་(ཚེ་བཀྲ)སེམས་མེའི་ཞི་ལི་(དགེ་དཔལ)ཞེས་ང་ཚོའི་ཕན་ཚུན་གཅིག་གིས་གཅིག་ལ་འདོག་མྱོང་བའི་དབང་ལྡན་ཞི་ལུ་གསུམ་གྱི་ནང་གསེས། ད་ལྟ་བླ་མའི་གདན་སར་འཆད་ཁྲིད་ཀྱི་ཐུག་མགན་བཞེས་བཞིན་པའི་ངེས་པ་དོན་གྱི་ཆོས་སྨྲ་བ་མཁན་པོ་ཚུལ་ཁྲིམས་རྣམ་དག་གམ་ཡེ་ཤེས་དོན་རྟོགས་ཀྱི་ཚ་བུ་སྐྱོན་ཐར། དེ་བཞིན་ཧོར་ཤུལ་དཀར་དྲིས་དང་། དགེ་གུང་པདྨ་འགྱུར་མེད། དབལ་ཤུལ་འབྲུག་རྒྱམ། མཁན་པོ་གྲགས་པ་ཡེ་ཤེས་སོགས་གཅིག་རྗེས་གཉིས་མཐུད་དུ་མཉམ་ཞུགས་བྱས་བྱུང་། ཁོང་ཚོའི་དོ་ནུབ་ཀྱི་བཀའ་མོལ་དག་ནི་སྤྱིར་བཏང་གླེང་ཚོམས་དག་གི་ཀུ་ཅོ་དང་མི་འདྲ་བར་ཧ་ཅང་ཚོར་བ་ཡོད་པ་དང་། སྙིང་ཉེ་བ། དམིགས་བསལ་གྱི་དགའ་སྐྱོའི་དུང་སྣང་ལྷང་ངེ་བ་ཞིག་ཏུ་སྣང་ཞིང་། མི་ལོ་ཉི་ཤུའི་རྗེས་ཀྱི་དེ་རིང་སླར་ཡང་། སྐུ་དངོས་སུ་མ་མཇལ་ཡང་། ཤར་ནུབ་ཀྱི་གླིང་ཕྲན་མི་འདྲ་བའི་ཁམས་ནས་དགའ་སྐྱོ་འདྲེས་པའི་གླེང་མོལ་མཉམ་དུ་བྱེད་ཐུབ་པར་ཡ་མཚན་དངོས་བྱུང་ལྟ་བུའི་བརྗོད་དཀའ་བའི་ཚོར་བ་མནོན་དཀའ་བ་ཡང་སེར་བྱུང་།
༼ཕྱིར་དྲན་ཁྲོད་ཀྱི་ལུ་མདོ།༽
གླེང་མོལ་གྱི་ཁྲོད་ནས་ང་ལ་ཐོག་མར་སྐབས་དེའི་ལུ་མདོའི་སའི་ཆགས་དབྱིབས་ནས་ལུ་མདོ་ནས་ཧོར་ཤུལ་ཡུལ་ཚོའི་ལྟེ་གནས་བར་གྱི་ཕག་གསོ་ར་བ་དང་། ཡུལ་མིའི་ཁང་པ་ཐར་ཐོར། སྲིད་གཞུང་གི་ལས་ཁུང་དང་སྒེར་གཉེར་གྱི་ཚོང་ཁང་། ད་དུང་གསེར་ཆུའི་ཟམ་པ་ནས་ཧོར་ཤུལ་དགོན་པ། རིའི་རུག་རི་ཁྲོད་ནས་འཇམ་དབྱངས་སྒྲུབ་ཕུག་གི་བར་གྱི་སའི་ཆགས་དབྱིབས་དང་ཡུལ་གྱི་ལྗོངས་བཀོད། ཡུལ་མིའི་འཚོ་བ་ནས་རང་སྒེར་གྱི་མྱོང་བྱང་ཕྲ་རགས་མཐའ་དག་རེ་རེ་ནས་བློ་ངོགས་སུ་འཆར་མགོ་བརྩམས་ཤིང་། ཁྱད་པར་རང་ཉིད་ཧ་ཅང་གྲང་ངལ་ཆེ་ལ་ཁ་བ་ཡང་བབས་ཡོད་པའི་དགུན་ཨ་ཚ་རྡོ་བཀད་ཀྱི་ཉི་མ་ཞིག་ལ། ཁ་ཟས་མེད་རྒྱབ་གོས་མེད། རུམ་གྲོ་མེད། རོགས་ཟླ་མེད་དུ་ལུ་མདོ་ཞེས་པའི་གདན་ས་དེར་སླེབས་པའི་ཉིན་མོ་ནས་ བླ་མ་རིན་པོ་ཆེས་དུས་དང་དུས་སུ་གནང་བའི་རྩམ་ཕྱུར་གྱི་གསོལ་རས་དང་། ད་དུང་། ཡེ་ཤེས་དོན་རྟོགས་ཀྱི་ཟ་ལྷག་དང་། འཇིགས་མེད་རྡོ་རྗེའི་གོས་གོ་ལྷག ཨ་ཁུ་བྱམས་མགོན་གྱི་ཞོ་སྐལ་ཐུད་སྐལ། ད་དུང་ཧྥང་ཞོའི་མེན་ཚང་ལ་ནང་དགོང་ཨ་མཆོད་བྱས་པའི་ཡོང་འབབ། བླ་མ་རིན་པོ་ཆེས་མཐུ་ཆེན་བརྒྱུད་ནས་འཆར་ཅན་གནང་བའི་ཚེས་བཅུ་ཉེར་ལྔའི་ཚོགས་འཁོར་སྐབས་ང་དང་། བཀྲ་ལེགས་ཞུ་སྡེས། ཨ་ཁུ་རིག་ཆོས། སྤྲུལ་སྐུ་སྐྱེ་སྔ། མཁན་པོ་ཤེས་བྱ་སོགས་ཤ་མེད་ཟ་མཁན་ཁག་ཅིག་ལ་ལོགས་སུ་བཙོས་པའི་འབྲས་བཙོས་མ་ཧ་ཡང་གང་པོའི་ལྷག་མ་དང་མར་བཅས་ལ་འཚོ་རྟེན་བྱས་ནས་ མཁན་ཆེན་བླ་མ་རིན་པོ་ཆེ་ཆོས་དབྱིངས་ཁྱབ་བརྡལ་དང་། ཨ་ཁུ་ཤེས་རབ་བཀའ་དྲིན་ཅན། མཁན་པོ་ཟླ་དབང་དང་མཁན་པོ་ཀུན་བཟང་བསྟན་འཛིན་སོགས་བླ་མ་དང་བླའི་ཐུགས་སྲས་བུ་ཆེན་དག་གི་མདུན་ནས་མི་ལོ་དེ་སྙེད་ཅིག་ལ་ཡ་གི་རྫོགས་པ་ཆེན་པོ་ནས་མ་གི་ཐུན་མོང་ཐེག་པའི་བར་གྱི་ཆོས་ཚུལ་གང་མང་ཞིག་ལ་ཐོས་བསམ་གྱི་བག་ཆགས་བཞག་པ། ལུ་ཁོག་ནས་འབུད་ཤིང་འཐུས་པ། ལུ་མདའ་ནས་དབྱར་སྐྱིད་བཏང་བ་སོགས་ཁྲི་གེར་དྲན་ཅིང་སེམས་ངོགས་སུ་ལྷང་ངེ་ལྷན་ནེ་ལྷམ་མེར་ཤར།
༼བླ་མ་ཐོག་མར་མཇལ་བ།༽
ཁྱད་པར་ང་ལུ་མདོར་སླེབས་པའི་ཉིན་དེར། ཉིན་གུང་ཆུ་ཚོད་བཅུ་གཉིས་མ་ཟིན་ཙམ་ཡིན་ཞིང་། གྲྭ་པ་རྣམས་རེ་རེ་ནས་བླ་མའི་ཉེ་མ་རང་ནས། གཟིམ་ས་ཨེ་བདེ་ཞེས་ཁམས་བདེ་ཞུ་ཞོར་འགའ་རེ་ཆོས་རའི་ནང་དུ་མོས་ལ་མ་མོས་འདྲ་ཞིག་བྱས་ནས་འཛུལ་གྱིན་འདུག་ཅིང་། འགའ་རེར་བླ་མས། བདེ་་་་་་་ལེ་ལོག་་་ཇ་གང་མཐུང་ཞེས་རྣམ་འགྱུར་ཡེ་མེད་པའི་བཀའ་ལན་དེ་ཐོབ་པ་དང་ས་ཁར་ལྷབ་སེར་གོ་རིམ་མེད་པར་བསྡོད་ཅིང་། མདུན་ནས་གྲྭ་པ་ཞིག་གིས་ཕོར་ཆུང་རེ་རེ་བཞིན་འོ་ཇ་ཚ་བོ་གང་རེ་གང་རེ་བྱས་ནས་བླུགས་ཤིང་གཏོད་པ་དང་། སྡེར་མའི་ནང་གི་ཞུན་ལིང་དང་ཤ་ལིང་དུམ་བུ་དེ་དག་ཀྱང་གང་ཟིན་རེ་གནང་གིན་འདུག རྗེས་སོར་ལྟ་དུས་དེ་དུས་ཇ་བླུག་མཁན་དེ་སྟོང་ཆུང་ངམ་གྲུབ་ཐོབ་རེད། ད་ནངས་ཞོགས་པ་སྦོ་མདའ་ནས་ཡོང་སྟེ། ནངས་ཆུ་ཁ་ལ་མ་རེག་པའི་ང་ལ་མཚོན་ན་ཇ་དེ་ནི་འཆི་སོས་ཀྱི་སྨན་རེད་ལ། བླ་མ་དང་ཞལ་ཐོག་མར་མཇལ་སྐབས་ཀྱི་ཇ་སྐལ་དང་ཐུད་སྐལ་དེར་རྟེན་འབྲེལ་གྱི་གནད་བཟང་པོ་ཡོད་པ་དེ་ཡང་སེམས་ལ་འཁོར་བྱུང་བས་གང་གནང་བ་དེ་ཟོས་པ་ཡིན།
ང་དེ་དུས་ནས་ཧོབ་(ཧམ་པ)ཆེ་ཙམ་ཡོད་པས་ཟུར་གྱི་དཔེ་ར་ཁུར་མཁན་ཞིག་གི་དཔེ་ཆར་བལྟ་ཙམ་བྱས་དེ་རིང་གསུང་བཞིན་པའི་གསུང་ཆོས་ཀྱི་མིང་དྲིས་པས་ཐེག་ཆེན་ཚུལ་འཇུག་ཟེར་བ་ཞིག་རེད་འདུག འོན་ཀྱང་དེ་ནི་གོ་ཙམ་ཡང་མ་མྱོང་བའི་གཞུང་ཞིག་རེད། བླ་མར་ཞལ་ཕྱོགས་ནས་རང་ཉིད་བླ་མའི་མདུན་དུ་ཡོང་བའི་རྒྱུ་མཚན་ཞུས་ཤིང་། དེ་རིང་ནས་བཀའ་ཆོས་ཐད་ཀར་ཞུས་ན་འགྲིག་གི་རེད་དམ་དྲིས་པར། ཧ་ཅང་འབེན་ལ་མ་འབེན་པ་ལྟ་བུའི་རྣམ་འགྱུར་ཞིག་གིས། འདུག་ཁུལ་གྱིས། ཞེས་པའི་བཀའ་ལན་འདི་གནང་བྱུང་། ཡང་། མདུན་གྱི་གྲྭ་པ་གཞན་ཞིག་ལ་ཞལ་གཟིགས་ཏེ། རྫ་ཆུ་ཁའི་གྲྭ་པ་འདིས། བསམ་བློ་མ་བཏང་གི་སྐད་ཆ། དམིགས་པ་མ་བཟུང་གི་ཕཊ་ཤད་མིན་ན་ཡག་གི ཞེས་གསུངས་པ་དེ་ད་ལྟའང་དྲན་གི སྐབས་དེར་ཁོང་གི་བཀའ་གནང་ས་དེ་དུས་ཕྱིས་ལྟ་དུས་སྤྲུལ་སྐུ་བདེ་གསལ་རེད་འདུག
ཡེ་ཤེས་དོན་རྟོགས་ཀྱིས་ལོ་སྔོན་མར་རྫ་ཆུ་ཁའི་རྟ་རྒྱུག་ཚར་རྗེས་རླངས་འཁོར་གཅིག་གི་ཁ་ཤིང་ཐོག་བསྡད་ནས་ཆུ་ཚོད་ཁ་ཤས་རིང་མཉམ་དུ་ཡོང་མྱོང་འདུག་པ་དེ་དྲན་པ་སོས་སོང་། བླ་མའི་མདུན་དེ་ཀ་ནས་ལམ་སེང་ངོ་ཤེས་པའི་མི་ཞིག་དང་འཕྲད་པ་ནི་ཧ་ཅང་ཡ་མཚན་ཞིག་རེད། བླ་མས་ཀྱང་དེ་ཀ་རང་ནས། ཡེ་ཤེས་དོན་རྟོགས་ཀྱིས་ང་ལ་རོགས་པ་གང་ཐུབ་བྱེད་དགོས་པའི་བཀའ་གནང་སོང་། བླ་མས་ཆོས་ཁྲིད་དབུ་བཙུགས་ཤིང་། ང་ཡང་ཚོགས་གྲལ་དུ་བསྡད། ཆོས་ཁྲིད་ཆུ་ཚོད་གསུམ་རིང་ལ་མུ་མཐུད་དེ་གསུངས་ཤིང་། ཉིན་དེའི་ཆོས་ཆོས་མཚམས་ནི་ཤེས་བཞིན་ཆེན་པོའི་སྣོད་ཀྱིས་བཟུང་ནས་བཏང་ཆེན་ཆེན་པོའི་ངང་ལ་འཇོག་པ་ཞེས་པའི་སྐབས་སུ་ཁེལ་འདུག འཇམ་དཔལ་མ་ཡིན་རྡུལ་ཙམ་གཡོ་བ་དེ་ཉིད་དེར་ཡིན་དེར་མི་གནས། སོགས་ཁྱུང་ཆེན་ལྡིང་བ་དང་། ནམ་མཁའ་ཆེ་སོགས་ཀྱི་ལུང་མང་པོ་ཞིག་དྲངས་ཡོད་ས་ཞིག་ཡིན་པ་དྲན། བླ་མ་རིན་པོ་ཆེས་ཁོང་གིས་ནམ་མཁའ་ལྟ་བུའི་དགོངས་སྤྱོད་དེ་དག་རེ་རེ་བཞིན་རྒྱས་འགྲེལ་དང་ཟབ་འགྲེལ་གནང་ཞིང་།
བར་སྐབས་ཤིག་ལ་སྤྱན་ནམ་མཁའ་ལ་གཟིགས་བཞིན། ཁྱེད་ཀྱིས་ཡིག་ཐོག་ན་འདི་འདྲའི་ཡག་པོ་ཞིག་བཤད་ནས་འདུག་སྟེ། དེང་སང་འདི་ན་དེ་བཞིན་ཉམས་སུ་ལེན་མཁན་ནི་སུ་གཅིག་ཀྱང་མི་འདུག་ཅེས་སྐད་ཤུགས་ཆེན་པོས་ ཨའེ་་་རོང་ཟོམ་་་ཞེས་ལན་གཉིས་གསུམ་ཞིག་བོས་གནང་སོང་། ཡུད་ཙམ་རིང་ཚོགས་ཁང་ཧྲིལ་པོ་དལ་ཅག་གེར་གྱུར་ཅིང་། ཅུང་ཙམ་རྗེས་བླ་མས་ཞལ་འཛུམ་ཙམ་གྱིས། ལན་སྟེར་མཁན་འདྲ་སུ་མི་འདུག་གམ། ཞེས་གསུངས་རྗེས་མུ་མཐུད་བཀའ་ཆོས་གནང་། སྐབས་རེར་ཞལ་རྩེད་དང་ཀུ་རེ་གནང་བས་ཚོགས་ཁང་ཧྲིལ་པོ་འུར་ཆི་ལེར་བཏང་ཞིང་། བླ་མ་རིན་པོ་ཆེ་ཉིད་ཀྱང་གཅིག་མཚུངས་སུ་བཞད། སྐབས་རེར་ཞལ་ངོ་མནག་སྟེ། བཀའ་བཀྱོན་དང་སྦྲགས་བསླབ་བྱ་གནང་བ་དང་། ཡང་སྐབས་འགར་ཚིག་དོན་མཐའ་དག་ལ་བཟབ་པ་ལྷུར་ལེན་པས་འབྲི་རེ་རེ་ནས་ཁ་གསལ་དོན་གསལ་དུ་གཏན་ཚིགས་དང་བཅས་པའི་སྒོ་ནས་འགྲེལ་བ་སོགས་མདོར་ན་གཞན་དང་ཡེ་མི་འདྲ་བའི་འཆད་ཁྲིད་གནང་སྟངས་ཤིག་འདུག
ཤིང་ལེབ་བཞི་སྐོར་ལྕག་འཛེར་རྒྱབ་པའི་ཁྲི་ཆུང་ཆུང་ཞིག་གི་སྟེང་དུ་བཞུགས་པའི་ཁོང་ལ་མ་ཚོན་ན་རིས་ལིང་པ་གཅིག་གི་ཅོག་ཁེབ་ཙམ་ཡང་མེད་ཅིང་། ཆོས་ཁང་ཡང་པང་གཅར་སོགས་ཤིང་ལེབ་དང་ཤིང་ལེབ་ཀྱི་བར་དུ་འཛུབ་མོ་ཐར་ཙམ་དེ་འདྲ་དང་། ཚོགས་ཁང་གི་ངོས་གཉིས་གསུམ་ཞིག་ནི་རས་ཡོལ་ཁོ་ནས་རཁྭ་ཏ་འགོག་ཐབས་བྱས་པ་ཙམ། ནང་གི་ཀ་གདུང་ཡང་ཟམ་འཛེར་ཞེས་པའི་ལྕགས་འཛེར་རིང་པོ་དེ་འདྲས་འཛེར་བརྒྱབ་བཞག་པ་་ཙམ་ལས་རྒྱས་སྤྲོས་ཞེས་བྱ་བའི་མིང་ཡང་མི་གྲགས་བཙལ་ཀྱང་མི་རྙེད་པ་དེ་འདྲ་རེད། རྒྱབ་ཀྱི་མིའི་དཔེ་ཆ་སྔུན་གྱི་མེའི་རྒྱབ་ལོག་གི་གཟན་གྱི་སྒང་ལ་འཛེར་ནས་ལྟ་བ་ལས་པང་ཁ་སྟོང་བ་ཙམ་གྱི་ས་ཁྱོན་ཀྱང་མེད། འོན་ཀྱང་། ནང་གི་ཆོས་ཀྱི་དགའ་བ་མཉམ་སུ་མྱོང་བའི་བདེ་སྐྱིད་ནི་ལྷའི་གཞལ་མེད་ཁང་དུ་གྲགས་པས་ཀྱང་འགྲན་དུ་མེད། འདི་སློབ་མ་རྡོ་རྗེའི་མཆེད་པོ་དག་ལ་མཐུན་སྣང་དུ་བྱུང་བའི་ཉམས་མྱོང་ཞིག་ཡིན།
ཉིན་དེའི་ནུབ་མོ་ང་བླ་མས་བཅོལ་མ་གནང་བ་བཞིན་ཡེ་ཤེས་དོན་རྟོགས་ཀྱི་རྩར་བསྡད་ཅིང་། ཁོང་གི་ཁང་པ་ནི་བླ་སློབ་སྤྱི་དང་འདྲ་བར་ཤང་ལེབ་ཀྱི་རྒྱབ་ལྤགས་འཛེར་ནས་ནང་ངོས་ལ་ཚགས་ཤོག་སྦྱར་བ་དབྱར་ཆར་པ་དང་དགུན་ལྷག་པ་གཉིས་ཀར་གདོང་ལེན་ཆེར་བྱེད་མི་ཐུབ་པ་དེ་འདྲ་ཞིག་རེད། དེ་དུས་ནས་ང་ལ་དཔེ་ཆའི་གོ་བ་གཏིང་ཟབ་མེད་ཀྱང་རྒྱལ་རབས་ལོ་རྒྱུས་ཀྱི་བཤད་ཡམ་ཅུང་ཟད་ཡོད། ཡིན་མོ་དེ་ནས་ད་ལྟའི་བར་དུ་ང་གཉིས་ཕན་ཚུན་མི་ཡུལ་གྱི་འདུན་པ་དང་ལྷ་ཡུལ་གྱི་དམ་ཚིག་བཟང་པོ་རྒྱུན་འཁྱོངས་བྱས་པ་རེད།
དེ་ནས་མུ་མཐུད་དཔེ་ཁྲིད་ཞུས་ཤིང་། བླ་མ་སྐུ་མ་གཤེགས་བར་དུ་ཆོས་ཁྲིད་བཅད་ནས་ཉིན་གཅིག་གི་ལམ་ལ་ཡང་མི་འགྲོ་རྒྱུའི་དམ་བཅའ་ཞིག་བཞག་པ་དེ་མཐའ་འཁྱོར་བ་ཞིག་བྱུང་ཡོད། དེ་ནི་ངའི་མི་ཚེའི་ནང་གི་མཐའ་འཁྱོངས་ཐུབ་པ་བྱུང་བའི་དམ་བཅའ་དགའ་རིན་ཡོད་པ་གཅིག་གཅིག་པུ་དེ་ཡིན་ས་རེད།
༼འཕྱུར་བ་ལྟ་བུའི་སེམས་ཚོར།༽
དེ་རིང་ཞོགས་པ་ཡང་བསྐྱར་འཕྲིན་ཕྲན་གྱི་ཚོམས་སུ། གདན་སའི་བསྐྱར་དར་གྱི་རྣམ་པ་དང་། ཁྱད་པར་དེ་རིང་མཁན་ཆེན་བླ་མ་རིན་པོ་ཆེའི་འདས་མཆོད་དངོས་གཞིའི་ཉིན་མོ་སྟེ། བླ་མ་བཀའ་དྲིན་ཅན་ཞིང་འདིའི་གདུལ་བྱ་རྫོགས་པའི་ཉིན་གྱི་དུས་དྲན་མཚོན་པའི་མཛད་སྒོའི་རྣམ་པ། དགེ་འདུ་པ་དག་གི་སེར་སྦྲེངས་ཀྱི་བསྟར་པའི་སྣ་ལ་མཁན་ཆེན་ཟླ་དབང་དང་། སྤྲུལ་རིན་པོ་ཆེ་སེང་ཐར། ཨ་ཁུ་ཆོས་ཕུན་སོགས་མཆེད་གྲོགས་གོང་མ་དག་བླ་མའི་སྐུ་གདུང་རིན་པོ་ཆེའི་མདུན་དུ་རྒྱ་གླིང་སྤོས་སྣ་བྱས་ཏེ་དུལ་བ་ཉེ་བར་ཞི་བའི་སྤྱོད་ལམ་དང་བཅས་ཕེབས་བཞིན་པའི་སྣང་བརྙན་དག་གིས་བདག་ལ་སླར་ཡང་རྫོགས་ལྡན་གྱི་དུས་བཟང་པོ་དེ་དག་དྲན་དུ་བཅུག ཡིད་ཀྱི་མཚོ་མ་དབང་མེད་དུ་འཁྱོམས་སུ་བཅུག བླ་མ་དང་རྡོ་རྗེའི་མཆེད་གྲོགས་བཟང་པོ་དག་དྲན་དུ་བཅུག
བར་སྐབས་བླ་མའི་གདན་སར་ཕྱི་ནང་གི་ཉེར་འཚེ་ཕྲན་བུས་བར་ཆད་ཅི་རིགས་བྱུང་མྱོང་ན་ཡང་། ད་ཆ་ཚུལ་ཁྲིམས་དང་ཤེས་རབ་ཀྱི་དཔལ་ཕུན་སུམ་ཚོགས་པ་ལྡན་པའི་ཅིང་ཤེས་བཟང་པོ་དང་བུམ་པ་བཟང་པོ་ལྟ་བུའི་སྐྱེས་བུ་དག་གིས་གདན་ས་འདིར་ལུང་རྟོགས་ཀྱི་རྒྱལ་མཚན་བཟང་པོ་སྦྲེངས་བཞིན་པར་སྤྲོ་བ་ཆེན་པོའང་བསྟས། ཁོང་རྣམ་པ་ནི་བླ་མའི་ཐུགས་ཟིན་ཀྱི་སྐྱེས་བུ་མཆོག་ཏུ་གྱུར་པ་དག་རེད། སྔོན་བླ་མ་སྐུ་གཤེགས་པའི་ཐ་མའི་དགོངས་རྫོགས་ལ་ཆོས་རྗེ་ཡིད་བཞིན་ནོར་བུ་དངོས་སུ་ཕེབས་ཏེ། རྗེས་འཇུག་རྣམས་ལ་ཞལ་ཏ་ལམ་སྟོན་དང་། ཁྱད་པར་འབྲོམ་སྟོན་པའི་ལོ་རྒྱུས་དང་སྦྱར་ནས་བླ་མའི་གདན་ས་ལ་ཞབས་ཏོག་བགྱིད་པའི་གལ་ཆེའི་རང་བཞིན་གསུངས་པ་དང་འབྲེལ། གང་མངགས་བཅོལ་གནང་བ་དག་ད་ཆ་ཁོང་རྣམ་པས་དངོས་སུ་མངོན་གྱུར་བྱུང་དུ་བཅུག་ཡོད་པ་རེད། འདི་ནི་ཧ་ཅང་རླབས་ཆེན་རེད།
༼ཆེས་ཐ་མའི་སྐྱིད་སྐྱིད༽
ལོ་ཧ་ཅང་མང་པོ་ཞིག་དེ་ལྟར་ཐལ། ལོ་ཁེར་རྩི་གཉིས་རྩི་བྱས་ནའང་ལོ་ངོ་བཅུ་བདུན་འགྲོ་གིན་འདུག བླ་མས་མདོ་སྡེ་རྒྱན་གྱི་འགྲེལ་བ་ཐེག་མཆོག་བདུད་རྩིའི་དགའ་སྟོན་གྱི་མོས་པའི་ལེའུའི་དཀྱིལ་ནས་ཆོས་མཚམས་བཞག་ནས་སྐུ་གཤེགས་པ་རེད། ཁོང་གི་སྐུ་ཚེ་ཧྲིལ་པོ་དེ་ལྟར་སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་གི་ཆེད་དུ་བཏང་བ་རེད། འགྲོ་དོན་འབའ་ཞིག་གི་ངང་ནས་རྫོགས་པ་རེད། སྐུ་གཤེགས་སྟངས་འདི་ནི་བླ་ན་མེད་པའི་གྲུབ་རྟགས་དང་འདས་རྗེས་ཀྱི་མཐར་ཐུག་ཡིན་པར་ཆོས་རྗེ་ཡིད་བཞིན་ནོར་བུས་ཀྱང་ཡང་དང་བསྐྱར་དུ་གསུངས་མྱོང་། ལོ་དེའི་དཔྱིད་ཐ་མའི་ཚེས་གསུམ་གྱི་ཉིན་དེར་སྙུན་ཟུག་གང་ཡང་མེད་པར་དྲན་པ་མངོན་དུ་བཞག་སྟེ་ང་ཚོ་དང་ཞལ་གྱེས་ནས་ཕེབས་པ་རེད།
སྐབས་དེར་སློབ་མ་བུ་ཆེན་ཚོས་བླ་མའི་ཞབས་རིམ་ཆེད་ཚོགས་འཁོར་ཞིག་འབུལ་ཆོག་པའི་གསོལ་འདེབས་ནན་ཏན་བྱས་པར། བཀའ་ལན་དུ། འདི་ནི་ང་ཚོའི་སྐྱིད་སྐྱིད་(ཐུག་སྤྲོ)ཅིག་ཡིན་གསུངས་ནས་ཐ་མའི་གྱེས་བྲལ་གྱི་ཕེབས་སྐྱེལ་གསོལ་སྟོན་ཙམ་ཞིག་ཏུ་ངོས་འཛིན་ཞལ་བཞེས་གནང་བའི་ཐོག་ནས་ཉིན་གསུམ་བསྟུད་མར་སྙིང་ཐིག་རྩ་གསུམ་གྱི་ཚོགས་མཆོད་ཕུལ་བའི་ཉིན་གསུམ་པ་ཡུམ་ཀའི་ལས་གཞུང་ཀྱི་ཚོགས་མཆོད་ཚར་ནས་ལྷག་མ་ལ་མ་ཐུག་པའི་མཚམས་སྟེ། ཉིན་གུང་ཡོལ་རྗེས་ཀྱི་ཆ་ཚོད་གསུམ་པ་ཙམ་སྟེ། ངའི་རྩོམ་ཡིག་འདི་མཇུག་དྲིལ་བཞིན་པའི་ད་ལྟའི་དུས་ཚོད་འདི་ཀ་རང་ཙམ་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པ་རེད། ཁོང་གིས་ལུང་རྟོགས་གཉིས་ཀྱིས་བསྟན་པ་འཛིན་དགོས་པ་དང་། བསྟན་པའི་རྩ་བ་འདུལ་བ་གཙིགས་སུ་འཛིན་པ་བཅས་ཐ་མའི་ཞལ་ཆེམས་སུ་བཞག་པ་རེད། ཁོང་དེ་ལྟར་བཞུད་པ་རེད། འོན་ཀྱང་། དེ་རིང་ང་ཚོས་ཁོང་གཤེགས་ཟིན་པའི་རྗེས་ཤུལ་དེ་ནས་མུ་མཐུད་ཁོང་གི་ཐུགས་རྗེ་དང་བྱིན་རླབས་ཀྱི་འོད་སྣང་འཚོལ་གྱིན་ཡོད་པ་རེད།
༼སངས་རྒྱས་ཀྱི་ཐག་ཉེར་བཅར་བའི་མི།༽
ཚང་མ་ས་ཆ་གང་དུ་ཡོད་ཀྱང་། གནས་བབ་ཅི་ལྟར་གྱུར་ཀྱང་། བླ་མའི་བཀའ་དྲིན་དང་ཐུགས་རྗེའི་འོད་སྣང་གི་འོག་ཏུ་མུ་མཐུད་འཚོ་བཞིན་ཡོད་པ་རེད། ང་ཚོ་ནི་སངས་རྒྱས་དང་འཕྲད་པའི་སྐྱེས་བུ་ལས་ཅན་དག་རེད། ང་ཚོ་ནི་སངས་རྒྱས་དང་ཐག་ཉེ་ཤོས་སུ་བཅར་མྱོང་མཁན་གྱི་མི་རེད། ང་ཚོས་ང་ཚོའི་མི་ཚེ་གཞན་དང་མཚུངས་པར་བལྟས་ན་གཏན་ནས་མི་རུང་། ང་ཚོས་ང་ཚོའི་ཁྱད་པར་ངོ་ཤེས་པར་བྱས་ཏེ་བླ་མ་རྗེས་སུ་མུ་མཐུད་སྙོགས་པར་བྱེད་དགོས་སོ།། བླ་མ་མཁྱེན།
ཞེས་པ་འདི་ཡང་། སྤྱི་ལོ་014/5/2དཔྱིད་ཟླ་ཐ་ཆུང་གི་ཚེས་གསུམ་གྱི་ཉིན་གུང་རྒྱ་གར་ཆུ་ཚོད་དང་པོ་སྟེ། བོད་ནང་གི་ཆུ་ཚོད་གསུམ་པ་ཡས་མས་ལ་ཆུ་བོ་ཡ་མུ་ན་དལ་གྱིས་འབེབས་པ་དང་ལྡན་པའི་འགྲམ། བོད་སྒར་ཟམ་ཡས་གླིང་གཞིས་ཆགས་ཀྱི་རྒྱ་གར་བའི་དྲ་ཁང་ཞིག་ནས་ཤར་མར་འབྲི་བ་པོ་ནི་རྫ་ཚེ་རིང་བཀྲ་ཤིས་སོ།།(བྲེལ་སྟབས་སུ་བྲིས་པས་ཡིག་ནོར་ཡོད་ངེས)
ཡུལ་རྫ་རྒྱུད་ཀྱི་མཁན་ཆེན་ཚང་གིས་ངོ་མ་སྙན་ངག་ཡག་པོ་བྲིས་བཞག བསྔགས་བརྗོད་དང་ཡི་རང་ཞུ། དེ་འདྲ་བླ་ཞིག་མཇལ་ན་བསམ་པ་བརྩམས་འདུག། མཁན་ཆེན་བླ་མ་རིན་པོ་ཆེ་དང་སྐྱེ་སྔ་རིན་པོ་ཆེ་ཁྱེད་རྣམ་པ་ངོ་མ་ཆོས་མཆེད་དད་དམ་གཙང་མ་ཡིན་ས་རེད་དོ།།
ཁྱོད་ངར་བ་ཟིག་ཡིན་ས་རེད། ཁྱད་པར་དུ་ངས་ངོ་ཤེས་དགེ་ལུགས་པའི་གྲྭ་ལོག་སྐོར་ཞིག་གིས་ཚུལ་ཁྲིམས་བློ་གྲོས་དང་མཉམ་དུ་ཁྱེད་ལ་དུས་རྒྱུན་ཁ་བརྡུང་གཏོང་གི་ཡོད་པས་ཁྱོད་མི་རིན་ཐང་ཅན་ཞིག་ཤེས་པ་ཤེས་སོང་ལ། ད་དུང་རྒྱ་བླ་རྒྱ་མོ་ཟེར་ནས་བསྡིགས་སྟངས་ལ་བལྟས་ན་འཇོན་ཐང་ཅན་ཞིག་ཡིན་པ་ཡང་ཤེས་སོང་། གང་ལྟར་མིག་ཚ་མཁན་ཚོ་སྡོད་བཟོད་མེད་པ་བཟོ་མཁན་ཞིག་རེད་བཞག ངར་བ་རེད། རྒྱུན་འཁྱོངས་ཀྱིས།
རང་གིས་རང་ལ་བསྟོད་པ་རེ་བཏང་ནས་བསྡད་ན་སྐྱིད་པོ་ཡོད་སྲིད་ཀྱི་རེད
ཧ་ཧ་ཧ་
དྲ་ཐོག་ན་འདི་འདྲ་འདུག་གོ
༧སྐྱབས་རྗེ་བྱ་བྲལ་ཆོས་དབྱིངས་ཁྱབ་བརྡལ་རིན་པོ་ཆེ་ནི། བློན་པོ་བཀའ་ཡི་ཐང་ཡིག་ལས། ལོ་ཙཱ་རྒྱལ་བ་མཆོག་དབྱངས་འདི༔ རྒྱ་གར་ཤར་ཕྱོགས་མུ་སྟེགས་ཡུལ༔ དེ་བ་ཙནྟྲར་སྐྱེ་བ་ལེན༔ བསྟན་བབ་ལྔ་བཅུ་ཁ་རལ་དུས༔ ཆོས་དབྱིངས་མཚན་ཅན་ཞེས་བྱ་འབྱུང༔ ཞེས་དང༌།
རིག་འཛིན་བདུད་འདུལ་རྡོ་རྗེས། རྡོ་གྲུབ་ལུང་བྱང་ལས། གཡུ་སྒྲའི་རྣམ་སྤྲུལ་མདོ་ཁམས་སྨད་ནས་འབྱུང༔ ཆོས་ཀྱི་མཚན་ཅན་རྫོགས་ཆེན་རྣལ་འབྱོར་བ༔ ཞེས་དང་། ཨོ་རྒྱན་འཕྲིན་ལས་གླིང་པའི་ལུང་བསྟན་ལས། གསེར་སྨད་དུ་སྦས་པའི་རྣལ་འབྱོར་པ༔ མགོན་པད་འབྱུང་གི་སྤྲུལ་པ་ཡིན་པར་ངེས༔ ཞེས་སོགས་ཚད་མའི་ལུང་གིས་ཡང་ཡང་ཟིན་པ་ལྟར་སྤྱི་ལོ་༡༩༢༠པ་སྟེ་བོད་རབ་བྱུང་བཅོ་ལྔ་པའི་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོར། བོད་མདོ་ཁམས་ཟལ་མོ་སྒང་གི་ཆར་གཏོགས་གསེར་ཆབ་དལ་གྱིས་འབབ་པའི་གཡས་ཟུར་ལྗགས་ཀླག་རྡོ་ཀླས་ཞེས་པའི་ནོར་འཛིན་གྱི་ཐིག་ལེར།
ཡབ་མལ་སྟོབས་བློ་དང་ཡུམ་ཐོང་བཟའ་ནོར་བུ་སྐྱིད་གཉིས་ཀྱི་སྲས་སུ་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པ་དང༌། དགུན་དུས་སུ་མེ་ཏོག་སྐྱེས་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་དང་བཅས་སྐུ་བལྟམས། བྱིས་པའི་དུས་ནས་ལྐོག་གྱུར་མཁྱེན་པའི་མངོན་ཤེས་དང༌། བྱམས་པ་དང་སྙིང་རྗེ་ཚད་མེད་པ་ལྡན་པ་སོགས་ཐེག་ཆེན་འཕགས་པའི་རིགས་ཀྱི་མངོན་རྟོགས་ལྷན་སྐྱེས་སུ་མངའ།
ཁུ་བོ་བསོད་ནམས་དཔལ་ལྡན་ལས་ཡི་གེ་འབྲི་ཀློག་དང༌། གར་ཐིག་དབྱངས་རོལ་སོགས་སྒྲུབ་ཕྲིན་གྱི་ཕྱག་བཞེས་སྣ་ཚོགས་པ་སྦྱངས་པས་བྱང་ཆུབ་པ་བྱུང༌། ཤུག་ཆུང་སྤྲུལ་སྐུ་ཚུལ་ཁྲིམས་བཟང་པོ་ལས་བྱང་གཏེར་རྫོགས་ཆེན་སྔོན་འགྲོ་གསན་ཞིང་འབུམ་ལྔའི་བསགས་སྦྱང་ཁ་སྐོང་དང་བཅས་པ་གྲུབ་པར་མཛད་དེ། སེམས་ཉིད་ཀྱི་ངོ་བོ་སྐྱེ་འགགས་གནས་བྲལ་སྟོང་གསལ་བརྗོད་མེད་ཀྱི་རང་ཞལ་མཇལ་ཚུལ་རྟོགས་འབུལ་ཞུས་ཚེ་དགྱེས་བརྩེའི་གསུང་གིས་དབུགས་དབྱུང་གཟེངས་བསྟོད་བཅས་པདྨ་ཆོས་དབྱིངས་ཁྱབ་བརྡལ་ཞེས་མཚན་གསོལ།
གཞན་ཡང་འཁོར་གདོང་གཏེར་སྟོན་འཆི་མེད་རིག་འཛིན་དང༌།
གཡུ་ཁོག་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན་སོགས་ལས་བྱང་གཏེར་སོགས་དབང་ཆོས་ཅི་རིགས་གསན། དུས་དེ་ཙམ་ན་ཨོ་རྒྱན་ཆེན་པོ་ལ་མི་འཕྲོག་པའི་དད་པ་བརྟན་པོ་ཐོབ་ནས་པདྨ་བཀའ་ཐང་བརྒྱ་འདོན་དང་བསམ་ལྷུན་ཆེ་ཆུང་གྲངས་མང་བསགས་པར་མཛད། ཕྱིས་སུ་རྗེ་ཉིད་ཀྱི་ཞལ་ནས་ཀྱང༌།ངས་དེང་སྐབས་སྔ་འགྱུར་པའི་བསྟན་པ་ལ་བྱ་བ་ཅུང་ཟད་བྱེད་རྒྱུ་འོང་བ་འདི་ཨོ་རྒྱན་ཆེན་པོའི་བྱིན་རླབས་ཀྱི་ཟེགས་མ་རེ་ཐོབ་པའི་མཐུས་ཡིན་ཞེས་ཡང་ཡང་ཞལ་བཞེས་མཛད། དུས་མཚུངས་བརྟན་མཁས་ཡོན་ཏན་གཉིས་ལྡན་རྡོ་བ་མཁན་པོ་རིག་རྡོར་ལས་རབ་ཏུ་བྱུང་སྟེ་མཚན་ཐུབ་བསྟན་བློ་བཟང་བརྩོན་འགྲུས་སུ་གསོལ།
དེ་ནས་འཁོར་གདོང་བཤད་གྲྭར་ལོ་ངོ་གཉིས་ལྷག་བཞུགས་ཏེ་མཁན་རིག་རྡོར་དང༌། གཡུ་སྟགམཁྱེན་རབ་སོགས་ལས་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང༌། དབུ་མ་རྒྱན། སྤྱོད་འཇུགའདུལ་བ་མདོ་རྩ་སོགས་གསན་བཞེས་མཛད། དགུང་གྲངས་ཉེར་གསུམ་བཞེས་པ་རབ་བྱུང་བཅུ་དྲུག་པའི་ཆུ་རྟ་ལོར་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཆེན་པོ་གཡུ་ཁོག་བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་དྲུང་དུ་ཕེབས། རྗེ་དེ་ཉིད་ལས་ཐུན་མོང་གི་སྔོན་འགྲོ་སྐྱབས་འགྲོ་སེམས་བསྐྱེད་ནས། རྒྱལ་སྲས་ལག་ལེན། ངེས་ཤེས་སྒྲོན་མེ་སོགས་ཀྱི་བཤད་ཁྲིད་དང༌། ཁྱད་པར་ཡང་གསང་རྫོགས་པ་ཆེན་པོའི་མན་ངག་ཞལ་ཤེས་ཐམས་ཅད་ཆིག་བརྒྱུད་ཀྱི་ཚུལ་དུ་བསྩལ་ནས་རྟོགས་པ་དོན་གྱི་རྒྱལ་ཚབ་ཏུ་མངའ་གསོལ།
དེ་ནས་རེ་ཞིག་གི་ཚེ་ན་རྗེ་བླ་མས་ད་ཁྱེད་རང་རྫ་སྟོད་དགེ་གོང་དུ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མ་བཞུགས་པའི་དྲུང་དུ་སོང་དང་སྔ་འགྱུར་རང་ལུགས་ཟིན་པ་ཞིག་འོང་ཞེས་ལུང་བསྟན། བྱོན་ཁར་ཇ་བག་གཅིག་དང་དངུལ་སྒོར་འགའ་གནང་ནས་ཁྱོད་ཀྱིས་སྦྱང་བ་མཐར་ཕྱིན་པའི་ཆེད་འཇམ་དབྱངས་ལ་གསོལ་བ་ཐོབ། ལམ་གྱི་འཇིགས་པ་ལས་སྐྱོབ་ཕྱིར་རྗེ་བཙུན་སྒྲོལ་མ་བསྙེན་དགོས།
དུས་ནམ་དུ་ཡང་ཨོ་རྒྱན་ཆེན་པོ་ཡིད་ནས་མ་བརྗེད་པར་གྱིས་གསུངས་ནས་བྱོན་སྐྱེལ་དུ་ཞོ་ཁག་གང་དྲངས་པ་བཞེས་ཕོར་གྱི་ཕྱི་རུ་ཐོན་པ་བྱུང་བས་རྟེན་འབྲེལ་ཤིན་ཏུ་ལེགས་གསུངས།
དེ་ནས་རྣལ་འབྱོར་བྱ་བཏང་གི་བརྟུལ་ཞུགས་དང་དུ་བླངས་ཏེ་རྫ་སྟོད་ཕྱོགས་སུ་ཞབས་ཐང་གི་ཕེབས། ལམ་བར་ནས་རྨི་ལམ་སྣང་ཆར་བོད་སྤྲུལ་རིན་པོ་ཆེས་ཞལ་གཟིགས་ལུང་བསྟན་ཐོབ། ཁྱད་པར་རྗེ་ཉིད་ཀྱི་རྨི་ལམ་གྱི་སྣང་ངོར་ཆུ་བོ་ཆེན་པོ་བལྟར་མི་བཟོད་པ་དྲག་ཏུ་འབབ་པ་སོགས་ལྟས་མཚན་དུ་མ་བྱུང་བ་བཅས་ཀྱིས་ཕྱིར་རང་ཡུལ་གསེར་ཁོག་ཏུ་ཞལ་ཕྱོགས།
ཡུལ་མི་ཀུན་ལ་འདུས་པ་འབྲལ་བའི་ཆོས་ཅན་དང་བསགས་པ་འཛད་པའི་རང་བཞིན་ལས་མ་འདས་པས་མཆོད་སྦྱིན་ཚོགས་བསགས་རྒྱ་ཆེན་པོས་ནོར་ལས་སྙིང་པོ་ལེན་དགོས་པའི་བསྐུལ་མ་དང༌། འཇིག་རྟེན་འདིར་སྣང་གི་བྱ་བ་མི་སྒྲུབ་པར་མྱུར་དུ་དམ་པའི་ཆོས་ལ་འབད་དགོས་པའི་བསླབ་བྱ་ལུང་བསྟན་གནང་ཞིང་བདེ་ཆེན་ཞིང་སྒྲུབ་དུ་མ་འཚོགས་པར་མཛད།
རིམ་པར་དགེ་གོང་དགོན་དུ་འབྱོར་ནས་རིགས་བདག་བླ་མ་ཀུན་གཟིགས་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཞལ་རས་མཇལ་བས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཤིང་རོང་པ་ཆོས་བཟང་གི་རྣམ་རོལ་དུ་བསྔགས། བགྲང་བྱ་བཅུ་ཕྲག་དུ་མར་མཉེས་པ་གསུམ་གྱིས་ཞབས་པད་བསྟེན་ཏེ་མདོ་སྔགས་ཆོས་ཚུལ་སྤྱི་དང༌། ཀུན་མཁྱེན་རོང་ཀློང་གི་གསུང་རབ་དུ་མ། འཇམ་མགོན་བླ་མ་མི་ཕམ་རིན་པོ་ཆེའི་གཞུང་འགྲེལ་ཡོངས་རྫོགས།
མཁན་ཆེན་ཀུན་དཔལ་གྱི་གསུང་ཆོས་ཐམས་ཅད། ཉིད་ཀྱིས་མཛད་པའི་དབུ་ཕར་གྱི་བསྟན་བཅོས་ཡོངས་སུ་ཚང་བ་བཅས་ཀྱི་བཤད་ཁྲིད་མན་ངག་གི་ཞལ་རྒྱུན་མ་ཉམས་པ་བསྩལ་བས་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན། བར་སྐབས་ཞེ་ཆེན་བཤད་གྲྭ་གསར་ཚུགས་ཀྱི་ཐོག་མར་ཀོང་སྤྲུལ་རིན་པོ་ཆེས་ཀུན་གཟིགས་བོད་སྤྲུལ་གདན་ཞུས་ལྟར་དེར་ཕེབས་པའི་སྐུ་འཁོར་དུ་བྱོན།
གདན་ས་དེའི་དམ་པའི་སྐྱེས་བུ་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས་དང༌། མཁན་པོ་གང་ཤར་སོགས་ཀྱི་མདུན་ནས་ཟབ་ཆོས་མཐའ་ཡས་པ་བཞེས། དེ་ནས་དུས་ཀྱི་འཚུབ་མ་དྲག་པོའི་སྤྲིན་ནག་གིས་རྒྱལ་བསྟན་ཉིན་བྱེད་ཀྱི་རང་མདངས་སྒྲིབ་ལ་ཕྱོགས་པའི་བཀྲ་མི་ཤིས་པའི་རྟགས་མཚན་སྣ་ཚོགས་མངོན་དུ་གྱུར་པ་དང༌།དེ་ནས་བགྲང་བྱ་བཅུ་ཕྲག་གཉིས་ལྷག་རིང་ཆོས་བཞིན་སྤྱོད་པའི་སྐྱེ་བོ་ལྟ་ཞོག་དཀོན་མཆོག་གི་མཚན་ཙམ་ཐོས་པ་མེད་པར་གྱུར་པའི་དུས་ངན་གྱི་མུན་པ་སྟོབས་སུ་བདོ་བའི་ཚེ།
རྗེ་ཉིད་ཀྱིས་བླ་མ་ཡང་ཏིག་གི་ནོར་བུ་སྐོར་གསུམ་ལས་རླུང་གི་བཅུད་ལེན་མན་ངག་ཉམས་སུ་བླངས་ནས་ཟས་ཅུང་ཟད་ཀྱང་མ་བཞེས་པའི་ཁར། སྤེན་མའི་མལ་སྟན་དང་ཕྱིང་པའི་ན་བཟའ་ཙམ་གྱིས་གོས་གདན་གཉིས་གོ་ཆོད་པར་མཛད་ནས་ནད་པ་དང་སྨྱོན་པ་གང་ཡིན་མི་ཤེས་པ་ཞིག་མཛད་ནས་ཉིན་མཚན་མང་པོར་གཟིམས་ཏེ་བཞུགས།མཐར་ལོག་པའི་ལམ་ལ་འཕྱན་པའི་ལས་སྒྲུབ་པ་ཀུན་ཀྱང་ཅི་བྱ་ཐབས་མེད་དུ་གྱུར་ནས་རང་མོས་སུ་བཏང༌། དེ་དག་གི་སྐབས་སུ་ལྷག་པའི་ལྷའི་བསྙེན་སྒྲུབ་དང༌།
མདོ་སྔགས་ཀྱི་དཀའ་གནས་ལ་བསམ་ཞིབ། རྫོགས་པ་ཆེན་པོའི་ལྟ་བའི་རང་ངོ་སྐྱོང་བ་སོགས་བསྙེན་སྒྲུབ་ཁོ་ནས་དུས་འདའ་བ་མཛད་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། སྐབས་དང་སྐབས་སུ་ལས་ལྡན་གྱི་སློབ་བུ་རེ་ཟུང་ལ་ལྐོག་ཆོས་ཀྱང་ཅི་རིགས་གསུང་བར་མཛད། དུས་དེར་ཡུལ་ཁམས་སྤྱི་ལ་མུ་གེས་གཟིར་བས་སྐྱེ་བོ་ཀུན་ལུས་རིད་ཅིང་མདངས་མི་སྡུག་པར་གྱུར་ཀྱང༌། རྗེ་ཉིད་གཟི་བརྗིད་བཀྲགས་མདངས་སྔར་ལས་རྒྱས་པར་བཞུགས་ཤིང་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད་ཀྱི་དགའ་སྟོན་ཀྱང་མ་ཆད་པ་མཛད།
སྐབས་ཤིག་ལས་སྒྲུབ་མི་སྣ་འགས་ཤེས་ཏེ་གཤེ་སྐུར་ངན་སྨྲས་སྣ་ཚོགས་ཀྱི་སྡིག་མོ་བྱས་པར། རྗེའི་ཞལ་ནས། བཤོས་བུ་མཐེབ་གང་ཙམ་ཞིག་མཐོང་བ་ལ།།འདི་འདྲའི་གཏོར་ཆེན་མར་གྱིས་བརྒྱན་པ་ཞེས། །ཡུལ་ཁམས་ཡོངས་ལ་ཧ་ཅང་བསྒྲགས་ཆེ་ན། །པྲེ་ཏ་པུ་རུའི་ངང་ཚུལ་མ་ཡིན་ནམ། །ཞེས་ཐོལ་བྱུང་ཞལ་རྩེད་ཀྱི་ཚུལ་དུ་གསུངས།
དེ་ནས་རྒྱལ་དང་སེམས་དཔའི་ཕྲིན་ལས་ཀྱི་འཇུག་པ་ནམ་ཡང་ཆུད་མི་ཟ་བའི་བདེན་སྟོབས་ཀྱིས་བསིལ་ལྗོངས་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་ཡང་དར་བསྟན་པའི་ཉི་མ་གསར་དུ་འཆར་བར་ཕྱོགས་ཚེ། རྗེ་ཉིད་གསང་ཆེན་བསྟན་པའི་མེ་རོ་གསོ་བར་ཐུགས་བསྐྱེད་སྨོན་ལམ་གྱི་བདེན་མཐུ་དུས་སུ་སྨིན་པས།
གསེར་ལྗོངས་ལི་མདོ་ངེས་དོན་མདོ་སྔགས་ཆོས་འཁོར་གླིང་དུ་གདན་ས་མཛད་ནས་སྤྱི་ལོ་༡༩༧༩ནས་༡༩༩༧བར་གྱི་བགྲང་བྱ་བཅུ་དགུའི་རིང་གཟིམས་ཁང་ཉེ་འཁོར་དུ་ཤིང་ར་ཞིག་ཡོད་པ་ལས་མ་འདས་པར་རྒྱུན་བཞུགས་མཛད་དེ ། མདོ་སྔགས་ཀྱི་གཞུང་བཤད་སྤྱི་དང༌།ཁྱད་པར་རང་ལུགས་ཀུན་མཁྱེན་ཡབ་སྲས། འཇམ་མགོན་བླ་མའི་ལྟ་གྲུབ་ཀྱི་ཟབ་གནད་མ་ནོར་བ་བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་ཞལ་རྒྱུན་རྩལ་འདོན་གྱིས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར།དུས་དེར་སྐལ་བ་དང་ལྡན་པའི་སློབ་ཚོགས་ཀྱི་སྡེ་ཆེན་པོ་མེ་ཏོག་གི་ཚལ་ལ་བུང་བ་བཞིན་ཕྱོགས་དང་ཕྱོགས་ནས་འདུས་ཤིང༌།
དམན་བུ་བདག་ཉིད་ཀྱང་དམ་པའི་ལྷ་གྲལ་དུ་ཚོགས་པའི་སྐལ་བ་དང་ལྡན་པ་བྱུང་བས་མ་ཚད་ལྟ་གྲུབ་ཤན་འབྱེད་དང་ཁྲིད་ཡིག་ཡེ་ཤེས་བླ་མ་ཞུས་ངོ་ལྟར་ཆེད་དམིགས་ཀྱིས་གསུངས་ནས་དགྱེས་བརྩེའི་གསུང་གིས་དབུགས་དབྱུང་ལུང་བསྟན་གྱི་བཀའ་དྲིན་ཟབ་མོ་བརྗེད་པ་མེད་པ་སྙིང་དབུས་སུ་ཐོབ། རྗེ་ཉིད་དུས་དང་རྣམ་པ་ཀུན་ཏུ་གཟིམས་ཁང་ཆེས་ཤིན་ཏུ་ཆུང་བ་མི་གཅིག་མ་གཏོགས་མི་ཤོང་བ་ཞིག་ཏུ་བཞུགས་ཤིང་མཇལ་བ་སུ་ཡོང་ཀུན་ལ་རབ་གསལ་ཆུང་ངུ་ཞིག་ནས་བྱིན་རླབས་ཞལ་བརྡའ་མཛད།
ནང་དུ་གཟིམས་མལ་དོད་ཙམ་དང་དེའི་འཁྲིས་སུ་ས་ལས་བྱས་པའི་ཐབ་ཀ་ཤིན་ཏུ་ཆུང་བའི་སྟེང་དུ་གནའ་བཟོས་ཟངས་ཆུང་གཉིས་ལས་གཞན་བདོག་པའི་དངོས་པོ་ཅུང་ཟད་ཀྱང་མེད། ཟང་ཟིང་གི་དངོས་འབྱོར་འབུལ་བ་ཐམས་ཅད་དེ་མ་ཐག་མདུན་དུ་སུ་ཡོད་ཀྱི་སློབ་མ་ལ་གསོལ་རས་སྩལ་བའམ་ཟླ་རེ་བཞིན་ཚེས་བཅུ་ཉེར་ལྔའི་སྐབས་སུ་སློབ་ཚོགས་འདུས་སྡེ་ཡོངས་ཀྱིས་མི་ཕམ་ཚོགས་བསྡུས་ཤིག་གསུངས་ནས་མཉམ་དུ་བཞེས།
སྐུ་གསུང་ཐུགས་རྟེན་ཕུལ་བའང་མཚོན་བྱེད་དཔེའི་ལྷ་ཡིས་ང་ལ་དགོས་པ་མེད་གང་ལ་ཞེན་ཡང་ཞེན་པ་ཡིན་ཞེས་གསུངས་ནས་གཞན་སུ་དགོས་ལ་འཕྲལ་མར་གནང་སྦྱིན་མཛད། སྟོབས་འབྱོར་སྙན་གྲགས་མངའ་ཐང་སོགས་ཆོས་བརྒྱད་དོན་དུ་གཉེར་བའི་སྙིགས་དུས་ཀྱི་བསྟན་འཛིན་རློམ་པ་ཀུན་དངོས་བརྒྱུད་ནས་བཀའ་བཀྱོན་དྲག་པོས་ཚར་བཅད་པས་ཕལ་མོ་ཆེ་ཞིག་གང་བྱུང་སྐུ་དྲུང་དུ་བཅར་བའི་སྤོབས་པ་ཞུམ་པར་གྱུར། ཐ་ན་མནབ་གོས་ཀྱང་ཕྱིང་པ་ཁོ་ན་ལས་དགུན་དུས་གྲང་ངར་ཇི་ལྟར་ཆེ་ཡང་ཀོ་ལྤགས་ཀྱི་ན་བཟའ་ལག་མཐིལ་ཙམ་ཞིག་ཡང་གསོལ་བར་མི་མཛད།
ཕྱིས་དུས་སུ་མ་གཏོགས་སྐུ་དྲུང་དུ་ཇ་སྐོལ་གྲྭ་པ་ཡང་མི་འཇོག་པ་སོགས་མདོར་ན་བྱ་བཏང་གི་སྤྱོད་པ་རྗེ་བཙུན་མི་ལ་དང་གཉིས་སུ་མེད་པར་བཞུགས་པ་ནི། རང་འདོད་ཀྱི་ཆེ་བརྗོད་དང་ཆོས་བརྒྱད་ཀྱི་ཁ་འཛིན་མ་བོར་བ་ལ་དེང་དུས་བྱ་བྲལ་གྱི་མིང་གིས་སྤུད་པ་ལྟར་མིན་པར་དོན་ལ་གནས་པའི་ཐུན་མིན་མཆོག་གི་རྣམ་ཐར་ངོ་མཚར་ལས་ཀྱང་ཆེས་ངོ་མཚར་བའི་རང་བཞིན་མངའ་བ་དང༌། ད་དུང་གསང་བ་མཆོག་གི་རྣམ་ཐར་ཡི་དམ་ལྷག་པའི་ལྷས་ཞལ་གཟིགས་ཐོབ་པ་དང༌།
ལྐོག་གྱུར་གྱི་ཆོས་ཆགས་ཐོགས་མེད་པར་གཟིགས་པའི་མངོན་མཁྱེན་མངའ་ཚུལ། གྲུབ་པའི་མཛད་སྤྱོད་ལ་རང་དབང་འབྱོར་ཚུལ་སོགས་ཀུན་ལ་རྩོད་མེད་མཐུན་སྣང་དུ་བྱུང་བའི་ངོ་མཚར་རྣམ་ཐར་མཐའ་ཡས་ཀྱང་འདིར་ཡི་གེ་མང་དུ་དོགས་པས་རེ་རེ་ནས་མ་བྲིས་ཀྱང་རྣམ་ཐར་གཞན་དུ་རྒྱས་པར་གསལ་བས་དེ་དག་ཏུ་སྤྱན་རས་གཡོ་བར་ཞུ།
དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ཕྱོགས་མཐར་བརྡལ་ནས་མཐར་དགུང་གྲངས་དོན་བདུན་བཞེས་པ་སྤྱི་ལོ ༡༩༩༧། བོད་རབ་བྱུང་བཅུ་དྲུག་པའི་མེ་གླང་ལོའི་ཟླ༣ ཚེས༣ ཉིན་ཞིང་འདིའི་གདུལ་བྱ་རེ་ཞིག་མཐའ་རུ་ཕྱིན་པའི་ཚུལ་གྱིས་གཟུགས་སྐུའི་བཀོད་པ་ནང་གསལ་གདོད་མའི་གཞི་དབྱིངས་སུ་བསྡུ་བའི་མཛད་པ་ཐ་མ་བསྟན་པ་སྟེ། ཟླ་བ་གཉིས་པ་ནས་བསྙུན་པའི་རྣམ་པ་ཅུང་ཙམ་བྱུང་ཡང་མདོ་སྡེ་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་གསུང་བཞིན་པའི་ཆོས་ཐུན་མ་ཆག་པར་མཛད།
སྐབས་འགར་གསུང་འཕྲོས་སུ་ཁྱེད་རྣམས་ཀྱིས་ཆོས་པ་རྣམ་དག་ཞིག་བྱེད་བསམ་ན་སྔོན་བྱོན་བཀའ་གདམས་པ་རྣམས་ཀྱིས། གྲོང་དུ་འདུག་པར་བྱེད་པ་ནི། །བཙོན་ར་ལྟ་བུའི་འདུ་ཤེས་བཞག། ཅེས་དང༌། མི་འཆི་སྡོད་པའི་ས་ཕྱོགས་མེད། །འཆི་ངེས་དེ་ཡང་མྱུར་དུ་འཆི། །འཆི་ལ་ཅིས་ཀྱང་མི་ཕན་པས། །ལོང་མེད་རྒྱུད་ལ་བརྟེན་ཅིག་ཨཾ། །ཞེས་གསུངས་པ་ལྟར་ཚེ་འདི་བློས་ཐོང་དགོས་པ་དང༌། ཤོམ་ར་ཆེ་བའི་ཆོས་པ་དེ། །ཆོས་གཟུགས་ཡིན་པས་དོན་འབྲས་མེད།།
ཅེས་གསུངས་པས་འཇིག་རྟེན་ཆོས་བརྒྱད་ཀྱི་མགོ་ནོན་དགོས། ཨོ་རྒྱན་སངས་རྒྱས་གཉིས་པས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་གྱིས། །རྒྱུ་འབྲས་སྤངས་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་ལག་ལེན་གསང་སྔགས་ལུགས་སུ་གྱིས། །བསྐྱེད་རྫོགས་དོན་དང་ལྡན་པའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་གྱིས། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །
ཅེས་གསུངས་ཡོད་པས་བན་སེར་མོ་བ་ཞིག་ཡིན་ཕྱིན་དེ་ལྟ་བུ་ཨེ་ཡོང་ལྟ་རྒྱུ་ནི་ངའི་ཁ་ཆེམས་ཡིན་ཞེས་ཡང་ཡང་གསུངས།གཞན་ཡང་མཁན་པོ་ཀུན་དཔལ་གྱི་གདུང་ཤུལ་ན་མཆོད་རྟེན་དཀར་པོ་ཆུང་ངུ་ཞིག་བཞེངས་ཡོད་པས་ང་ལ་ཡང་དེ་ལྟ་བུ་ཞིག་འཛོམས་ན་ཤིན་ཏུ་ལེགས། དེ་མིན་མང་པོ་ཞིག་གི་དགོས་པ་གཏན་ནས་མེད་སོགས་ཞལ་ཆེམས་གནང༌།ཉེ་གནས་སློབ་ཚོགས་རྣམས་ཀྱིས་རྒྱ་བོད་ཀྱི་ལྷ་རྗེ་དུ་མ་བསུས་ཏེ་སྨན་བཅོས་བྱས་ཤིང་ཚོགས་པ་ཡོངས་ཀྱིས་གནས་བརྟན་ཕྱག་མཆོད་དང༌། ཚོགས་སྐོང་སོགས་སྐུ་རིམ་མང་པོ་བསྒྲུབས་པ་ན།
སྤྱིར་རྗེ་ཉིད་སྐུ་རིམ་སྨན་བཅོས་སོགས་ལ་ཐུགས་མི་དགྱེས་ཀྱང་སྐབས་དེར་སློབ་ཚོགས་རྣམས་ལ་ཁྱེད་རྣམས་ཀྱི་ཐུགས་བཞེད་སྐོང་ཕྱིར་དུ་སྨན་བཅོས་དང་རིམ་གྲོ་ཇི་ལྟར་བསྒྲུབས་ཀྱང་ངས་དང་ལེན་བྱེད།
ང་ལ་མཁའ་འགྲོའི་བསུ་མ་ཞིག་ཨེ་ཡོད་མི་ཤེས་ཏེ་མཁའ་འགྲོའི་བསུ་བཟློག་གཏན་ནས་འདོན་མི་དགོས། རིག་འཛིན་འདུས་པའི་ཚོགས་འཁོར་ཞིག་བསྐོར་ན་བཟང༌། ད་ནས་ཉིན་གསུམ་ལ་རང་རེ་དཔོན་སློབ་རྣམས་ཀྱི་ཟ་འཐུང་སོགས་བྱས་ནས་སྐྱིད་སྐྱིད་བྱེད་དགོས་གསུང་བཞིན་སྐུ་ཁམས་ཡར་དྭངས་ལྟ་བུའི་ཐུགས་དགྱེས་དགྱེས་མཛད་ནས་བཞུགས།
ཉིན་གསུམ་པའི་ཐ་མ་བོད་ཟླ་གསུམ་པའི་ཚེས་གསུམ་ཉིན་མདུན་ན་འཁོད་པ་ལ་ད་དེ་རིང་གིས་ཉིན་གསུམ་ཚང་མ་སོང་ངམ་གསུངས་པར། མ་སོང་ལགས་དེ་རིང་ཉིན་གཉིས་པ་ཡིན་ཞུས་པས།ཅི་ཟེར་ང་ད་རུང་དེ་འདྲའི་མི་ཤེས་མཁན་ཞིག་རེད་མེད་ཅེས་གསུང་འཕྲལ་ཆོས་སྐུའི་བཞུགས་སྟངས་དང་གཟིགས་སྟངས་མཛད་ནས་ནང་གསལ་ཀ་དག་གི་དབྱིངས་སུ་མངོན་པར་གཤེགས་པར་མཛད་དོ། །
དེ་ནས་དགོངས་པ་ཆོས་དབྱིངས་སུ་གྲོལ་བའི་ཕྱི་རྟགས་སུ་ནམ་མཁའ་གཡའ་དག་ཅིང་འཇའ་འོད་ཀྱི་གུར་ཁྱིམ་ཕུབ་པ་དང་འབྱུང་བའི་གྲང་ངར་རང་སར་ལྷོད་དེ་མེ་ཏོག་སྣ་ཚོགས་ཁ་འབུས་པ་སོགས་བྱུང༌།ནང་དུ་འོད་གསལ་ཟིན་པའི་རྟགས་སུ་སྐུ་གདུང་གི་བཀྲགས་མདངས་མ་ཡལ་བར་ག་བུར་དང་ཙན་དན་གྱི་དྲི་བསུང་འཐུལ་བ།
སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཕུལ་ཚེ་བར་སྣང་ཐམས་ཅད་ལ་འཇའ་འོད་འཁྲིགས་ཤིང་གདུང་ཁང་ལས་འཇའ་ཟེར་དཀར་པོའི་མུ་ཁྱུད་འཕྲོས་པ། ཐུགས་ལྗགས་སྤྱན་གསུམ་འབྱུང་བས་མ་འཇིག་པར་མཐིང་སྨུག་རིན་པོ་ཆེའི་མདོག་ལྟར་བཞུགས་པ་སོགས་གསང་ཆེན་རྒྱུད་སྡེ་ལས་བཤད་པའི་གྲོལ་རྟགས་ཐམས་ཅད་མངོན་སུམ་དུ་བྱུང་ནས་གདོད་མའི་གཞི་ཀློང་དུ་མངོན་པར་སངས་རྒྱས་པར་གྱུར་ཏོ། །