ཀླུ་སྨྱོན་ཧེ་རུ་ཀ
སྟོན་པ་མཉམ་མེད་ཤྰཀྱའི་རྒྱལ་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་དུ་འཕགས་པའི་ཉིན་མོ་འདིར། འཛམ་གླིང་གི་ས་ཕྱོགས་གང་སར་བཞུགས་པའི་ཆོས་གྲོགས་ཚང་མའི་སྐུ་ལུས་བདེ་ཞིང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་དང་། འཇིག་རྟེན་གྱི་ཁམས་འདིར་དུས་ངན་སྙིགས་པའི་རྒུད་པ་ནད་མུག་འཁྲུག་རྩོད་འབྱུང་བཞིའི་གནོད་པ་སོགས་ཉེ་བར་ཞི་སྟེ། སྐྱེ་རྒུ་ཀུན་གྱིས་མཛའ་བརྩེ་ཚེ་རིང་ནད་མེད་མཁོ་རྒུའི་དཔལ་ལ་ལོངས་སྤྱོད་པ་དང་། སྲིད་ཞིའི་སྡུག་བསྔལ་སེལ་བའི་སྨན་མཆོག་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡིས་ས་སྟེང་མ་ལུས་པར་ཁྱབ་པ་དང་། ཁྱད་པར་དུ་བོད་ཁ་བ་གངས་ཅན་པའི་འདི་ཕྱིའི་ལམ་སྟོན་ཆེན་པོ་འཕགས་མཆོག་མིག་མི་འཛུམ་པ་གང་ཉིད་ཀྱི་སྐུ་ཁམས་བཟང་ཞིང་འགྲོ་འཕེལ་བ་དང་། རང་རེ་གངས་ཅན་པ་ཡོངས་ཀྱི་འཕྲལ་ཡུན་འདོད་དོན་མཐའ་དག་འགྲུབ་པའི་སྨོན་འདུན་ཞུ།།
དུས་ཚོད་ཡོད་ན་འཁྲུངས་སྐར་སྲུང་རྩི་བྱོས། །
སྒོར་མོ་ཡོད་ན་འཁྲུངས་སྐར་ལེགས་སྐྱེས་ཉོས། །
གྲོགས་པོ་ཡོད་ན་འཁྲུངས་སྐར་གསོལ་སྟོན་ཤོམས། །
འདི་ནི་ནང་པ་ཡོངས་ཀྱི་ལས་འགན་རེད། །
སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་འདིར་ཡོངས་སུ་ཁྱབ་པར་སྨོན
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་།།
བསྟན་པ་ཉི་འོད་བཞིན་དུ་འབར་བ་དང་།།
བསྟན་འཛིན་བུ་སློབ་བཞིན་དུ་མཐུན་པ་ཡིས།།
བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག།
༸ཐུབ་འཁྲུངས་བཀྲ་ཤིས་བདེ་ལེགས་ཡོད། །
༸སྐྱབས་མགོན་གཅིག་ཉིད་སྟོན་པ་ཁྱོད། །
བསྟན་སྙིང་བདེན་གཉིས་སྟོན་ཕྱིར་དང་། །
དཀོན་མཆོག་གསུམ་པོས་སྐྱོབས་པའི་ཕྱིར། །
བདེན་པ་བཞི་པོ་ཝ་ཎར་གསུངས། །
གཟིགས་པ་ལྔ་ལ་གཟིགས་ནས་བལྟམས། །
ཕར་ཕྱིན་དྲུག་པོ་མཐར་ཕྱིན་ནས། །
བྱང་ཆུབ་ཡན་ལག་བདུན་སྟོན་ཕྱིར། །
ས་གའི་ཚེས་བརྒྱད་ཉིན་ལ་༸འཁྲུངས། །
༸ཤྰཀྱ་ཐུབ་པ་རྒྱལ་གྱུར་ཅིག
གཙུག་ལག་སློབ་དཔོན་ལ་དྲི་བ་འདྲི་རྒྱུ། ད་ཐེངས་ཀྱི་དྲི་བ་ལ་ལན་གསལ་བོ་འདེབས་ཐུབ་པའི་རེ་བ་ཡོད། རྒྱུ་མཚན་གཙུག་ལག་སློབ་དཔོན་གྱི་མིང་ཁས་ཡོད་པས་སོ། ས་གའི་ཚེས་བརྒྱད་ལ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འཁྲུངས་པའི་ཁུངས་གཅིག་ཙམ་སྟོན་དང་། ཁུངས་གཅིག་རང་གཅིག་སྟོན་དང་འགྲིག་གི་རེད། དེ་མིན་སྐུ་ཉིད་ཀྱི་༼ས་གའི་ཚེས་བརྒྱད་ཉིད་ལ་འཁྲུངས་༽ཟེར་བ་བབ་ཅོལ་ཡིན་མི་སྲིད།
ཟླ་མེད་ལགས། རྒྱ་གར་དང་ནུབ་ཕྱོགས་བར་གྱི་ཉི་མ་སྔ་ཕྱི་རྩི་སྟངས་དེ་མགོ་རྙོག་བྱུང་བས་ངས་བྲིས་ནོར་འདུག བོད་གཞུང་སྨན་རྩིས་ཁང་གི་ལོ་ཐོར་ནར་ནར་དེའི་ནང་དུ་འཁྲུངས་སྐར་ཚེས་བདུན་གསལ་བ་ངས་ཤེས་ཡོད། ཡིན་ན་ཡང་སྨན་རྩིས་ཁང་གི་ལོ་ཐོ་གྲུ་བཞི་དེའི་ནང་དུ་ཚེས་བཅོ་ལྔ་འཁྲུངས་སྐར་དང་སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེན་ཞེས་དབྱིན་ཡིག་གིས་གསལ་ཐག་ཆོད་བྲིས་འདུག
གཙུག་ལག་སློབ་དཔོན་ལ་དྲི་བའི་ལན་ཡེ་ཤེས་ནས་བཏབ་འདུག སྟོན་པ་འཁྲུངས་པ་ས་གའི་ཚེས་བརྒྱད་ལ་འཁྲུངས་པའི་ལུངས་ཁུངས་གཅིག་སྟོན་ཟེར་ན། སྨན་རྩིས་ཁང་ལོ་ཐོ་བསྡུས་པ་ན་ས་གའི་ཚེས་བཅོ་ལྔ་ལ་འཁྲུངས་སྐར་ཡིན་ཟེར་ནས་གསལ་ཐག་ཆོད་བཀོད་འདུག་ཟེར། འདི་ཚེས་བརྒྱད་ཡིན་པའི་སྒྲུབ་བྱེད་ལ་ཚེས་བཅོ་ལྔ་ཞེས་གསལ་ཐག་ཆོད་བཀོད་འདུག་ཟེར་ན་བཞད་གད་མ་ཡིན་ནམ།
ལུམ་བྷིའི་ཚལ་དུ་གླ་ཤའི་གདོང་པོ་ལ།
ལག་པ་གཡས་པས་ཡལ་ག་བཟུང་བ་ཚེ།
སྤྲིན་དཀར་དབུས་ནས་གློག་འཕྲིན་ཁྱུག་པ་ལྟར།
རྩིབ་ལོག་གཡས་ནས་གཞོན་ནུ་བདེ་བར་བལྟམས།
བོད་རྒྱ་ཚིག་མཛོད་ཆེན་མོ་ལས།
་་་ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་ཡུམ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས། ལྕགས་ཕོ་སྤྲེལ་ལོའི་ས་ག་ཟླ་བའི་ཚེས་བདུན་ལ་ལུམྦི་ནའི་ཚལ་དུ་སྐུ་བལྟམས། ་་་ ཞེས་འཁོད་འདུག
ཞི་བ་གདོང་བཞི་མིག་སྟོང་ལྡན་པ་དང་།།
དཔལ་མོ་དཔལ་དང་ཀླུ་དབང་སྟོབས་ལྡན་སོགས།།
འཇིག་རྟེན་མཆོད་འོས་རྣམས་ཀྱིས་གུས་བཏུད་པའི།།
ཐུབ་དབང་ཞབས་ཀྱི་པད་མོ་ལ་ཕྱག་འཚལ།།
སྤྱིར་བོད་མི་སུ་ཞིག་ཡིན་རུང་ཐུན་མོ་མ་ཡིན་པའི་ངག་རྒྱུན་གྱི་གསུང་ཚུལ་རེ་ཡོད་པ་དངོས་ཡོད་རེད། བོད་མི་སྤྱི་བོ་གནམ་སྟན་ཚང་མའི་གཅིག་མཚུངས་སུ་དངོད་འཛིན་ཞིག་ཡོད་པ་ནི་ས་ཟླའི་ཚེ་བཅོ་ལྔ་ཉིན་དུས་ཆེན་སུམ་འཛོམས་ཟེར་ནས་དེའི་ཉིན་དེར་གཉུང་ནས་སུ་བཞུགས་པ་དང་སྔགས་བཅད་བྱེད་པ་དམར་ཟས་སྤང་པ་སོགས་དགེ་བའི་ལས་བྱ་བ་ལ་འབད་པ་རེད་དེ་འདྲ་ཡིན་དུས་ཚེས་བཅོ་ལྔ་ལ་དངོས་འཛིན་མཛད་ན་དགེ་མཚན་ཆེ་བར་མཐོང་།
སྤྱིར་བོད་མི་སུ་ཞིག་ཡིན་རུང་ཐུན་མོ་མ་ཡིན་པའི་ངག་རྒྱུན་གྱི་གསུང་ཚུལ་རེ་ཡོད་པ་དངོས་ཡོད་རེད། བོད་མི་སྤྱི་བོ་གནམ་སྟན་ཚང་མའི་གཅིག་མཚུངས་སུ་དངོད་འཛིན་ཞིག་ཡོད་པ་ནི་ས་ཟླའི་ཚེ་བཅོ་ལྔ་ཉིན་དུས་ཆེན་སུམ་འཛོམས་ཟེར་ནས་དེའི་ཉིན་དེར་གཉུང་ནས་སུ་བཞུགས་པ་དང་སྔགས་བཅད་བྱེད་པ་དམར་ཟས་སྤང་པ་སོགས་དགེ་བའི་བྱ་བ་ལ་འབད་པ་རེད་དེ་འདྲ་ཡིན་དུས་ཚེས་བཅོ་ལྔ་ལ་དངོས་འཛིན་མཛད་ན་དགེ་མཚན་ཆེ་བར་མཐོང་།
ཨོ་ན་ང་ཚོའི་སྟོན་པ་ཆེན་པོའི་སྐུའི་འཁྲུངས་སྐར་ལོ་ངོ་གཉིས་སྟོང་ལྷག་ལ་ངོས་མ་ཟིན་པ་རེད་དམ།
སྨན་རྩིས་ལོ་ཐོར་ཚེས་གཅོ་ལྔ་ལྷུམ་སུ་ཞུགས་པའི་དུས་ཆེན་ཞེས་བྲིས་ཡོད་པ་ལས་འཁྲུངས་པར་བྲིས་མེད་སྙམ། ངས་ཁར་ཉིན་མཐོང་བའི་ལོ་ཐོ་དེ་རྒྱའི་དགེ་བསྙེན་སྐད་གཉིས་སྨྲ་བ་ཞིག་གིས་སྒྲིག་པའི་རྒྱ་རིགས་བོད་བརྒྱུད་ནང་པ་དག་གི་ཉེར་འཁོའི་ལོ་ཐོ་ཞིག་རེད། དེར་སྤྱི་ཟླ་དྲུག་པའི་ཚེས་བརྒྱད་ས་གའི་ཚེས་བདུན་ལ་སངས་རྒྱས་ཀྱི་འཁྲུངས་སྐར་ཞེས་བྲིས་འདུག
སྟོན་པ་ཉི་མ་ལྟ་བུའི་འོད་ཟེར་ལས།
བསྟན་པ་ཟླ་བ་བཞིན་དུ་གསལ་ལ་དྭངས།
བསྟན་འཛིན་སྒྱུ་སྐར་བཞིན་དུ་ཕྱོགས་བཞིར་ཁྱབ།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།
གང་གི་བློ་གྲོས་ཀུན་གསལ་འཇམ་དཔལ་དབྱངས།
སྙིང་རྗེའི་བདག་ཉིད་རྒྱལ་སྲས་སྤྱས་རས་གཟིགས།
ལྟ་བའི་རྒྱལ་པོ་ཀླུ་སྒྲུབ་ཟླ་གྲགས་དང་།
སྤྱོད་པའི་རྒྱལ་པོ་བྱམས་པ་ཐོགས་མེད་སོགས།
སྟོན་པ་འདི་ཡི་འཕྲིན་ལས་ཕྱོགས་བཞིར་ཁྱབ།
བདག་གི་ཕ་ཡུལ་གངས་ལྗོངས་འདི་རུ་ཡང་།
ཆོས་རྒྱལ་སློབ་དཔོན་མཁན་ཆེན་ལོ་ཙ་ཡིས།
ཐོག་མའི་ཆོས་ཀྱི་རྩིག་རྨང་བཙན་པོར་བཏིངས།
མཐའ་ཁོབས་ཡུལ་ལ་ཆོས་ཀྱི་དར་ཤིང་བཙུགས།
འཇམ་དབྱངས་འཁོན་རིགས་མར་མི་དྭགས་སོགས་ཀྱིས།
བཤད་སྒྲུབ་བསྟན་པའི་རྩིག་ཆེན་ཕྱོགས་བཞིར་བརྩིགས།
མདོ་སྔགས་བསྟན་པའི་བང་མཛོད་བསྐངས་བས་ན།
ཆོས་ལྡན་ཞིང་ཁམས་ས་སྟེང་འདི་རུ་བཀྲམས།
འཇམ་དཔལ་དབྱངས་ཀྱི་རྣམ་སྤྲུལ་ཙོང་ཁ་པ།
སྤྱས་རས་གཟིགས་ཀྱི་རྣམ་སྤྲུལ་ཐམས་བཅད་མཁྱེན།
འོད་དཔག་མེད་ཀྱི་འཕྲིན་ལས་པན་ཆེན་སོགས།
སངས་རྒྱས་གྲངས་མེད་བྱོན་ནས་རྒྱན་མཚན་བཙུགས།
ཨེ་མ་སྟོན་པ་སྐྱོན་བྲལ་དྲང་ཚུགས་ཆེ།
ཨེ་མ་བསྟན་པ་ཟབ་གསལ་སྐྱེ་རྒུའི་སྨན།
ཨེ་མ་བསྟན་འཛིན་རྟོགས་སྤྱོད་ལྷ་ལས་མཐོ།
ཀུན་ཀྱང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ།
ཅེས་རིས་མེད་གངས་ལྗོངས་བསྟན་པ་རྒྱས་པའི་སྨོན་ལམ་འདིས། གངས་ཅན་པ་རྣམ་ཀྱི་བསམ་པའི་དོན་རྣམས་མྱུར་གྲུབ་ནས། གངས་ལྗོངས་ཆོས་ལྡན་ཞིང་ཁམས་ལ། སླར་ཡང་དགའ་འཛོམས་ཡོང་བའི་སྨོན་ལམ་ཞུ།
སྭ་བ་མངྒ་ལམ།
པད་མ་འབྱུང་གནས་ཐུགས་སྤྲུལ་ཨ་ཏི་ཤ།
དེ་ཡི་ཡང་སྤྲུལ་བློ་བཟང་གྲགས་པའི་དཔལ།
ཁོང་གིས་མཛད་པའི་མདོ་སྔགས་རིན་ཆེན་ལ།
ལོངས་སྤྱོད་འདོད་ན་ཐོན་མིའི་གཞུང་ལ་འབད།
ཅེས་པ་འདི་བོད་ཡིག་སློབ་པར་སྐུལ་ལོ།
ཁྲག་སྐྱུག་ཅེས་པ་ཆུ་ཕག་ལོའི།།
དཔྱིད་ཐ་ས་ག་ཟླ་བའི་ཉར།།
གླང་ཆེན་མཆེ་བ་དྲུག་ལྡན་གྱི།།
རྣམ་པས་ལྷུམས་སུ་ཞུགས་པའོ།།
ཤིང་བྱི་ས་ག་ཟླ་བའི་ཉར།།
ལྷ་མོ་སྒྱུ་འཕྲུལ་རྩིབས་གཡས་ནས།།
ལུམྦིའི་ནི་ཡི་དགའ་ཚལ་དུ།།
ངོ་མཚར་ལྟས་དང་བཅས་པ་བལྟམས།།
བདག་ཅག་གི་སྟོན་པ་ཟླ་བཅུ་གཉིས་ཀྱི་རིང་ཡུམ་གྱི་ལྷུམས་སུ་བཞུགས་རེད་དམ།
ང་ཚོ་ལ་སྟོན་པ་གཅིག་པུའི་འཁྲུངས་སྐར་ཡང་བདེན་དབང་བྱེད་ཐུབ་པ་ཞིག་ཡོད་པ་མ་རེད། དངོས་གནས་སེམས་པ་སྐྱོ་བ་ལ།
༈ བསྟན་པའི་རྩིས་ཀྱི་རྣམ་གཞག་ཀྱང༌། །གཅིག་ཏུ་མི་གནས་གྲངས་ལས་འདས། །སོ་སོའི་བཞེད་ཚུལ་མང་ན་ཡང༌། །ཕལ་ཆེར་སྔོན་བྱོན་མཁས་རྣམས་ཀྱིས། །ལུང་རིགས་རྣོན་པོས་བཀག་པ་མང༌། །དེང་སང་ཡོངས་སུ་གྲགས་པ་ནི། །མཚུར་ཕུག་གཉིས་ཀྱི་བསྟན་རྩིས་ལགས། །སྔ་མས་རྒྱུད་ཀྱི་དངོས་བསྟན་ལ། །བརྒྱ་དང་བརྒྱད་ཅུས་དམན་མཛད་པ། །གཟའ་འཛིན་གཟའ་བཞི་འགྲིགས་ན་ཡང༌། །ཏེ་ལོའི་ལུང་བསྟན་རྒྱུད་དང་འགལ། །ཕྱི་མས་ལོ་གསུམ་བསྣན་མཛད་པ། །གཟའ་འཛིན་ཙམ་ཞིག་འགྲིགས་ན་ཡང༌། །སྲིད་གསུམ་རྣམ་རྒྱལ་དུས་ཆེན་སོགས། །ཟབ་མོའི་རྒྱུད་དོན་བརྫུན་དུ་སོང༌། །དེ་ཕྱིར་ཀུན་མཁྱེན་བུ་སྟོན་དང༌། །གཡུང་སྟོན་མཁས་གྲུབ་ཐམས་ཅད་མཁྱེན། །ཀུན་གཟིགས་རྣམ་གསུམ་དགོངས་པའི་གཞིར། །མཁས་གྲུབ་ལྷ་དབང་བློ་གྲོས་ཀྱིས། །རྒྱུད་ཀྱི་སྦས་དོན་མངོན་ཕྱུང་བའི། །བཞེད་ཕུགས་བཅུད་བསྒྲིལ་ཕྱི་མའི་ལུགས། །མངོན་སངས་རྒྱས་ཚེ་ཟླ་འཛིན་དང༌། །དུས་འཁོར་གསུང་དུས་སྟོན་མཆོག་གི །ཕྱོགས་བཞིར་ཉི་ཟླ་གདོང་མཇུག་གཟའ། །ཉ་བས་སྲིད་གསུམ་རྣམ་རྒྱལ་འཛོམ། །སྡོམ་བྱུང་རྒྱུད་ལས་ཉིས་སྟོང་ལ། །ཏེ་ལོ་འབྱུང་བའི་ལུང་བསྟན་དང༌། །འཁྲུངས་སྐར་རྒྱལ་དང་མི་འགལ་བའི། །འཁྲུལ་མེད་འགྲིགས་པའི་ངོ་མཚར་འབུམ། །དེ་ལྟར་རྩིས་གཞུང་གཞན་རྣམས་ཀྱིས། །བསྐལ་པར་བསྒྲུབ་ཀྱང་མི་འཆར་ཞེས། །སེང་ཆེན་ང་རོ་བསྒྲགས་པ་བཞིན། །ཀུན་གྱིས་རྙེད་དཀའི་ལུགས་འདི་གཟུང༌།།
མ་གཞི་རང་རེའི་སྟོན་པ་མཚུངས་ཟླ་མེད་པ་དེ་ཉིད་ཀྱི་འཁྲུངས་སྐར་སྲུང་བརྩི་བྱས་པར་ལེགས་ཀྱང་དུས་ཚོད་གཏན་ཁེལ་མེད་པས་རྩོད་ཟིང་ལས་ཡོང་ཁག་པོ་འདུག
http://www.rangwang.net/index.php?essayId=1836
༄༅། །སྟོན་པ་ཐུགས་རྗེ་ཅན་ཤཱཀྱ་ཐུབ་པའི་འཁྲུངས་སྐར་ངེས་པའི་གླེང་བརྗོད་པ་མཆོད་སྤྲིན་རྒྱ་མཚོ། །ན་མོ་གུ་ར་ཝེ། བླ་མ་སྟོན་པ་བཅོམ་ལྡན་འདས་རྒྱལ་བ་་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། གང་གི་མཁྱེན་པའི་ཉི་མ་ཡིས། །མི་ཤེས་མུན་པ་དྲུང་འབྱིན་ཅིང་། །དྲན་པས་མ་རུང་སྨྱོན་པའི་ཡིད། །ཞི་བར་མཛད་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གང་ཟག་སོ་སོའི་་ལས་སྣང་དང་མཐུན་པར་རྒྱལ་བ་ཐབས་མཁས་པས་མཛད་པ་རླབས་པོ་ཆེ་བསྟན་པ་གང་ཡིན་ཡང་གུས་པར་བྱ་བའི་ཡུལ་ལོ། །ཀམས་དང་དབང་པོ་སོགས་མཁྱེན་པའི་སྟོབས་མཐའ་དག་རྫོགས་པས་གང་འདུལ་གྱི་མཛད་པ་བསྟན་པ་ནི་བསམ་མི་ཁྱབ་པའི་ཡུལ་དེ་བདག་ལྟས་ཁ་ཚོན་ག་ལ་ཆོད། །འོན་ཀྱང་འདིར་མཁས་པ་རྣམས་ཀྱི་ལེགས་བཤད་ལ་བརྟེན་ཅིང་ཅུང་ཟད་སྨྲ་བར་བྱ་བ་ལ། དང་པོ་ས་ག་ཟླ་བའི་་འཁྲུང་སྐར་ཁུངས་བསྟན་པ། གཉིས་པ་མཁས་པ་སོ་སོའི་འདོད་ལུགས་བྱེ་བྲག་ཏུ་བཤད་པ། གསུམ་པ་དུས་ཆེན་གྱི་ཕན་ཡོན་བཤད་པའོ། །ས་ག་ཟླ་བའི་བའི་དུས་འདིར་དུས་ཆེན་གསུམ་འཛོམས་ཡིན་ཅེས་གངས་ཅན་ལྗོངས་སུ་རླུང་རྟར་གྲགས་པ་ཁུངས་མེད་པ་མིན་ཏེ། ཉིན་ཕྱེད་དང་ནམ་ཕྱེད་ཚོགས་དུས་ཀྱི་འཛིན་མཚམས། སྔ་ཕྱིའི་སྐར་ཆ་སོགས་མ་ཤེས་ན་རྩོད་སྙོག་ཅུང་ཟད་ཆེ་ཡང་། འདིར་མདོར་བསྡུས་ཏེ་བཀོད་ན། ༡༽ འཁྲུངས་སྐར་ནི། ས་ག་ཟླ་བའི་ཚེས་བདུན། རེས་འགྲོགས་ཟླ་བའི་སྐར་མ་རྒྱལ། རྒྱལ་འཆར་བའི་དུས་སྦྱོར་རྐང་པ་དང་པོ། གཟར་ཐིག་ལེ། ཆུ་ཚོད་བཅོ་ལྔ་། ཟླ་བའི་སྐར་མ་བདུན། ཆུ་ཚོད་སྟོང་པ། ཉི་མའི་སྐར་མ་ཐིག་ལེ། ཆུ་ཚོད་ང་བདུན་འཆར་བས་ཚེས་ཞག་བརྒྱད་ལ་འགྲིགས་པ་ཡིན་ནོ། ། འདིའི་ཁུངས་ནི་འདུལ་བ་ལུང་དང་། ཉི་་མའི་སྙིང་པོས་ཞུས་པ་དང་། མདོ་རྒྱ་ཆེར་རོལ་བ། འདུས་པ་རིན་པོ་ཆེའི་ཏོག རྙིང་མའི་བཀའ་བརྒྱད་རྫོང་ཕྲང་སོགས་ཀྱི་དགོངས་པ་སྟེ། ས་ག་ཟླ་བ། ཚེས་གྲངས་བརྒྱད། སྐར་མ་རྒྱལ་བཅས་མཐུན་པར་གསུངས་སོ། ། ལོ་ཁམས་སོགས་དམིགས་སུ་སྨོས་མེད་པའང་ཡོད་མོད། ཡོངས་སུ་གྲགས་པ་དུས་འཁོར་ཕུག་ལུགས་པའི་བརྩི་ཚུལ་གོང་བཞིན་ནོ། ། འདུལ་བ་ལུང་དང་། ཉི་མའི་སྙིང་པོའི་མདོ་མཐུན་པར་། དཔྱིད་ཟླ་ཐ་ཆུང་ལ་སྟོན་པ་སྐུ་ལྟམས་ཞེས་དང་། སྐར་མའི་ཆུ་ཚོད་ཀྱི་དབང་གིས་ཚེས་བདུན་དང་་བརྒྱད་ཅེས་བྱུང་ལ། འདུལ་བ་མདོ་རྩའི་འགྲེལ་ཆུང་ལས། ཚེས་བདུན་ལ་སངས་རྒྱས་ཡུམ་གྱི་ལྷུམ་ནས་བལྟམས། ཞེས་པ་སྐར་རྩིས་དང་མཐུན་པ་ཡིན་ནོ། ། རྒྱལ་དབང་ལྔ་བ་ཆེན་པོས། བོད་ཡུལ་དུ་ལྕགས་ཕོ་སྤྲེའུར་འབོད་པའི་ས་གས་ཉ་བ་མེ་ཏོག་ཅན་གྱི་ཟླ་བ། རྒྱ་ནག་པ་སི་ཡོལ་དུ་བརྗོད་པའི་ཡར་གོས་ཚེས་བདུན་གྱི་རེས་གཟའ་འོད་ཟེར་བདུན་པ་དང་། ལས་སྐར་རྒྱལ་ལ་བབ་པ་ན་ལིམྦི་ནིའི་ནགས་སུ་སྐུ་བལྟམས། ཞེས་དང་བཻ་དཀར་ཏུ། དྲག་པོ་ལྕགས་སྤྲེལ་ས་ག་ཟླའི། །ཚེས་བདུན་ཟླ་སྐར་རྒྱལ་གྱི་དུས། །མངལ་དུ་ཟླ་བ་བཅུ་རྫོགས་ནས། །ལིམྦིའི་ཚལ་དུ་སྐུ་བལྟམས་ལོ། ། ཞེས་དང་། ཕུག་ལུགས་པས་སྐར་རྩིས་ཕྱིར་ལོག་བྱས་ཏེ་བརྩིས་ན་མདོ་རྒྱུད་གྱི་དགོངས་པར་མཐུན་ཞིང་། ས་ཟླའི་ཚེས་བདུན་འཁྲུལ་མེད་དུ་གྲུབ་ཚུལ་ནི། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས། རྒྱ་ཆེར་རོལ་བའི་དགོངས་པ་ཇི་བཞིན་པར། །ས་ག་ཟླ་བའི་རྒྱལ་ནུབ་དུས་སྦྱོར་དང་། །སླར་ཡང་བཅུ་གཉིས་ལ་ཉེ་་ཟླ་བའི་མཐར། །སྐུ་བལྟམས་དུས་མཐུན་ཡན་ལག་དང་པོ་གྲུབ། །བལྟམས་པའི་ཟླ་བ་དཔྱིད་ཟླ་དུས་ཚེས་བརྒྱད། །འདུལ་བའི་ལུང་དང་མྱ་ངན་འདུས་མདོར་གསུངས། །འཁྲུངས་སྐར་རྒྱལ་དུ་རིན་ཅེན་ཏོག་ལས་བཤད། །མངོན་སུམ་འདིར་འཆར་ཡན་ལག་གཉིས་པ་ཡིན། །ཁྱིམ་ནས་ཁྱིམ་མེད་རབ་ཏུ་བྱུང་བའི་དུས། །ནམ་གུང་རྒྱུ་སྐར་རྒྱལ་འཆར་དེ་ཡི་ཚེ། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་མཛད་པ། །ཇི་བཞིན་གསལ་བྱེད་ཡན་ལག་གསུམ་པར་འགྱུར། །རྫོགས་སངས་རྒྱས་དུས་ཟླ་བ་དགྲ་གཅན་ནི། །ནམ་གྱི་གུང་ཟིན་ཐོ་རངས་སྐབས་སུ་གྲོལ། །རྣམ་པར་དག་པ་རི་མོའི་ལམ་ཉིད་ནས། །འདིར་རུ་གསལ་འཆར་ཡན་ལག་བཞི་པའོ། །དུས་འཁོར་གསུང་ཚེ་གཟའ་བཞི་གནས་པའི་ཚུལ། །ནཱ་རོ་པས་པས་མཛད་མདོར་བསྟན་འགྲེལ་པ་རུ། །དུས་འཁོར་རྩ་རྒྱུད་ལུང་ཚིག་དོན་ཅི་བཞིན། །འཁྲུལ་མེད་འདིར་མཆིས་ཡན་ལག་ལྔ་པ་ཡིན། །ཉན་ཐོས་དབྱར་གནས་གྲངས་དང་ཐེག་ཆེན་མདོ། །དུ་མ་དགོངས་དོན་མཐུན་པར་ཐུན་མོང་ངོར། །ཐུབ་དབང་དགུང་ལོ་བརྒྱད་ཅུར་གསུང་པ་ཉིད། །ཕྲི་བསྣན་མེད་འགྲིགས་ཡན་ལག་དྲུག་པར་སེམས། །བསླད་མེད་རྫོགས་ཆེན་བབ་ལུགས་རྒྱུད་གཞུང་དང་། །བསྟན་བཅོས་ཀུན་མཐུན་སངས་རྒྱས་མྱང་འདས་ལོ། །ཤིང་མོ་གླང་ཉིད་ངེས་པ་བརྟན་པོ་མཛད། །ཇི་བཞིན་འདིར་འབབ་ཡན་ལག་བདུན་པ་ཡིན། །འདས་ལོའི་གྲངས་ཀྱང་སྔོན་གྱི་དུས་འཁོར་མཁན། །ཕལ་ཆེ་ཉིད་དང་ཁྱད་པར་རྒྱལ་བ་ཡི། །རྣམ་འཁྲུལ་ཤིང་རྟའི་སྲོལ་འབྱེད་བཞེད་པ་སྟེ། །རང་བཟོས་མ་བསླད་ཡན་ལག་བརྒྱད་པ་ཡིན། །དེ་ལྟར་རྣམ་པར་དག་པ་ཡི། །ཡོན་ཏན་ཡན་ལག་བརྒྱད་དང་ལྡན་གྱུར་པ། །འདིར་བལྟ་ཟུར་གནས་བློ་ལྡན་འགའ་ཡོད་ན། །ཡིད་ཆེས་སྐྱེ་བའི་གནས་སུ་བདག་གིས་བརྗོད། །ཅེས་གསུང་པ་སོགས་དུས་འཁོར་བ་རྣམས་ཀྱི་བསྟན་རྩིས་ལ་བརྟེན། ཨ་ལགས་ཚེ་ཏན་ཞབས་དྲུག་ཚང་གིས་དྷྲུ་ཝ་ཡར་ཡར་སློག་གིས་སངས་རྒྱས་ཀྱི་འདས་ལོ་ཡིད་ཅེས་བསྐྱེད་པའི་བསྟན་བཅོས་ཞིག་ཡོད་པར་གཟིགས་ན་སངས་རྒྱས་ཀྱི་འཁྲུངས་སྐར་ལས་སླ་བོའི་སྒོ་ནས་རྟོགས་ཐུབ་པར་འགྱུར་རོ། །༢༽ སངས་རྒྱས་པའི་དུས་ནི།དཔྱིད་ཐ་ཆུང་ས་ག་ཟླ་བ། ཚེས་བཅུ་དྲུག་པ། དུས་ཀྱི་སྐར་མ་ལྷ་མཚམས། ཉིན་རྩིས་ལ་གཟའ་གཅིག ཆུ་ཚོད་སོ་བརྒྱད། ཟླ་བའི་སྐར་མ་བཅུ་དྲུག །ཅུ་ཚོད་སྟོང་པ་སྟེ་་ཚེས་འཁྱུད་དོ། ཉི་མའི་སྐར་མ་གཉིས། ཆུ་ཚོད་སུམ་བཅུ། དགྲ་གཅན་རྩ་སྐར་བཅུ། ཆུ་ཚོད་སུམ་ཅུ། གདོང་སྐར་བཅུ་དྲུག ཅུ་ཚོད་ཉེར་དགུ་འཆར་བ་ཡིན་ནོ། །འདིའི་ཁུངས་ནི། འདུལ་བ་ལུང་ལས་སངས་རྒྱས་ཚེ་ཟླ་བ་སྒྲ་གཅན་གྱིས་ཟིན་པ་དང་སྲས་འཁྲུངས་པར་དགྲ་གཅན་འཛིན་ཞེས་མཚན་གསོལ་བ་དང་། མདོ་རྒྱ་ཆེར་རོལ་པར། སྐར་མ་ས་ག་ལ་བབ་པ་ན་མངོན་པར་རྫོགས་པ་སངས་རྒྱས། ཞེས་དང་། དུས་འཁོར་དྲི་མེད་འོད་ལས། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མགཽན་པར་རྫོགས་པ་སངས་རྒྱས། ཞེས་གསུངས་སོ། །༣༽ མྱ་ངན་ལས་འདས་པའི་དུས་ནི། དཔྱིད་ཐ་ཆུང་ས་ག་ཟླ་བ། ཚེ་བཅོ་ལྔ། སྐར་མ་གྲོ་ཞུན། དུས་ནམ་གུང་ངོ། ། འདིའི་ཁུངས་ནི། ཉི་མའི་སྙིང་པོའི་མདོ་ལས། དཔྱིད་ཐ་ཅུང་ལ་ནག་པས་མཚན་མོ་ཐོབ་པར་གསུངས་པ་དང་། འདུལ་བ་ལུང་ལས། ས་གའི་ནམ་གྱི་གུང་ཐུན་ལ་མྱ་ངན་ལས་འདས་པར་གསུངས་པ་དང་། དུས་འཁོར་འགྲེལ་ཆེན་ལས། ས་གའི་ཉའི་སྐྱ་རེངས་འཆར་བའི་དུས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས། ཞེས་པ་སོགས་ཀྱིས་ངེས་པ་རྙེད་པ་ཡིན་ནོ། ། དུས་ཚོད་བྲེལ་བ་ཆེ་བས་དེ་རིང་དེ་ཙམ་ཞུ། །
གཉིས་པ་མཁས་པ་སོ་སོའི་འདོད་ལུགས་བྱེ་བྲག་ཏུ་བཤད་པ་ལ། ། ༡༽སྟོན་པ་ཐུགས་རྗེ་ཅན་(མེ་རྟ་)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། དགེ་ལྡན་རྩིས་གསར་སོགས་གྱི་བཞེད་པ་སྟེ།སངས་རྒྱས་མེ་རྟ་ལ་འཁྲུངས། ཆུ་རྟ་ལ་སངས་རྒྱས། ཆུ་ལུག་ལ་དུས་འཁོར་གསུངས། མེ་སྟག་ལ་འདས་པའི་མེ་ཡོས་ལ་འདས་ལོ་དང་པོ་ཚུགས། འདི་ལྟར་བཞེད་མཁན་མཁས་གྲུབ་དགེ་ལེགས་དཔལ་བཟང་། ས་སྐྱ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཇོ་ནང་ཕྱོགས་ལས་རྣམ་རྒྱལ། བྱང་པ་རྣམ་རྒྱལ་གྲགས་བཟང་། ཐེལ་པ་ཀུན་དགའ་རྒྱལ་མཚན། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུ། སུམ་པ་ཡེ་ཤེས་དཔལ་འབྱོར་སོགས་སོ། ། ༢༽སྟོན་པ་ཐུགས་རྗེ་ཅན་(ཤིང་སྟག)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། ཙནྡན་ཇོ་བོའི་ལུགས་སྟེ། ཤིང་ཕོ་སྟག་གི་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ལ་རྒྱ་གར་དུ་བཅོམ་ལྡན་འདས་སྐུ་འཁྲུངས། དེའི་འོད་དང་ཆོ་འཕྲུལ་རྣམས་རྒྱའི་ཡུལ་དུའང་མཐོང་བས། རྩིས་པ་རྣམས་ཀྱིས་རྩེས་བྱས་ཏེ། སངས་རྒྱས་བྱོན་པར་ཤེས། རྒྱལ་བུ་དོན་གྲུབ་ལོ་བཅུ་དགུ་ལོན་ནས་མངོན་པར་བྱུང་། དགུང་ལོ་སུམ་བཅུ་ལ་སངས་རྒྱས། དེ་ནས་ལོ་བརྒྱད་ཡུམ་ལ་ཆོས་འཆད་པའི་དོན་དུ་ལྷའི་ཡུལ་དུ་བྱོན། དེའི་ཤུལ་དུ་རྒྱལ་པོ་ཨུ་ཏྲ་ཡ་ནས་མོའུ་འགལ་གྱི་བུ་ལ་བསྐུལ་ཏེ། དེས་ལྷའི་ཡུལ་དུ་བཅོམ་ལྡན་འདས་ཀྱི་སྐུ་ཙནྡན་ལས་བཞེངས་ནས་མིའི་ཡུལ་དུ་གདན་དྲངས། བཅོམ་ལྡན་འདས་ལྷ་ལས་བབས་པའི་ཚེ་ཙནྡན་གྱི་སྐུ་དེ་བཞེངས་ནས། བཅོམ་ལྡན་འདས་ལ་དབུ་བཏུད་དེ་སྤྱི་བོར་ཕྱག་བཞུ་ནས། མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ། སྐུ་འདི་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་ཞེས་ལུང་བསྟན། དེ་ནས་ལོ་བཞི་བཅུ་ཞེ་གཉིས་ཏེ། དགུང་ལོ་བརྒྱད་ཅུ་ལ་མྱ་ངན་ལས་འདས། ཞེས་དང་བསྟན་རྩིས་ཀུན་བཏུས་ལས། ཙནྡན་ཇོ་བོའི་ལོ་རྒྱུས་ཀྱི་ལུགས་ལ་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་བའི་དེབ་ཐེར་སྔོན་པོར་བཀོད་པ་ལྟར་ན། རྒྱ་ནག་གི་ལུགས་ལ་སྟོན་པ་ཤིང་ཕོ་སྟག་ལ་འཁྲུངས། མེ་ཕག་ལ་སངས་རྒྱས། བརྒྱད་ཅུ་བ་ཆུ་མོ་བྱ་ལ་མྱ་ངན་ལས་འདས་སོ། ། འདིའི་ལུགས་འདོད་པ་ནི། འགོས་ལོ་གཞོན་ནུ་དཔལ། ཐང་རྒྱལ་རབས། ལྕང་སྐྱ་རོལ་པའི་རྡོ་རྗེ་སོགས་ཀྱིས་གསུང་ཡང་། །ལྕང་སྐྱས་མཐའ་གཅིག་ཏུ་བཞེད་པ་མིན་ནོ། ། ༣༽སྟོན་པ་ཐུགས་རྗེ་ཅན་(ཤིང་བྱི)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། བཀའ་ཐང་ཤེལ་བྲག་མར། ཐུབ་དབང་སུམ་ཅུ་སོ་ལྔའི་ལོ་ལོན་ནསཿ སྐྱེ་བ་ལྕགས་པོ་ཁྱི་ཡི་ལོ་ལ་ནིཿ སྔོན་ཆད་མ་བསྐོར་ཆོས་ཀྱི་འཁོར་ལོ་བསྐོར༔ ཞེས་དང་། ཤིང་ཕོ་བྱ་ལོ་མེ་པོ་བྱི་བའི་ཟླཿ ཚེས་བརྒྱད་ནམ་གུང་ཐུབ་པ་མྱ་ངན་འདསཿ ཞེས་གསུངས་པ་འདོད་མཁན་ནི། གཡུང་སྟོན་རྡོ་རྗེ་དཔལ་བཟང་། འབྲུག་པ་པདྨ་དཀར་པོ། འཇམ་དབྱངས་མདོ་སྔགས་བསྟན་འཛིན་སོགས་སོ། །ཕུག་པ་ལྷུན་གྲུབ་རྒྱ་མཚོས་འདི་ལ་དགག་པ་གནང་ཡོད། །༤༽སྟོན་པ་ཐུགས་རྗེ་ཅན་(ཤིང་གླང་)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ལུགས་སྟེ། སངས་རྒྱས་ཤིང་བྱི་ལ་ལྷུམས་སུ་ཞུགས། ཤིང་གླང་ལ་བལྟམས། ཆུ་སྦྲུལ་ལ་རབ་ཏུ་བྱུང་། ས་ཕག་ལ་སངས་རྒྱས། ཤིང་སྤྲེལ་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་འདས་པར་བཞེད་། འདི་འདོད་མཁན། མཆིམ་ནམ་མཁའ་གྲགས། དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཡིན་ནོ། ། ༥༽སྟོན་པ་ཐུགས་རྗེ་ཅན་(ས་འབྲུག)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། ས་སྐྱའི་ལུགས་སྟེ། སངས་རྒྱས་མེ་ཡོས་ས་ཟླའི་ཉ་ལ་ལྷུམས་སུ་ཞུགས། ས་འབྲུག་ས་ཟླའི་ཚེས་བརྒྱད་ལ་བལྟམས། ཆུ་སྟག་ལ་སངས་རྒྱས། མེ་ཕག་ལ་འདས་པར་བཞེད་དོ། ས་ཆེན་བསོད་ནམས་རྩེ་མོས་ཆོས་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས་མཛད་ནས་བརྩིས་པའི་རྗེས་འབྲངསནི། བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་སོགས་སོ། །༦༽སྟོན་པ་ཐུགས་རྗེ་ཅན་(མེ་ལུག)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། པཎ་ཆེན་བྱམས་གླིང་པ་དང་། འཇམ་དབྱངས་ཆོས་ཀྱི་མགོན་པོ་སོགས་ཡིན་ནོ། །༧༽སྟོན་པ་ཐུགས་རྗེ་ཅན་(ལྕགས་སྤྲེལ)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། ད་ལྟ་བོད་ན་ཡོངས་སུ་གྲགས་པ་ཕུག་ལུགས་པའི་བཞེད་པ་སྤེ། སངས་རྒྱས་ས་ལུག་ལ་ལྷུམས་སུ་ཞུགས། ལྕགས་སྤྲེལ་ལ་འཁྲུངས། ཤིང་རྟ་ལ་སངས་རྒྱས། ལྕགས་འབྲུག་ས་ཟླའི་ཉ་ལ་མྱ་ངན་ལས་འདས་པར་བཞེད། འདི་འདོད་མཁན། ཕུག་པའི་རྗེས་འབྲངས་སྤྱི་དང་། སྨིན་གླིང་ལོ་ཆེན་སོགས་སོ། །༩༽སྟོན་པ་ཐུགས་རྗེ་ཅན་(མེ་ལུག)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། མཚུར་ཕུའི་ལུགས་སྟེསངས་རྒྱས་ཤིང་བྱི་ལ་འཁྲུངས། ས་བྱི་ལ་སངས་རྒྱས། ཆུ་ལུག་ས་གའི་ཉ་ལ་འདས། ཤིང་སྤྲེལ་ལ་འདས་ལོ་དང་པོ་ཚུགས་པར་བཞེད་དོ། །༩༽སྟོན་པ་ཐུགས་རྗེ་ཅན་(མེ་སྤྲེལ)ལ་འཁྲུངས་བར་འདོད་པའི་ཕྱོགས་ནི། གནས་བརྟན་ལུགས་སྟེ། སངས་རྒྱས་མེ་སྤྲེལ་ལ་འཁྲུངས། མེ་འབྲུག་ལ་འདས་ནས་མེ་སྦྲུལ་ལ་འདས་ལོ་དང་པོ་ཚུགས་པར་བཞེད་པ་སོགས་གྲགས་ཆེ་བའི་རིགས་དང་། །གཞན་ཡང་། པཎ་ཆེན་ཤཱཀྱ་ཤྲཱིས་་(མེ་བྱ)ལ་འཁྲུངས་པར་བཤད་པདང་། །སྣེལ་བ་པཎ་ཆེན་གྱིས་སྨོན་ལམ་ཚུལ་ཁྲིམས་ཀྱིས་(ཆུ་བྱི)ལ་འཁྲུངས་པར་བཞེད།རས་ཆུང་ལུགས་ལ་། དེབ་སྔོན་ལས། སྤྱིར་སྟོན་པ་འདས་ནས་ལོ་སུམ་སྟོང་བཞི་བརྒྱ་དང་ལྔ་བཅུ་རྩ་བརྒྱད་མེ་ཕོ་སྤྲེའུ་ཡན་ལ་སོང་བ་རས་ཆུང་ལུགས་ཀྱི་བསྟན་རྩིས་ཡིན། ཞེས་པ་ལྟར་ན་ས་རྟ་ལ་སངས་རྒྱས་འདས་པར་བཞེད་པ་སོགས་ཁྱབ་ཆུང་བའི་འདོད་པ་ཅི་རིགས་པ་་ཡོད་དོ། །ཚེས་ཀྱི་ཁྱད་པར་ཡང་། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུས། མདོ་སྡེ་མྱང་འདས་ཆེན་པོ་དང་། བོད་སྔགས་རྙིང་པའི་བཀའ་བརྒྱད་རྫོང་འཕྲང་དང་། །རྒྱ་ནག་བསམ་གཏན་མཁན་རྣམས་མཐུན་པར་ས་ག་ཟླ་བའི་ཚེས་བརྒྱད་ལ་སངས་རྒྱསཔར་བཞེད། ། རྒྱ་གར་གྱི་སློབ་དཔོན་དཱ་རི་ཀ་སོགས་མ་རྒྱུད་སྨྲ་བ་པོས་མར་ངོའི་ཚེས་བཅུར་སངས་རྒྱས་པར་འདོད། ཅེས་གསུངས་སོ། །ཕུག་པ་ལྷུན་གྲུབ་རྒྱ་མཚོ་དང་། ཀཿཐོག་རིག་འཛིན་ཆེན་པོ་གཉིས་ཀས་འདོད་པ་སྣ་ཚོགས་ལ་དཔྱད་པ་གནང་ཡོད་པ་ནི་སོ་སོའི་གཞུང་ལས་ཤེས་པར་བྱའོ། །ཕྱིས་འབྱུང་ཚེ་ཏན་ཞབས་དྲུང་གི་བསྟན་རྩིས་སུ་རྒྱས་པར་བཞུགས་པ་དང་། དུང་དཀར་བློ་བཟང་ཕྲིན་ལས་ཀྱིས་རེའུ་མིག་ཏུ་བཀོད་ཡོད་པ་མཁས་པ་མགུ་བའི་ལེགས་བཤད་ཡིན་པས་འདིར་དཔེ་མ་འབྱོར་ཡང་དོན་གཉེར་ལྡན་པ་རྣམས་ཀྱིས་འབད་པས་བཙལ་སྟེ་གཟིགས་པར་འཚལ། །དུས་དབང་གིས་བརྩི་ལུགས་ནོར་བ་ཡང་ཡོད་སྲིད་པས་ཆོས་ཀྱིས་སྤྱན་ལྡན་རྣམས་བཟོད་པར་གསོལ་ལོ། །
བྱམས་མགོན་རྒྱལ་ཚབ་དབང་བསྐུར་ས་གའི་ཚེས། །བཅོ་ལྔའི་ནམ་གྱི་གུང་ལ་ལྷུམས་སུ་ཞུགས། །
ལྕགས་སྤྲེལ་ཆུ་ཟླའི་བཅོ་ལྔར་བལྟམས་པ་ན། །ངོ་མཚར་ལྟས་བཅས་ས་ཆེན་ཞབས་ཀྱིས་བཅགས། །
ཞེས་གསུངས་འདུག
དྲི་མེད་ལྷག་བསམ་ནས་ངོ་ཐོག་སྐུ་ལས་སྐྱོན་ནས་འདིར་སྟོན་པ་ཐུབ་པའི་དབང་པོའི་འཁྲུངས་ཚིགས་ཀྱི་སྐོར་ལ་ཤོད་ཚུལ་མི་འདྲ་བ་དག་དྲ་ལམ་དུ་སྤྱན་བསྟར་གནང་བར་ཐུགས་རྗེ་ཆེ་ཞུ།
ངོ་མ་དྲི་མ་མེད་པའི་ལྷག་བསམ་རང་རེད།
བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡའའན་འདས།། ཞི་བསིལ་དམ་ཆོས་འགྲོ་ལ་ལགས་བསྟན་ནས།། མི་ལོ་ཉིས་སྟོང་ལྷག་ཙམ་སོང་ན་ཡང་།། ད་དུང་ཁྱེད་སྐུའི་མཛད་ཕྲིན་བླ་ན་མཐོ།།
དྲི་མེད་ལྷག་བསམ་ལགས་སུ་ཐུགས་རྗེ་ཆེ་ཞུ། བདག་ལྟ་བུའི་རྨོངས་པ་དཔེ་ཀློག་མི་ཐུབ་པ་དག་ལ་ངོ་མ་ཕན་རླབས་ཆེ་གི ཉིད་ཀྱི་ལྗགས་རྩོམ་ནང་དུ་ཚེས་བདུན་དང་བརྒྱད་གཉིས་ཀ་འདུག་པས་དོན་ངོ་མའི་འབབ་ས་ཚེས་པ་གང་ཞིག་ཡིན། གཤམ་དུ་ཉིད་ཀྱིས་བྲིས་པ་ལས་ཟུར་འདོན་ཞིག་ཞུས་ཡོད།
“འཁྲུངས་སྐར་ནི། ས་ག་ཟླ་བའི་(ཚེས་བདུན།) རེས་འགྲོགས་ཟླ་བའི་སྐར་མ་རྒྱལ། རྒྱལ་འཆར་བའི་དུས་སྦྱོར་རྐང་པ་དང་པོ། གཟར་ཐིག་ལེ། ཆུ་ཚོད་བཅོ་ལྔ་། ཟླ་བའི་སྐར་མ་བདུན། ཆུ་ཚོད་སྟོང་པ། ཉི་མའི་སྐར་མ་ཐིག་ལེ། ཆུ་ཚོད་ང་བདུན་འཆར་བས་(ཚེས་ཞག་བརྒྱད་)ལ་འགྲིགས་པ་ཡིན་ནོ། ། འདིའི་ཁུངས་ནི་འདུལ་བ་ལུང་དང་། ཉི་་མའི་སྙིང་པོས་ཞུས་པ་དང་། མདོ་རྒྱ་ཆེར་རོལ་བ། འདུས་པ་རིན་པོ་ཆེའི་ཏོག རྙིང་མའི་བཀའ་བརྒྱད་རྫོང་ཕྲང་སོགས་ཀྱི་དགོངས་པ་སྟེ། ས་ག་ཟླ་བ། (ཚེས་གྲངས་བརྒྱད། )སྐར་མ་རྒྱལ་བཅས་མཐུན་པར་གསུངས་སོ། །”
བོད་ཀྱི་བླ་རྒན་ཚོས་རང་བཟོ་བྱས་པ་ལ་གང་ཡང་ཉན་རྒྱུ་ཡོད་པ་མ་རེད། མདོ་རྒྱུད་ཀྱི་ལུང་ཞིག་ལ་གཞི་བཅོལ་ན་གཅིག་གྱུར་ཨེ་ཐུབ་རེ་བ་ཆེ། གལ་སྲིད་མ་ཐུབ་ན་རྒྱ་ནག ཐེ་ལན། བེན་ནམ། འབར་མ། ཀོ་རི་ཡ། ཉི་ཧོང་སོགས་ཀྱི་ལུགས་ལྟར་བྱེད་དགོས་པ་འདྲ།
སངས་རྒྱས་ཐུགས་རྗེ་ཅན་སྲིད་ཀྱང་བོད་ས་བརླགས་ནས་ད་ལྟ་བོད་མི་རྣམས་རི་དགས་གཞན་ཡུལ་འཁྱམས་ཤིང་རང་ས་རང་ལ་མི་དབང་བ་ནི་ཁོང་དང་རྒྱུད་རྒྱུད་ཀྱི་འབྲེལ་བ་ཞིག་ཡོད་པ་དྲན་ནས་འཁྲུངས་སྐར་ལ་ཡི་རང་བྱེད་པའི་བློ་སྤོབས་སྐྱེས་མ་སོང་།
སངས་རྒྱས་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཨ་ནུ་ལ་བོན་ལ་བཙན་རྒོལ་ཅི་མེད། རང་མོས་རེད། ང་རང་གིས་ཁ་སང་ནས་དྲན། ཀླུ་སྨྱོན་ནི་ཐོས་རྒྱ་ཆུང་། སྟག་སྨྱོན་ནི་ཕྱོགས་རིས་ཆེ། དོལ་སྨྱོན་ནི་འབོལ་རྩོམ་ཞན། ཤྲྰི་སྨྱོན་ནི་ལྟ་མཐོ་ཆེ། ང་ཚོ་ལ་དགོས་པ་དེ་ལྷག་བསམ་དྲི་མེད་ཁྱེད་རེད་བཞག དྲི་མེད་ལྷག་བསམ་ཉིད་མཁས་པ་དངོས་རེད་བཞག མཁན་པོ་པད་ཚེ་སང་གི་ཟིན་མཆན་ཞིག་འདྲ་བ་གསུངས་བཞག ཡིན་ན་ཡང་ཞུ་འདོད་པ་ཞིག་ལ་སྔགས་རྒན་ཁྱེད་ཀྱིས་གསུངས་ཆོས་ཚོ་རང་ཉིད་རྩོམ་ཆོས་རང་གིས་བདག་ཏུ་བཟུང་ནས་དངོས་མིང་དེ་འགོད་ན་ཡག་པོ་འདུག ཁྱེད་འདྲ་མཁས་པ་ཚོས་ངོ་མ་སྦས་ན་བསམ་ཡོད། ཁ་བྲོ།
འོ་ཡ། དྲི་མེད་ལྷག་བསམ་འདི་ཧྲ་གི་ཡ། ཞེ་གི་ཧྲ་གི དེ་ལྟར་བྲིས་ན་དེ་ནས་རང་ཉིད་སུ་ཞིག་གི་རྗེས་སུ་འབྲང་མིན་རྗེས་ནས་བལྟ་རྒྱུ་རེད། དེ་ནས་ཚེས་ཞག་རྩིས་སྟངས་དང་ཉིན་ཞག་རྩིས་སྟངས་གཉིས་ཀྱི་ཁྱད་པར་ཞིག་འབྲི་དགོས་ས་རེད། དེ་མིན་ད་དུང་ཚེས་བརྒྱད་དང་ཚེས་ཞག་བརྒྱད་ཀྱི་ཁྱད་པར་ལ་དོགས་པ་ཡོད་ཀ
ལ་ལའི་འདོད་པ་ལ་ལས་མི་འདོད་ལ། །
ལ་རེ་རྒྱབ་ན་འདོད་པ་གྲངས་མེད་རེ། །
ཐམས་ཅད་མཐུན་པར་སུ་དང་གང་གིས་ནུས། །
དེ་ཕྱིར་དྷ་སའི་རྩིས་ལ་མཐུན་པ་བྱོས། །
སྟོན་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ང་ཚོ་བོད་མི་འདི་དག་འཛམ་གླིང་འདིའི་སྒང་གི་མི་མ་ཡིན་པ་འདྲ། ཆོས་ལུགས་གཞན་དང་ནང་པ་གཞན་རྣམས་ལྟར་སོ་སོའི་སྟོན་པའི་འཁྲུངས་སྐར་ཡང་བརྩི་སྲུང་བྱེད་ཤེས་ཀྱི་མེད་ལ། ཐ་ན་ག་དུས་ཡིན་པའང་བརྒྱ་ཆ་བརྒྱད་ཅུ་དགུ་བཅུ་ཙམ་གྱིས་ཤེས་ཀྱི་མེད།
རྒྱ་གར་གྱི་ཡོངས་གྲགས་ལོ་ཐོ་རྣམས་སུ་ (calender) ལོ་འདིའི་སྤྱི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ཡིན་པར་བཀོད་འདུག འདི་ནི་ལག་ཁྱེར་ཁ་པར་ནང་ཡོད་པའི་ལོ་ཐོའི་ནང་དུའང་གསལ། རྒྱ་གར་བ་རྣམས་ཀྱིས་ཉིན་མོ་འདིར་བུདྡྷ་པུར་ཎི་མཱ་(buddha Purnima) ཞེས་འབོད་བཞིན་འདུག རང་མི་རང་ལ་རྒྱུས་ཆེ་བ་དང་རང་ཡུལ་རང་ལ་ཆ་ཆེ་ཟེར་བ་ཡིན་པས། ང་ཚོས་རྒྱ་གར་གྱི་ལོ་ཐོ་དང་མཐུན་པར་ལོ་ལྟར་སྲུང་བརྩི་ཞུས་ན་ལེགས་སྙམ།
གསུམ་པ་དུས་ཆེན་གྱི་ཕན་ཡོན་བཤད་པ་ནི། ཉི་མའི་སྙིང་པོའི་མདོ་སོགས་ཀྱི་ལུང་མང་ཡང་ད་རེས་བཤུ་ཁོམ་མ་བྱུང་བས། སྟབས་བདེར་ཞུ་ན། ཆགས་མེད་རི་ཆོས་ལས། །ས་ག་ཟླ་བའི་བཅོ་ལྔ་ལ། །ལྷུམས་ཞུགས་རབ་བྱུང་མངོན་སངས་རྒྱས། །རྣམ་གསུམ་འཛོམ་པའི་དུས་ཞེས་བྱ། །ཞེས་དང་། །སྟོན་པའི་དུས་ཆེན་བཞི་ཞེས་གྲགས། །དགེ་བ་བྱེ་བ་བརྒྱ་འགྱུར་ཏུ། །མདོ་སྡེ་མང་པོ་ཞལ་མཐུན་ནོ། །ཞེས་དང་། །གཏོར་མ་ཚར་གཅིག་བཏང་ནའང་། །གཏོར་མ་བྱེ་བ་བརྒྱ་རུ་ངེས། །དེ་འདྲ་ཅི་ཡི་ཕྱིར་ཞེས་ན། །སྟོན་པས་བྱིན་གྱིས་བརླབས་པ་ཡིན། །ཞེས་གསུངས་སོ། །དེ་ཕྱིར་སྟོན་པ་དང་བསྟན་པ་གཅིག་པའི་མཆེད་གྲོགས་རྣམས་ཀྱིས་མཆོག་གསུམ་ཞིང་སར་མཆོད་སྤྲིན་རྒྱ་མཚོ་འབུལ་བ་དང ། སྐུ་རྟེན་བཞེངས་དང་། སྤྱན་འབྱེད། སྙན་དར། གསུང་རྟེན་ལ་མནབ་བཟའ། །ཐུགས་རྟེན་ལ་རྡུལ་ཕྱི། གཞན་ཡང་སྨྱུང་གནས་སྲུང་བ། སློང་མོ་བར་སྦྱིན་གཏོང་སོགས་ཡན་ལག་བདུན་གྱིས་བསྡུས་པའི་ཚོགས་བསག་སྒྲིབ་སྦྱོང་གི་ལས་ལ་བརྩོན་པར་ཞུ། །སྨྲས་པ། །སྟོན་པའི་དུས་ཆེན་གསལ་བའི་མེ་ལོང་འདི། །ནང་བསྟན་འཛིན་པ་དགྱེས་པའི་མཆོད་སྤྲིན་ཡིན། །འདི་ལ་བརྟེན་ནས་དགེ་ཚོགས་རྒྱ་མཚོ་ཡི། །འཕེལ་ཁ་མཆོག་ཏུ་དར་བའི་བཀྲ་ཤིས་ཤོག། །ཅེསའང་དྲི་མེད་ལྷག་བསམ་ཏུ་འབོད་པས་ཡུལ་གྱལ་བ་ཞིག་གིས་ཡུལ་མཐའ་འཁོབ་ཅིག་ནས་སྟོན་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཚུལ་དུ་ཆོས་ཀྱི་གྲོགས་པོ་རྣམས་པ་ཕུལ་བའོ། །
ཀླུ་སྨྱོན་ལགས། ཕུག་ལུགས་ཞིབ་རྩིས་རང་རེའི་གཞུང་གི་ལོ་ཐོར་བཀོད་པ་ཚེས་བདུན་ལ་ནོར་འཁྲུལ་མེད། ཞིབ་མོར་བརྩིས་ན་མདོ་རྒྱུད་མང་པོ་དང་མཐུན་པས་ཡིད་ཆེས་ཤིག་རྙེད་རྒྱུ་ཡོད། གཟའི་ཆུ་ཚོད་མ་འོངས་པ་དང་། སྐར་མའི་ཆུ་ཚོད་འདས་པ་ཡིན། འཁྲུགས་སྐར་དུས་ཚོད་འདིཞིབ་མོར་ཤེས་པ་ལ་ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གི་དྷྲུ་ཝ་ཡར་སློག་དང་། བཀྲ་ཤིས་འཁྱིལ་རྩིས་རམ་པ་ཨ་ཁུ་བསམ་འགྲུབ་ཚང་གི་སྐར་རྩིས་ཆེན་མོ་གཉིས་ཐོབ་ན་དོགས་པ་འཕྲལ་དུ་སེལ་བར་འགྱུར་རོ། །འདིར་དེ་དག་གི་དཔེ་མི་འབྱོར་པ་དང་། ཞིབ་མོར་རི་མོ་ཞུ་བའི་དུས་ཚོད་མ་བྱུང་བས་དགོངས་འགལ་མེད་པར་ཞུ། །
གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །
ས་ཆེན་འདི་ལ་གོམས་པ་བདུན་བོར་ནས། །
ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །
དེ་ཚེ་སྟོན་པ་ཁྱོད་ལ་གུས་ཕྱག་འཚལ། །འཚེ་མེད་ཞི་བའི་སྟོན་པ་ཐུབ་པའི་དབང་པོ་གང་ཉིད་འཇིག་རྟེན་འདིར་བལྟམས་པའི་དུས་བཟང་ལ་ཞི་བ་དང་བདེ་བ་ལ་མོས་པའི་མཐའ་ཡས་པའི་འགྲོ་བ་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།
བཅོས། འཁྲུངས་སྐར།
ཟླ་བ་དོན་གྲུབ་ཀྱིས་གསུང་པ་ལྟར་ང་ཚོས་སྲུང་བརྩི་བྱེད་ན་གང་ཐད་ནས་བཟང་སྙམ།
དེ་མིན་ན་ང་ཚོས་རྒྱ་གར་བ་དང་སླར་མི་འདོད་པའི་རྩོད་པ་ཞིག་འབྱུང་ངེས་སྙམ།
དེ་ལས་གཙོ་བོ་སྐྱེས་སྐར་མ་ཡིན་པ་དུས་དྲན་གྱིས་བཀའ་དྲིན་རྗེས་དྲན་རེ་བྱེད་ན་
རང་གཞན་ལ་བསོད་ནམས་འབྱུང་ལ་དམ་པའི་སྤྱོད་པ་དང་ཡང་མཐུན་ངེས་ལགས།
ང་ཚོ་ལ་བཅོས།
ང་ཚོ་དང་བཅོས།
འཇོན་རྒྱུ་མེད་པའི་ཁ་ཕོ་འདྲ་སྒྲོགས་ནས་དལ་གྱིས་བཞུགས་ཤིག་དྲྭ་གྲོགས་ཚོ།
ང་ལས་ཀ་ཞིག་ལ་འགྲོ་རན་སོང་།
སངས་རྒྱས་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། །མཁས་དབང་དམ་པ་དྲི་མེད་ལྷག་བསམ་གྱི་གསུང་ལ་མངོན་པར་བསྟོད་དོ། །ངེས་པར་ཕན་ཐོགས་ཆེ་བའི་གསུང་རེད། དམ་པ་མཆོག་ལ་དངོས་མཇལ་ཞིག་བྱུང་བའི་རེ་བ་ཡོད། །སྐུ་ཁམས་གསལ་དྭངས་ཡོང་བར་ཤོག
བཅོམ་ལྡན་ཐབས་ལ་མཁས་པའི་ཕྱིར། །
ཚེས་བདུན་འཁྲུངས་ལ་དགོས་པ་མེད། །
ཚེས་བརྒྱད་ཚེས་བཟང་རྩིས་དོན་དགོས། །
ཚེས་གཅིག་ཚེས་བརྒྱད་ཚེས་བཅུ་བཟང་། །
བཅོ་ལྔ་ཉེར་ལྔ་ཉེར་དགུ་དང་། །
ཚེས་པ་སུམ་ཅུ་བཅས་པ་ལ། །
ཉ་སྟོངས་ཚེས་བརྒྱད་རྩིས་དོན་ཅི། །
བཅོམ་ལྡན་ཚེས་བདུན་འཁྲུངས་མིན་ན། །
དེས་ན་ཚེས་བརྒྱད་ལ་འཁྲུངས་ཉིད། །
ཚེས་བརྒྱད་འཁྲུངས་པ་ཐད་ཅིང་རྒྱལ། །
གཞོན་ནུ་ཟླ་མེད་ལགས། ཚེས་ཞག་དང་ཉིན་ཞག་སྐར་རྩིས་ཀྱི་རྨིག་གཞི་ཡིན་པས་ཡིག་ཆ་ཕལ་མོ་ཆེར་རྒྱས་པ་ཡོད། བརྩི་རྒྱུར་ཡང་དེ་ཙམ་དཀའ་་ལས་མེད། །ཉིད་ཀྱིས་ཞག་གསུམ་གྱི་རྣམ་དབྱེ་ལ་གཟིགས་དང་བདེ་བླག་ཏུ་རྟོགས་པར་འགྱུར་རོ། །འདིར་མཚོན་ཙམ་བྲི་ན། །རིགས་ལྡན་སྙིང་ཏིག་ལས། །སྤྱི་ནི་ཞག་གསུམ་སོ་སོ་ཡི། །ཐ་སྙད་ཡིན་ཏེ་ཉིན་ཞག་ནི། །ནམ་མཁའི་ཉི་་མས་སའི་གླིང་ལ། །བྱ་བ་བྱེད་ཚུལ་གྱིས་འཇོག་པས། །ནམ་ལངས་ནས་ནི་ནམ་ལངས་བར། །ཉིན་ཞག་ཕྲུག་གཅིག་དག་ལ་བརྗོད། །ཚེས་ཞག་ཟླ་བའི་དཀར་ནག་ཅ། །འཔེལ་འགྲིབ་བཅོ་ལྔ་བཅོ་ལྔ་ཡི། །ཆ་རེའི་ཡུན་ལ་བཏགས་པར་ཟད། །ཁྱིམ་ཞག་ཅེས་པ་ཉི་བར་གྱིས། །ཁྱིམ་རེར་འཔོ་བའི་ཡུན་ཚད་ལ། །སུམ་བཅུར་བྱས་པའི་ཆ་རེར་བཞག །ཅེས་སོ། །རྒྱས་པར་ཕུག་པའི་པད་དཀར་ཞལ་ལུང་དང་། བུ་སྟོན་དཀར་རྩིས་སོགས་ཡོད། །ཀཿཐོག་རིག་འཛིན་ཆེན་པོའི་རིག་འཛིན་གྲུབ་རྩིས་དང་། །འཇུ་མི་ཕམ་པའི་དུས་འཁོར་འགྲེལ་ཆེན་རྡོ་རྗེ་ནི་མའི་སྣང་བར་ཕྱི་ནང་སྦྱར་བའི་ཞལ་གསལ་བཞུགས་མོད་འདིར་དཔེ་མ་འབྱོར་པ་དང་། བྲེལ་སྒང་དུ་ཁེལ་བས་ཞུ་ཐབས་བྲལ་བསལ་ལན་མདོར་བསྡུས་ཀྱིས་འཐུས་པ་བྱས་པ་ལགས། །
སྟོན་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།
སྟོན་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁ་བརྡ་ཚང་སྔར་ལས་དར་ཞིང་རྒྱས་ནས་བོད་མི་རིགས་ཀྱི་ཞབས་འདེགས་བླ་ན་འཕགས་པ་འགྲུབ་པར་སྨོན།།
གོང་དུ་དྲྭ་གྲོགས་མང་པོས་འཁྲུངས་སྐར་སྐོར་ལ་དགོངས་འཆར་གནང་འདུག་མོད། རྒྱ་ནག་དང་རྒྱ་གར་གང་ཡིན་ནའང་ལོ་རྒྱུས་ཁོལ་བུ་རེ་ལ་ཁུངས་གཏུག་ནས་འཁྲུངས་སྐར་འོལ་ཚོད་ཀྱིས་བཞག་པ་རེད། གནས་བརྟན་སྡེ་བའི་ལུགས་ཏེ་དག་པར་བརྩི་རྒྱུའང་ཁོང་ཚོའི་དབྱར་གནང་ཚུལ་སོགས་ལུང་འདྲེན་རྒྱུ་རང་རེད། དེས་ན་དཔལ་ན་ལེནྡྲའི་མཁན་པོ་ཐ་མ་པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་དེ་ཡང་དགོན་སྡེ་ཆེན་པོ་དེའི་ལུགས་ཡིན་པས་ཁུངས་བཙུན་པར་བརྩི་ལོས་ཆོག རང་རེའི་དུས་འཁོར་ཕུག་ལུགས་པའི་བཞེད་པ་དེ་ལུང་རིགས་གཉིས་དང་མཐུན་པ་ཡིན་པས་གཏན་ཁེལ་བ་བྱེད་ཆོག རིགས་པ་སྐར་རྩིས་ཀྱི་སྒོ་ནས་སྟོན་པའི་རྣམ་ཐར་དང་མཐུན་པར་གཏན་ལ་འབེབ་ཆོག་པ་དང་། ལུང་མདོ་རྒྱུད་ཕལ་མོ་ཆེར་སྟོན་པ་དགུང་ལོ་འདི་དང་། ཟླ་ཚེས་སྐར་མ་འདི་ལ། མཛད་པ་འདི་གནང་ཞེས་གསལ་བོར་གསུང་་ཡོད་པ་ཕལ་ཆེར་དང་མཐུན། ད་ལྟའི་གནམ་དཔྱད་མཁས་པ་ཞིག་ལ་བརྩི་བཅུག་ཀྱང་ནོར་བ་མེད་པར་གཏན་འབེབ་ཐུབ། ཐེག་པ་ཆུང་ངུ་འདུལ་བའི་སྡེ་སྣོད་ནས་། ཐེག་ཆེན་མདོ་རྒྱ་ཆེར་རོལ་བ། སྔགས་དུས་ཀྱི་འཁོར་ལོ་དང་། སྔོན་དུས་འཕགས་ཡུལ་གྱི་མཁས་པ་རྣམས་ཀྱིས་གཏན་འབེབ་མཛད་པར་ཡིད་ཆེས་པར་བྱའོ། །སངྒ་ལའི་སྟོན་པའི་་རྣམ་ཐར་ཏུ་སྟོན་པ་དགུང་ལོ་འདི་བཞེས་པའི་དུས་ཟླ་བ་འདིའི་གཟའ་ག་གེ་མོར་མཛད་པ་འདི་ལྟ་བུ་གནང་ཞེས་པའི་རི་མོ་དང་། རྡོ་བརྐོས་སོགས་དུས་འཁོར་དང་མཐུན་པ་མང་པོ་ཡོད་ཀྱང་ཁོང་ཚོས་ལོ་རྒྱུས་ལས་སྐར་རྩིས་ལ་ཐུགས་རྟོགས་ཆེར་མི་གནང་། འགའ་རེ་ནི་བཙན་གྱིས་བཞག་པ་ལས་ཚེས་དེའི་སྐར་མ་ཕར་ཞོག་གཟའ་དེ་ཡང་ར་འཕྲོད་མི་ཐུབ། གཟའ་བདུན་པོ་འཛམ་གླིང་ཤར་ནུབ་ཕལ་མོ་ཆེ་འདྲ་བས་ནུབ་ཕྱོགས་པའི་རྩིས་པ་ཞིག་ལ་དྲིས་ཀྱང་ཤེས་ངེས་རེད། །གོང་དུ་ཀཿཐོག་རིག་འཛིན་ཆེན་པོས་མདོ་རྒྱུད་དང་མཐུན་པའི་རྒྱུ་མཚན་ཡན་ལག་བདུན་དང་། དག་གཟིགས་ཚད་མ་ཡིན་པའི་རྒྱུ་མཚན་བཅས་ཡན་ལག་བརྒྱད་ཡོད་པ་དེ་རྒྱུ་མཚན་ཚད་ལྡན་གྱི་ལྡེ་མིག་ལྟ་བུ་ཞེས་བཤད་ཀྱང་རུང་། །དེས་ན་བོད་ཀྱི་སངས་རྒྱས་འཁྲུངས་སྐར་དེ་ནི་ཀུན་གྱི་ནང་ནས་དམ་པ། མདོ་རྒྱུད་མང་ཆེ་བའི་དགོངས་པ། མཁས་གྲུབ་མང་ཆེ་བའི་བཞེད་པ་ཚད་མར་གྱུར་བ་ཡིན་པས་ཐུགས་ཡིད་ཆེས་པར་མཛོད། །
མཆན་༡༠། བརྩོན་རྒྱམ་ལགས། དུས་ཆེན་སུམ་འཛོམས་ལ་ངོས་འཛིན་བྱེད་སྟངས་དུ་མ་ཡོད། །བདུད་བཏུལ་བ་དང ། བྱང ཆུབ་བརྙེས་པ། །མྱ་ངན་ལས་འདས་པ་གསུམ་དང་། ཡང ། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་ཀྱིས། ས་གའི་ཉ་ལ་ལྷུམས་སུ་ཞུགས་པ་དང་། སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་གསུམ་ཏུ་བཞེད་དོ། ། ཉ་ལའང་རགས་རྩིས་དང་ཞིབ་རྩིས་བྱེད་ཙུལ་སོགས་ཡོད་མོད་འདིར་སྤྲོ་བར་མི་བྱའོ། །
ང་རྒྱ་གར་ཡོད་དུས་ས་ག་ཟླ་བའི་ཚེས་བཅོ་ལྔ་དེ་དུས་ཆེན་གསུམ་འཛོམས་ཏེ། སྐུ་བལྟམས་པ། མངོན་སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པ་བཅས་ཚེས་གྲངས་གཅིག་ལ་དུས་དྲན་་བརྩི་བ་དེ་ཉན་ཐོས་སྡེ་པ་ལྷོ་ཕྱོགས་པའི་ལུགས་ཁོ་ན་ཡིན་ནམ། བྱང་ཕྱོགས་བོད་དང་རྒྱ་ནག་སོགས་ཀྱིས་ཀྱང་དེ་འདྲ་མཛད་པ་གསུམ་པ་དེ་ཉིན་གཅིག་ལ་བརྩིའམ་ཞེས་དྲི་བ་ལགས། སངས་རྒྱས་བཅོམ་ལྡན་འདས་བྱུང་བའི་ལོ་ཚིགས་ལ་ཡང་འདོད་པ་མི་མཐུན་པ་མང་དུ་སྣང་ངོ་།།
གང་ལྟར་གནས་བསྟན་སྡེ་བའི་ལུགས་དང་ང་ཚོའི་ལུགས་ལ་ཟླ་བ་གཅིག་ཏག་ཏག་གི་སྔ་ཕྱི་ལས་ཁྱད་པར་ཆེན་པོ་ཞིག་མི་འདུག མིང་དེ་ཡང་གཅིག་པ་འདྲ་ཞིག་འདུག ཁོང་ཚོས་ཝེ་སག་ཟེར་བ་ལ་ང་ཚོས་ས་ག་ཟླ་བ་ཟེར་གྱིན་འདུག སག་ཞེས་པ་དེ་ལ་ཚེགས་ཁྱིམ་གཉིས་བྱས་ནས་ས་ག་ཞེས་བརྗོད་འདུག
རང་ཅག་ནང་པ་སངས་རྒྱས་པ་ཞིག་ཡིན་པའི་ཆ་ནས་སྟོན་པའི་འཁྲུངས་ཚེས་གཙོ་བོར་གྱུར་པའི་དུས་ཆེན་རྣམས་ལ་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་སྲུང་རྩི་བྱ་རྒྱུ་ནི་ཧ་ཅང་གལ་ཆེ། དེ་ཡང་འཛམ་གླིང་འདིར་དར་ཁྱབ་ཤིན་ཏུ་ཆེ་བའི་ཡེ་ཤུ་ཆོས་ལུགས་ལྟ་བུ་བྱེད་མ་ཐུབ་པའི་རེ་བ་མེད་ཀྱང་། མི་འབོར་དང་མཐུན་རྐྱེན་ལ་དཔག་པའི་ནང་པ་ཡིན་ནོ་ཅོག་གི་སྐྱེ་བོ་མི་རེ་ངོ་རེ་ནས་སྲུང་རྩི་བྱས་ཏེ། སངས་རྒྱས་ཀྱི་རྣམ་ཐར་དང་འབྲེལ་བའི་སྒོ་ནས་ཆེ་བའི་ཡོན་ཏན་དག་འབྲེལ་ཡུལ་ངོ་ཤེས་གྲོགས་པོ་རྣམས་ལ་ངོ་སྤྲོད་བྱེད་ཐུབ་ན་དགེ་མཚན་ཆེ་བར་མངོན།
ས་ག་ཞེས་པ་བོད་ཚིག་ཡིན་ནམ། ཡང་ན་ཝེ་ཤ་ཁ་ =Vaiśākhaཞེས་པ་ཟུར་ཆག་པ་དཔྱད་བྱ་ཞིག་ཏུ་སྣང་། དིང་སང་ཧིནད་སྐད་དུ། བོད་ཡུལ་ལུང་པ་མང་པོས་རྗེས་འཇུག་མང་པོ་མི་གསལ་བའི་ཚིག་འདོན་་པ་བཞིན་དུ། ཧིནད་སྐད་སོགས་དིང་སང་གི་རྒྱ་གར་སྐད་དུ་མིང་མཐའི་ཨ་ཡིག་འདོན་པ་མེད། གལ་ཏེ་བོད་ཚིག་ས་ག་ཞེས་པ་བེ་ཤཁ་=Vaiākha ཞེས་པའི་མིང་མཐའི་ཨ་ཡིག་གསལ་པོར་བོད་པ་ལས་བོད་ཚིག ས་ག་ཞེས་བྱུང་བར་མངོན་ནོ།
ས་ག ས་ག་ཟུར་ཆག་སྐད་ཡིན་ན་ས་རིའི་ཟུར་ཆགསྐད་དོད་གང་ཡིན། ཕལ་ཆེར་འགྲེལ་མེད་རེད། =Vaiśākha བོད་ཡིག་སྐར་རྩིས་ནང་དུ་་་་བི་ཤཱ་ཁཱ་ཞེས་བྲིས་ཡོད། དུས་འཁོར་དང་བསྡུར་ནས་བརྩིས་ན་ང་ཚོའི་ས་ག་ཟླ་བ་ལས་འགྲོ་ས་མེད། །མིང་གཞན་ཏུ་དབང་པོ་ལྷ་ལྡན། འབྱུང་ལྡན་མ་སོགས་འབྲི། རྒྱ་ནག་གིས་ཧྲི་སོའུ་སྟེ། ཧྲི་ནི་རུས་དང་། སོའུ་ནི་ཁྱིམ་སྟེ། །རུས་ལྡན་ཁྱིམ་མ་ཟེར་བ་ཨེ་ཡིན་སྙམ། རང་རེའི་སྐར་རྩིས་སུ་རིགས་ཀྱི་དབྱེ་བ་བྱས་ན་སྡེ་བརྒྱད་ལས་དབང་པོའི་རིགས་ཡིན། འབྱུང་བ་ལྔ་ལས་མེ་ཁམས་དང ། མེ་ལྷར་གཏོགས། མཆོད་རྫས་ཏིལ་དང་མེ་ཏོག་རྒྱ་སྲན་སོགས་ལ་དགྱེས་སྟེ། །བཻ་དཀར་ལས། ས་ག་སྐར་བཞི་ར་མགོའི་དབྱིབས། །རུས་མཚན་དབང་པོ་མེ་ལྷ་དང་། །ཏིལ་དང་མེ་ཏོག་རྒྱ་སྲན་ཟས། །འགྲུབ་སྐར་མེ་ཁམས་ཞིང་གི་བླ། །ཞེས་སོ། །
ས་ག་ནི་རྒྱུ་སྐར་ཉེར་བརྒྱད་ནང་གི་སྐར་ཚོགས་ཤིག་ཡིན་ལ། བོད་ཟླ་བཞི་པའི་ཚེས་བཅོ་ལྔའི་ཟླ་བ་ཉ་བ་དང་མཉམ་དུ་འཆར་ནུབ་བྱེད་པས་ན་ཟླ་བ་བཞི་པ་ལ་ས་ག་ཟླ་བ་ཞེས་འབོད།
གང་ལྟར་རྒྱུ་སྐར་ཉེར་བརྒྱད་པོའི་མིང་ལས་ས་ག་དང་ས་རི་དང་། ཁྲུམས་དང་བྲ་ཉེ་སོགས་བོད་སྐད་རྣལ་མ་ཡིན་མིན་དཔྱད་པར་འཚལ།
Vaiśākhaཞེས་པ་བརྩི་སྲུང་བྱེད་པའི་རྒྱ་གར། སངྒ་ལ། ཐེ་ལན་སོགས་གནས་བརྟན་སྡེ་བའི་ལུགས་འཛིན་རྣམས་ཀྱིས་སྟོན་པའི་འཁྲུངས་སྐར་བི་ཤཱ་ཁཱ་སྟེ་ས་ག་ཟླ་བ་འདོད་བཞིན་ཏུ་རྩིས་མགོ་ནོར་བ་རེད། །དུས་འཁོར་དང་རྡོ་རྗེ་གདན་བཞིའི་དཀའ་འགྲེལ་པདྨ་ཅན་སོགས་བསྡུར་ནས་བརྩིས་ན་སྐར་ཁྱིམ་གང་ཡིན་ངོ་ཕྲོད་པས་རང་རེའི་འཁྲུངས་སྐར་ལ་ཡིད་ཆེས་རུང་བ་ཡིན། །
གཞོན་ནུ་གདོང་དྲུག་གི་མིང་ལ། བི་ཤཱ་ཀ་ཛཱ་སྟེ་ས་ག་སྐྱེས་ཟེར་དོན། རིགས་བྱེད་གཏམ་རྒྱུད་དུ། ལྷ་ཆེན་གྱི་ས་བོན་ཨུ་མའི་མངལ་ཏུ་མི་གཏོང་བར་མེ་ལྷས་གསོལ་བ་བཏབ་པ་ལ། ཨུ་མ་ཁྲོས་ནས་མེ་ལྷའི་མངལ་ཏུ་འཇུག་པར་བདེན་པ་བརྗོད་པ་ལྟར་གྱུར་བ་ལ། མེ་ལྷ་བསྐྱུགས་ནས་གངྒཱ་ལ་བཅོལ་བ་སོགས་ཀྱི་གཏམ་རྒྱུད་དང་འབྲེལ། མེ་ལས་སྐྱེས་དང་། སྨྱུག་ཚལ་སྐྱེས་སོགས་མཚན་དུ་མ་བྱུང་བར་ཡང་དཔྱད་འཇུག་དགོས་པར་སྣང་།
བཅོས། བི་ཤཱ་ཁ་ཛཱ། མེ་ལས་སྐྱེས། ས་ག་མེ་ཁམས་པ།
སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང་།།
བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ།།
པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག།
སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ།།
བདེ་བར་གཤེགས་པ་ཁྱེད་ཀྱི་ཐུགས་བསྐྱེད་དང་།།
མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ།།
བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བར།།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
རྒྱ་ནག་གིས་ཀྱང་གནའ་གཏམ་ཁ་ཤས་ལ་སྐྱབས་བཅོལ་ནས་སྟོན་པའི་འདས་ལོ་འཇོག་གི་ཡོད་མོད། །དོན་ཏུ་རང་རེའི་དུས་འཁོར་གྱི་ས་གའི་ཟླ་ཡིན་པར་གྲུབ་སྟེ། །Vaiśākha་་བི་ཤཱ་ཁཱ་སྟེ་ས་ག་ཟླ་བ་ཡིན་པ་ཁས་ལེན་གནང་གི་ཡོད་་ཚུལ་ནི། །བི་ཤཱ་ཁཱ་དེ་ཝ་སྟེར་ས་གའི་ལྷ་ལ། རྒྱ་ནག་སྐད་དུ། བི་དེ་བྱང་སེམས་ཟེར། སྟོན་པའི་སྐྱེས་ལྷ་ཡིན་པས། རྒྱ་ནག་གི་དགོན་གཞི་རྒྱ་ཅུང་ཟད་ཡོད་པ་ཞིག་ཡིན་ཚེ་ས་གའི་སྐུ་བརྙན་མེད་མི་རུང་ལ། སྟོན་པའི་སྐུ་ལྷ་ཡིན་པ། མྱ་ངན་ལས་འདས་པའི་སྐབས་སུ་སྐུ་གདུང་གི་ཆ་ཤས་ཤིག་སྨོན་ལམ་ལོག་པའི་བདུད་ཞིག་གིས་ཁྱེར་ཚེ། ས་གའི་ལྷ་རྐང་མགྱོགས་གྲུབ་པས་རྗེས་ཆོད་དེ་ཕྱིར་ལོན་ཚུལ་སོགས་སྒྲུང་གཏམ་མང་པོ་ཡོད། རྒྱ་ནག་རིགས་འདི་རྩིས་ལ་དགའ་ཡང་སྟོན་པའི་འཁྲུངས་སྐར་འདི་ནི་གྲགས་པའི་རྗེས་སུ་འབྲངས་སྟེ་དཔྱད་པ་གནང་མི་འདུག །
ཇི་སྐད་དུ། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག།ངེས་བར་བཟུང་སྟེ་མཆོད་པ་རབ་བྱེད་ན།།
ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར།།དེས་ན་བླ་མའི་རྣམ་ཐར་རྫོགས་པར་འགྱུར།།
ལྕགས་ཡོས་ས་ག་ཟླ་བའི་བཅོ་ལྔའི་མཚན།། ཕྱེད་ཡོལ་ཆུ་ཚོད་དང་པོར་རཱ་ཧུ་ཡིས།། ཟླ་དཀྱིལ་རིལ་སྒྲིབ་སླར་ཡང་སྟག་གི་མཐར།། དཀྱིལ་འཁོར་རིམ་བཞིན་གང་བ་ཀུན་གྱིས་མཐོང་།། དུས་དེར་དགེ་སྡིག་གང་བརྩམས་ཀྱང་།། ཟླ་འཛིན་བྱེ་བ་བདུན་འགྱུར་ཞེས།། རྒྱལ་བས་མདོ་རྒྱུད་དུ་མར་གསུངས།། དེ་ཕྱིར་ཁེ་ཉེན་རིག་པ་རྣམས།། བསྐྱེད་རྫོགས་ཉམས་ལེན་སྐྱོང་བ་དང་།། ཕྱག་སྐོར་སྦྱིན་གཏོང་སྲོག་བསླུ་སོགས།། རྣམ་དཀར་དགེ་ལ་འབད་པ་གཅེས།།
དེ་རིང་གི་ཉིན་མོ་འདི། སངས་རྒྱས་པའི་རྗེས་འཇུག་ཚོར་གལ་ཆེན་ནང་གི་རྩ་ཆེན་ཞིག་ཡིན་པ་འདྲ། གང་ཡིན་ཞེ་ན་རང་རེའི་ལོ་རྒྱུས་ལ་བདག་ཅག་གི་སྟོན་པ་ཟས་གཙང་གི་སྲས་སུ་འཁྲུངས་པ་དེ་ཆུ་བོ་ནེ་རཉྫ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་པའི་མཐར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་དུས་ཚོད་འདི་ས་ག་ཟླ་བའི་ཚེས་པ་༡༥ ལ་ཡིན་ཚུལ་ཤོད་རྒྱུ་ཡོད། དེ་ལྟར་སངས་རྒྱས་པའི་སྐབས་སུ་སྲོད་ལ་བདུད་བཏུལ་ནས་ཐོ་རངས་སྐྱ་རེངས་ཤར་བ་དང་མཉམ་དུ་སངས་རྒྱས་པ་དང་། དེ་དང་དུས་མཚུངས་སུ་ཟླ་བ་གཟའ་ཡིས་འཛིན་པའི་ལོ་རྒྱུས་ཤིག་གོང་དུ་དྲྭ་བའི་མཆན་བུ་འཁོད་པོ་རྣམས་ཀྱིས་ཀྱང་བཀོད་པར་མཐོང་། དེ་ལྟར་ན་ད་ལོའི་ས་ག་ཟླ་བའི་ཚེས་པ་༡༥་སྟེ་དེ་རིང་གི་དགོང་མོ་ནི་བདག་ཅག་གི་སྟོན་པ་མཆོག་སངས་རྒྱས་པའི་དུས་ཆེན་དངོས་ཡིན་འདུག་སྟེ། དེ་རིང་ས་ག་ཟླ་བའི་ཚེས་པ་༡༥ ཡིན་ལ། ཟླ་འཛིན་ཡང་ཡོད་པ་མ་ཟད་དེ་ཡང་སྟོན་པ་སངས་རྒྱས་པའི་དུས་ཚོད་ཐོ་རངས་སྟག་གི་དུས་སུ་ཟླ་བ་གཟའ་ཡི་ཁ་ལས་གྲོལ་བར་འགྱུར་བས་སོ།། རྒྱུ་མཚན་དེ་ཡི་ཕྱིར་ན་ཉི་མ་འདི་ནི་བདག་ཅག་སངས་རྒྱས་པའི་རྗེས་འཇུག་རྣམས་ཀྱི་ཆེད་དུ་གལ་ཆེན་ནང་གི་རྩ་ཆེན་ཞིག་ཡིན་པས་སངས་རྒྱས་པའི་རྗེས་འཇུག་ཚོས་ལུས་ངག་ཡིད་གསུམ་དལ་དུ་མ་བཞུགས་པར་མཆོད་བསྟོད་འབུལ་བ་དང་སྡིག་པ་བཤགས་པ་ལ་སོགས་པའི་དགེ་བ་བཅུ་ལ་ནན་ཏན་འབུངས་བར་རིགས་སོ།།
དྲི་མེད་ལྷག་བསམ་ལགས།༼།རིགས་ལྡན་སྙིང་ཏིག་ལས། །སྤྱི་ནི་ཞག་གསུམ་སོ་སོ་ཡི། །ཐ་སྙད་ཡིན་ཏེ་ཉིན་ཞག་ནི། །ནམ་མཁའི་ཉི་་མས་སའི་གླིང་ལ། །བྱ་བ་བྱེད་ཚུལ་གྱིས་འཇོག་པས། །ནམ་ལངས་ནས་ནི་ནམ་ལངས་བར། །ཉིན་ཞག་ཕྲུག་གཅིག་དག་ལ་བརྗོད། །ཚེས་ཞག་ཟླ་བའི་དཀར་ནག་ཆ། །འཕེལ་འགྲིབ་བཅོ་ལྔ་བཅོ་ལྔ་ཡི། །ཆ་རེའི་ཡུན་ལ་བཏགས་པར་ཟད། །ཁྱིམ་ཞག་ཅེས་པ་ཉི་བར་གྱིས། །ཁྱིམ་རེར་འཕོ་བའི་ཡུན་ཚད་ལ། །སུམ་བཅུར་བྱས་པའི་ཆ་རེར་བཞག༽ ཉིན་ཞག་རྩིས་ཚུལ་འདི་ལྟར་ན་ཉི་མས་འཛམ་གླིང་ལ་སྐོར་བ་ཐེངས་གཅིག་རྒྱག་པའི་ཡུན་ཚད་ལ་ལོ་གཅིག་འཇོག་པ་ཡིན་ནམ། དེ་ལྟར་ན་ཟླ་བ་གཅིག་གི་ཡུན་ཚད་དང་ཉིན་གཅིག་གི་ཡུན་ཚད་ཇི་ལྟར་འཇོག
རང་རེའི་སྐར་རྩིས་ལུགས་འདི་དང་ནག་རྩིས་སོགས་མཁས་པ་སོ་སོའི་བཞེད་ཚུལ་རྟ་མོག་གི་སྤུ་ལྟར་འདུག་ན་མཐའ་གཅིག་ཏུ་འདི་ཡིན་དང་འདི་མིན་ཞེས་ཁ་ཚོན་གཅོད་རྒྱུ་ཧ་ཅང་ཁག་པོ་རེད། གང་ལྟར་ཉིད་ཀྱིས་གསུངས་པ་དེ་ལ་རྒྱུ་མཚན་འདུག་ལ། ཉན་ཐོས་སྡེ་བའི་ལུགས་ཀྱི་དེ་ལའང་ཁུངས་དག་ཡོད་པ་དགེ་ཆོས་ཀྱིས་གསུངས་འདུག དེས་ན་ས་ག་ཟླ་བའི་བཅོ་ལྔ་ལ་གཞི་བཞག་ནས་དུས་ཆེན་སྲུང་བརྩི་བྱེད་པ་ལ་འགལ་བ་གང་ཡང་མེད་སྙམ། ལུགས་གཅིག་ལ་དེང་སང་ནུབ་ཕྱོགས་པའི་ཚན་རིག་པ་དག་གིས་ལོ་དང་ཟླ་བ། ཉིན་ཞག་གི་རྩིས་ཚུལ་དེ་ཡང་ང་ཚོའི་དེ་དང་རྦད་དེ་མི་མཐུན་པ་རེད། སའི་གོ་ལས་ཉི་མ་ལ་སྐོར་བ་ཐེངས་གཅིག་རྒྱག་པའི་ཡུན་ལ་ལོ་དང་སའི་གོ་ལ་རང་འཁོར་གཅིག་རྒྱག་པ་ལ་ཉིན་ཞག་གཅིག་དང་ཟླ་བས་སའི་གོ་ལར་སྐོར་ཐེངས་གཅིག་རྒྱག་པ་ལ་ཟླ་བ་གཅིག་གི་ཡུན་ཚད་ཅན་དུ་འཇོག་གི་ཡོད་པ་རེད།
མིག་བརྒྱད་ལགས། །དགེ་ཆོས་དམངས་གཙོ་ལ་དགའ་བས་སྟོན་པའི་འཁྲུངས་སྐར་གནས་བརྟན་པའི་རྗེས་སུ་འབྲངས་བ་ཡིན་སྲིད། །ཡང་ཉིད་ཀྱིས (ནུབ་ཕྱོགས་པའི་ཚན་རིག་པ་དག་གིས་ལོ་དང་ཟླ་བ། ཉིན་ཞག་གི་རྩིས་ཚུལ་དེ་ཡང་ང་ཚོའི་དེ་དང་རྦད་དེ་མི་མཐུན་པ་རེད)ཞེས་གསུངས་པ་ལ་བརྩི་གཞི་གཅིག་རེད། བརྩི་ཚུལ། ཉི་མའི་རྩིས་དང་ཟླ་བའི་རྩིས་གཉིས་ཡོད་པ་རེད། །རང་རེའི་ལུགས་ཏེ་འདྲེས་མ་རེད། །ཉི་འཛིན་ཟླ་འཛིན་དང་གཟའ་བདུན་གྱི་རྩིས་ནུབ་ཕྱོགས་པ་དང་ཕལ་ཆེར་མི་མཐུན་པ་མེད། །དེང་དུས་ཉི་སྐར་གྱི་ཚད་དང་། འཁོར་ལམ། མྱུར་དལ་སོགས་ཞིབ་ཆ་ཆེ་བས་རང་རེའི་རྩིས་དང་མི་མཐུན་ཞེས་སྨྲ་ན་མི་ཆོག་པ་མེད། རྦད་དེ་མི་མཐུན་པ་མ་རེད། ཤིན་ཏུ་ཞིབ་པ་དབུགས་དང་སེམས་ཀྱི་བརྩི་སྟངས་ཏེ་རང་་རེའི་ལུགས་མིན་ནམ་སྙམ། ནུབ་ཕྱོགས་པ་དང་མཐུན་ཚུལ་དང་། མི་མཐུན་པའི་རིམ་པ། Nasa.noaa.འདི་དག་ཏུ་ཟླ་རེའི་གནས་ཚུལ་ཐོན་ཡོང་གི་ཡོད་པས་གཟིགས་འཚལ། །གྲོགས་མེད་ཀྱི་ས་མཐའ་འདི་ནས་དྲ་བ་འདི་དག་ངའི་ལྟད་མོ་ལྟ་ས་གཅིག་པུ་ཡིན། ངའི་གྲོགས་པོ་དང་། ངའི་འཇིག་རྟེན་ཡིན། སྐབས་རེ་ཁྱད་མཚར་བ་ཡང་ཡོད། །
་་་ཁས་ཞན་་་དང་་་དབང་ཆུང་་་་གི་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་་་ལྷ་བུ་དམ་པ་ཏོག་དཀར་་་རམ་་་་་སྟོན་པ་བཅོམ་ལྡན་འདས་་་་ཀྱི་སྐུ་ཡི་འཁྲུངས་སྐར་ཆེན་མོ་ལ་སྙིང་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་ལན་བརྒྱར་ཞུ། སྟོན་པ་ཁོང་ལྟ་བུ་འཛམ་གླིང་འདིར་འཁྲུངས་བའི་དགེ་བ་དང་བྱིན་རླབས་ཀྱིས་སྐྱེ་འགྲོ་ཡོངས་ཀྱི་མི་མཐུན་པའི་ཚོགས་མཐའ་དག་མིང་མེད་དུ་ཞི་ནས་འགྲོ་ཀུན་དགའ་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་སྨོན་ལམ་འདེབས་པ་ལགས་སོ།
གནའ་སྔ་མོའི་མི་ཕལ་ཆེ་བས་ཉི་མས་འཛམ་གླིང་ལ་འཁོར་སྐྱོད་བྱེད་པར་འདོད་ཅིང་། ཡེ་ཤུ་གནམ་བདག་ཆོས་ལུགས་དང་ཧིན་དུ་སོགས་ཆོས་ལུགས་པ་ཚང་མས་འཛམ་གླིང་ལེབ་ལེབ་དང་འཇིག་རྟེན་གྱི་ལྟེ་བ་ཡིན་པར་འདོད་དོན་སྣང་ཚུལ་ལྟར་དུ་འཇོག་གི་ཡོད་པ་གསལ་བོ་རེད་ལ་དེང་སང་ཚན་རིག་པ་ཚོས་བརྟག་དཔྱད་བརྒྱུད་དངོས་པོའི་གནས་ཚུལ་ལ་སའི་གོ་ལས་ཉི་མ་ལ་འཁོར་སྐྱོད་བྱེད་པར་ར་འཕྲོད་ཡོད། སྐར་རྩིས་ལུགས་ཀྱི་ཉི་ཟླ་འཁོར་སྐྱོད་ཀྱི་རྣམ་བཞག་དེ་ཡང་སྣང་ཚུལ་ལྟར་དུ་འཇོག་གི་ཡོད་པ་དང་། སྤྱི་ལོ་མ་ཚུགས་གོང་གི་རྒྱ་གར་ནང་དང་ཐོག་གི་ཨང་རྩིས་མཁས་པ་༼ARYABHATA ༽ཁོང་ནི་སྐར་རྩིས་སྦྱངས་པ་ཐོན་པ་ཞིག་ཡིན་ལ་འཛམ་གླིང་ན་སྐད་གྲགས་ཆེ་བའི་ཨང་རྩིས་མཁས་པའི་གྲས་སུ་ཚུད་ཡོད། ཁོང་གིས་གནམ་དཔྱད་རིག་པའི་གཞི་འཛིན་ས་གནའ་སྔ་མོའི་ལུགས་ཀྱི་སྐར་རྩིས་ལུགས་ཡིན་པར་བཤད་ཟིན་མོད། ཉི་ཟླ་འཁོར་སྐྱོད་བྱེད་ཚུལ་མི་མཐུན་པ་དང་ལྷག་པར་དེང་སང་གི་ཨང་རྩིས་ལུགས་སྲོལ་དེ་དང་རྦད་དེ་མི་མཐུན་པར་གནས་བས་གནམ་དཔྱད་རིག་པའི་གྲས་སུ་བཞག་མེད་པ་འདྲ།
ལགས། འཛམ་གླིང་ལེབ་ལེབ་དང་རིལ་བུ་གཉིས་ལ་རྩོད་པ་བྱུང་བ་དེང་དུས་ཙམ་མིན་པར་སྔ་མོ་ནས་བྱུང་ཟིན་ཞིག་ལགས་མོད། དེ་གཉིས་ཀྱི་རྩོད་གཞི་འཛམ་གླིང་ཁོ་རང་ཅི་འདྲ་ཡིན་ངོས་འཛིན་ཡང་སྙོག་དྲ་ཚ་ཐག་ཆོད་ཞིག་རེད། །།
འཛམ་གླིང་རྩིས་རིག་གི་མེས་པོ་དམ་པ་ཨར་ཡཱ་བྷ་ཏ་ནི་ARYABHATA ཟུར་གསུམ་ཚངས་ཐིག་སོགས་བརྩི་ཚུལ་རང་བཞེད་རྩལ་དུ་བཏོན་པས་འཛམ་་རྩིས་རིག་པའི་མེས་པོར་གྱུར་བ་དང་། ཉི་་ཟླ་གཟའ་འཛིན་སོགས་ཆོས་ལུགས་ཀྱི་ལྟ་གྲུབ་གྱི་རྒྱ་ལས་བརྒལ་མ་ཐུབ་པས་རྗེས་ལུས་ཅུང་ཟད་ཅིག་ཆགས་པ་འདྲ། འོན་ཀྱང་ཟླ་བ་དང་རྒྱུ་སྐར་གྱི་ལྡོག་པའི་འོད་ཟེར་འཕྲོ་ཚུལ་སོགས་བཤད་པས་ཉི་ཟླ་གཟའ་ཡིས་བཟུང་ཞེས་སྲོག་ལྡན་ཞིག་གི་བྱེད་པ་ཁོ་ནར་ངོས་འཛིན་ལ་ཟུར་མདའ་བཏང་བ་སྟེ། འཁོར་བསྐྱོད་ལས་བྱུང་བའི་གྲིབ་གཟུགས་ཡོད་པ་ཁས་ལེན་གནང་ཡོད་པས་ལམ་ཁ་གསར་བ་ཞིག་ལ་བསྐྱོད་པའི་མཛུབ་སྟོན་གནང་བ་རེད་སྙམ།
རྒྱུ་སྐར་ཉེར་བརྒྱད་མིང་དག་ནི། བོད་སྐད་ནང་དུ་ཐད་འགྱུར། དོན་འགྱུར། ཕྱེད་འགྱུར། མ་བསྒྱུར་བར་སོར་བཞག་བྱས་པའང་འདུག་སྙམ། ས་གའི་དོན་ལའང་དཔྱད་འཇོག་མུ་མཐུད་དགོས་འདུག་གོ
རྒྱུ་སྐར་ཉེར་བརྒྱད་བོད་སྐད་ལའང་ཡོད་མོད། དེ་ཅི་ལྟར་འགྲེལ་ཚུལ་ཨུ་ཐུག་ན་བོན་པོའི་སི་ལི་གཡར་རྒྱུ་ལས་འོས་མེད། དེ་ཕྱིར་ང་བོན་ལའང་གུས་པ་ཡོད། །བོན་གྱི་བསྟན་བཅོས་ལས་ཅི་ལྟར་འགྲེལ་ཚུལ་རྒྱུས་ཡོད་རྣམས་ཀྱིས་གསུང་བར་ཚལ། འབྱུང་རྩིས་ཟླ་ཟེར་ལ་བལྟ་ཞིབ་བྱེད་སྐབས་བོན་ལ་ཐུན་མིན་གྱི་རྩིས་གཞུང་ཞིག་ཡོད་པའི་རོ་ཅུང་ཟད་མྱོང་ནའང་ཞིབ་མོར་དཔྱད་པ་བྱེད་མ་ཐུབ་པར་ལུས་ཡོད། ས་གའི་སྐོར་ལ་རྒྱ་བོད་བསྡུར་ནས་དཔྱད་པ་མདོར་བསྡུས་ཞིག་བྱས་ཡོད་པ་གོ་སྐབས་བྱུང་ན་ཞུ་ཆོག །
ས་ག་ཟླ་བ། ༄༅།། སྤྱིར་ས་ག་ཟླ་བ་ཞེས་པ་ནི་བོད་ཟླ་བཞི་པའི་མིང་ཏེ། བོད་ཟླ་བཞི་པར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཡང་ཟེར་བ་ཡིན། དུས་དེའི་རིང་དགེ་བའི་ལས་ལ་འབད་ན་བསོད་ནམ་གྱི་ཚོགས་རྒྱ་ཆེར་སོགས་ཐུབ་པ་དང་དགེ་བ་འབུམ་དུ་འགྱུར་གྱི་ཡོད་པར་རྟེན། ཟླ་བ་འདིའི་རིང་བོད་མི་ཚོས་དམར་ཟས་སྤོང་བ་དང༌། སེམས་ཅན་གཞན་གྱི་སྲོག་གླུ་བྱེད་པ། ངན་སློང་ལ་སྦྱིན་པ་གཏོང་བ། ལྷ་སའི་ཇོབོ་རྣམས་གསུམ་གྱི་གཙོས་གདན་ས་ཁག་གི་སྐུ་འདྲ་གཙོ་བོར། གཞལ་གསེར་སྒྲོན་པ། དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་ཞུ་བ། ཕྱག་འཚལ་མཆོད་འབུལ་སོགས་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་ཡིན་ཞིང༌། དེའི་ནང་ནས་ཚེས་ ༡༥ དང་ ༣༠གཉིས་ལ་དམིགས་བསལ་གྱིས་རྣམ་དཀར་དགེ་སྦྱོར་རྒྱ་ཆེན་པོ་ཞུ་སྲོལ་ཡོད། ཟླ་བ་འདིའི་རིང་བོད་ཀྱི་རི་ཁྲོད་ཁག་དང༌། ཆོས་དད་པ་སྐྱ་སེར་དབྱེར་མེད་ཀྱིས་སྙུང་གནས་ལ་བཞུག་པ་སོགས། ནང་པ་སྤྱི་ཡིས་དུས་ཆེན་ཁྱད་འཕགས་ཅན་དུ་བརྩི་བསྐུར་དང་དད་མོད་ཀྱི་མཆོད་སྤྲིན་ལང་ལོང་དུ་ཕྱུར་ཞིན་ཡོད།། སྔར་བོད་གཞུང་གི་ཀྱང་ས་ག་ཟླ་བའི་དུས་ཆེན་འདིར་དམིགས་གསལ་གྱི་མཆོད་འབུལ་ཟབས་རྒྱས་དང་ཚེས་བཅུ་ལྔ་ཉིན་སྔ་དྲོ་ཕྱག་མཆོད་ཀྱི་མཛད་སྒོ་རྣམ་སྒྲུབས་རྗེས་སྤྲོ་སྐྱིད་ལ་རོལ་པ་དང་། བོད་མི་མང་ཚོགས་སེར་སྐྱ་རྣམས་ནས་ཀྱང་སྔ་དྲོ་ཕྱག་མཆོད་སོགས་ཚར་རྗེས་ཇ་ཆང་དང་།ཟ་ཆས་འཁྱེར་ཏེ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་མཚོ་བསྐོར་དང་།གཞས་རྣམ་ཐར་གཏོང་བས་མཚོན་སྤྲོ་སྐྱིད་གང་ལེགས་གཏོང་སྲོལ་ཡོད་པ་རེད། དེ་ལྟར། ཟླ་བ་འདེའི་ནང་བདག་ཅག་གི་སྟོན་པ་སངས་རྒྱས་བཙོམ་ལྡན་འདས་ཀྱི་དུས་ཆེན་ཁྱད་དུ་འཕགས་པ་གསུམ་བྱུང་ཡོད་པ་ནི། དཔལ་མགོན་འཕགས་པ་ཀླུ་སྒྲུབ་གྱི་གསུང་ལས། ། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་མཛད་ཅིང་། །དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། །མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། །ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ༑ །རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། །ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། །ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། །བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ། །ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། །བྱང་ཆུབ་རིགས་སུ་ངེས་ལ་ཕྱག་འཚལ་ལོ། ཡོང་གྲགས་ནང་པ་སངས་རྒྱས་པའི་མཉམ་མེད་སྟོན་པ་ཤྰཀྱ་ཐུབ་པ་དགའ་ལྡན་གྱི་གནས་་ནས་དུས་དང་། ཡུལ། རིགས། རུས། ཡུམ།བཅས་སྔ་ལ་གཟིགས་ནས། རྒྱ་གར་འཕགས་པའི་ཡུལ་གྱི་ཤཱཀྱའི་རིགས། ཡབ་རྒྱལ་པོ་སྲས་གཙང་མ་དང་། ཡུམ་རྒྱུ་འཕྲུལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པར་བཞེད་པ་ན། ནུབ་ཅིག་ཡུམ་གྱི་མནལ་ལམ་དུ་གླང་པོ་ཆེའི་ཕྲུ་གུ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་གཟུགས་སུ་ནམ་གྱི་གུང་ཐུན་ལ་གློ་གཡས་པ་ནས་ཞུགས་པ་རྨིས་ནས་ས་ག་ཟླ་པའི་ཚེས ༡༥ ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ཏེ། དེ་ནས་སྐུ་བལྟམས་པའི་དུས་ལ་བབས་པ་ན། སྐྱེས་མོས་ཚལ་དུ་རིན་པོ་ཆེའི་ལྗོན་ཤིང་སྐྱེས་པ་སོགས་སྔ་ལྟས་བཟང་པོ་མང་དུ་བྱུང་ཞིང་། ཡུམ་རྒྱུ་འཕྲུལ་མ་ལུམ་བི་ནེའི་ཚལ་དུ་བྱོན། ལྗོན་པའི་རྒྱལ་པོ་པཱ་ལ་ཤའི་ཡལ་ག་ལ་ཕྱག་གཡས་པས་འཇུས་ནས་བྱ་རྨྱང་གནང་ཞིང་གནམ་དུ་གཟིགས་ཏེ། ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བྷིའི་ཞལ་དུ་སྐུ་བལྟམས་པའི་དུས་ཆེན་དང་གཅིག
གཉིས་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་གྱི་གསུང་ལས། །གཞོན་ནུ་སྟོབས་ལྡན་མི་ཡི་སེང་གེ་དེས༑ །ཨཾ་ག་མ་ག་དྷཱར་ནི་སྒྱུ་རྩལ་བསྟན། །སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། །འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི། །འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། །རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ༑ །འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། །མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། །ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། །དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས༑ །བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ། །ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷཱ་ཡི་བྱང་ཆུབ་ཤིང་དྲུང་དུ། །སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།།
དེ་ལྟར། སངས་རྒྱས་བཅོམ་ལྡན་འདས་བདུད་ཀྱི་དཔུང་མ་ལུས་པ་བྱམས་པའི་ཏེང་ངེ་འཛིན་གྱི་སྟོབས་ཀྱི་བཏུལ་ནས། སྐྱིལ་ཀྲུང་བཅས་བཞིན་པར་ཤིང་ཏ་ལ་བདུན་གྱི་ཚད་ཙམ་དུ་ནམ་མཁའ་ལ་འཕགས་ཏེ་ལས་ཀྱི་རྒྱུན་ཆད་དོ། སྡུག་བསྔལ་ཉེ་པར་ཞིབོ། ཟག་པ་ཟད་དོ། ཞེས་ཆེས་དུ་བརྗོད་པས་སངས་རྒྱས་དང་།བྱང་ཆུབ་སེམས་དཔའ་ལྷ་དང་བཅས་པས་ཆེད་རྗོད་དང་ཤིས་པའི་མེ་ཏོག་གཏོར། རིན་པོ་ཆེའི་དྲ་བ་སོགས་མཆོད་རྫས་སྣ་ཚོགས་པས་བྱང་ཆུབ་གྱི་ཤིང་ལེགས་པར་བརྒྱན། བྱང་ཆུབ་སེམས་དཔའ་ནམ་མཁའི་ཁམས་ཡོངས་སུ་གང་བས་མཆོད་ཅིང་མངོན་པར་བསྟོད་ས་སྟེ། ཤིང་རྟ་ས་ག་ཟླ་བའི་ཡར་ཚེས་ ༡༥ ་མཚན་མོ་རྒྱ་གར་རྡོ་རྗེ་ལྡན་གྱི་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་བ་མེད་པའི་ཏིང་འཛིན་ལ་གནས་ཏེ། སྲོད་ལ་བདུད་བཏུལ་བ་དང་ཐོ་རེངས་མངོན་པར་སངས་རྒྱས་པའི་དུས་ཆེན།། གསུམ་པ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་གྱི་གསུང་ལས། ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི། །བཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ༑ །ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས། །ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ། །གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ནས། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ །ཐུབ་པ་གཡུལ་ལས་རྒྱལ་མཛད་ཕྱག་འཚལ་ལོ། །སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས། །མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན། །ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ། །བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ། །ལེ་ལོ་ཅན་རྣམས་མྱུར་དུ་བསྐུལ་བྱའི་ཕྱིར། །རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ༑ །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བཤིག་ནས། །མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །ཡང་དག་ཉིད་དུ་འཇིག་པ་མེད་ཕྱིར་དང་། །མ་འོངས་སེམས་ཅ ན་བསོད་ནམས་ཐོབ་བྱའི་ཕྱིར། །དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས། །ཆ་བརྒྱད་སྐུ་གདུང་མཛད་ལ་ཕྱག་འཚལ་ལོ། དེ་ལྟར། སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་པ་ནས། བཀའ་དང་པོ། བདེན་བཞིའི་ཆོས་འཁོར། བཀའ་བར་པ། མཚན་ཉིད་མེད་པའི་ཆོས་འཁོར། བཀའ་མཐའ་མ། ལེགས་པར་རྣམས་པར་ཕྱེ་བའི་ཆོས་འཁོར་སོགས་ཀྱི་མཛད་པ་རྒྱ་ཆེར་བསྐྱང་ནས། མཐར་མྱ་ངན་ལས་འདའ་བར་བཞེད་ནས་སཱ་ལའི་གྲོང་དུ་མགར་བའི་བུ་ཙུན་བསོད་སྙོམས་ཀྱི་ཐ་མ་བཞེས་ནས་ཆོས་བསྟན་ཏེ་རྩ་མཆོག་གྲོང་དུ་ཕེབས་ནས། ལྕགས་འབྲུག་ས་ག་ཟླ་བའི་ཚེས ༡༥ ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་ནི་མི་རྟག་པ། ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བ། །ཆོས་ཐམས་ཅད་ནི་སྟོང་ཤིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ། ཞེས་གསུང་གི་ཐ་མ་བསྩལ་ནས་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཀྱི་ས་ག་ཟླ་བའི་དུས་ཆེན་ཁྱད་འཕགས་ཅན་གྱི་ངོ་སྤྲོད་མདོ་ཙམ་ལས་སངས་རྒྱས་ཀྱི་མཛད་པ་ཆ་ཚང་བ་ཞིག་གྲང་སུ་མི་ཆུས་པས། སངས་རྒྱས་ཀྱི་འཁྲུངས་རབ་རྒྱས་པ་ཆོས་འབྱུང་ལོ་རྒྱུད་ཀྱི་ནང་གསལ་ཡོད་པས་གཟིགས་པར་ཚལ།། །དེ་ལྟར་བསྟན་པའི་བདག་པོ་བཅོམ་ལྡན་གྱི། །མཛད་པའི་ཚུལ་ལ་མདོ་ཙམ་བསྟོད༌པ་ཡིས། །དགེ་བས་འགྲོ་བ་ཀུན་གྱི་སྤྱོད་པ་ཡང་། །བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། བསྟན་པ་ཉི་འོད་བཞིན་དུ་གསལ་བ་ཡི། བསྟན་འཛིན་བུ་སློབ་བཞིན་དུ་བརྟན་པ་ཡི། བསྟན་པཡུན་རིང་གནས་པའི་བཀྲ་ཤིས་ཤོགས།། །།
དཔྱད་གཞིའི་ཡིག་ཆ། རྒྱལ་རབ་ཆོས་འབྱུང་དང་། དཔལ་མགོན་ཀླུ་སྒྲུབ་གྱི་མཛད་པ། །མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། དུང་དཀར་ཚིགས་མཛོད་ཆེན་མོ་བཅས། །ས་ག་ཟླ་བའི་ཚེས་༡༠ ཉིན། འཕན་པོ་བྶཏན་དར་པས། གཞན་ཕན་ལྷག་བསམ་གྱིས་ཀུན་ནས་བསླང་ཏེ་སློབ་མ་རྣམས་ཀྱི་ཆེད་བརྩོམ་སྒྲིག་ཞུས་པའི་དགེ་བས། བདེ་གཤེགས་ཉིད་ཀྱི་སྤྱོད་དང་མཚུངས་པར་ཤོག།
སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། བསྟན་པ་ཉི་འོད་བཞིན་དུ་གསལ་བ་ཡི། བསྟན་འཛིན་བུ་སློབ་བཞིན་དུ་མཐུན་པ་ཡི། བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོགས།།
བདག་ཅག་གི་སྟོན་པའི་རྗེས་འཇུག་ཡིན་ན་འཁྲུངས་སྐར་སྲུང་རྩི་ཞུ་དགོས་པ་ནི་ཤིན་ཏུ་ནས་གལ་གནས་ཆེ་བ་མཐོང་།
སྒོར་མོ་ཡོད་མེད་ལ་མ་སྟོད་པར་འཁྲུངས་སྐར་ཉིན། སྟོན་པའི་བཀའ་དྲིན་དྲན་ཞིང་གང་ནུས་དགེ་བའི་ལས་ལ་འབད་ན་དགེ་བ་འབུམ་འགྱུར་ཡོང་བ་གསུང་།།
དགའ་ཉེ་བློ་དཀར་དང་བཅས་པར་འཁྲུངས་སྐར་ལ་གསོལ་སྟོན་ཤམས་པ་དང་དགའ་སྤོའི་ངང་སྐྲོ་སྐྱིད་ལ་རོལ་ཏེ་མེ་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུར་བསུ་བ་ཞུ་བ་རྣམས། ནང་པ་ཡོང་ཀྱི་ལས་འགན་འམ་དེ་ནི་རང་གི་སྟོན་པར་གུས་ཕྱག་མཚོན་ལ་དེ་ཡིས་ནང་པའི་བསྟན་པ་སྤྱིའི་ངོ་སྤྲོད་དང་། མ་འོང་གཞོན་སྐྱེས་རྣམས་ལའང་བག་ཆགས་འཇོག་པ་སོགས། ངར་ངོས་ནས་རྒྱུ་མཚན་མང་དག་ཞིག་མཐོང་བས། དྲ་གྲོགས་རྣམས་ནས་དགོང་འཆར་ལྷུག་པོ་གནང་བའི་རེ་བ་ཞུ་རྒྱུ་ཡིན་ནོ།། །།
འཕན་པོ་བསྟན་དར་ནས་གུས་པ་ཆེན་པོས།། །།
སངས་རྒྱས་ཀྱི་འཁྲུངས་སྐར་འདི་གལ་ཆེན་པོ་རེད། །རགས་རྩིས་ཞིག་བྱས་པ་ཡིན་ཏེ། །འཕགས་ཡུལ་གྱི་གནམ་རྩིས་མཁས་དབང་ཨར་ཡཱ་བྷ་ཏ་ARYABHATAལགས་ཀྱིས་མཛད་པའི་གཟའ་བདུན་གྱི་བརྩི་ཚུལ་བྱས་ནའང་ཕལ་ཆེར་རང་རེའི་ལུགས་ས་ཟླའི་ཚེས་བདུན་དང་ཁེལ་འདུག རྒྱ་གར་བ་རྣམས་ཀྱི་སངས་རྒྱས་འཁྲུངས་སྐར་ཏེ་་སངྒ་ལར་དཔེ་བཤུས་ལས་ཞིབ་མོ་རང་མེད་པ་འདྲ། དུས་ཚོད་ཀྱི་དབང་གིས་ངས་བརྩི་ནོར་བ་ཡང་ཡིན་སྲིད། ཆད་ལྷག་གི་དབང་གིས་སྐབས་རེར་ཚེས་ལ་སྔ་ཕྱི་ཅུང་ཟད་འབྱུང་སྲིད་ཏེ། གཙོ་ཆེ་བར་མཐུན་ཡོང་བ་འདི་ངོ་མཚར་མི་ཆེའམ། མཁས་དབང་ཨར་ཡཱ་བྷ་ཏ་ནི་ནང་པ་སངས་རྒྱས་པ་ཡང་ཡིན་པར་གྲགས་ཤིང་། ན་ལེནྡྲའི་གནམ་དཔྱད་སྟེགས་པུའང་ཁོའི་སློབ་རྒྱུན་གྱིས་བཟོས་ཚུལ་སོགས་བདེན་པ་ཡིན་ཚེ་དཔྱད་པ་བྱེད་འོས་པ་ཞིག་རེད། །དྲ་གྲོགས་རྣམས་ཀྱིས་དགོངས་འཆར་ལྷུག་པོར་གནང་བར་ཞུ། །
Aryabhata་ནི་རྒྱ་གར་རྩིས་རིག་གི་མེས་པོ་དམ་པ་ཞིག་ཏུ་གྱུར་ཡོད་ལ། གནའ་བོའི་སྐར་རྩིས་ལ་ལམ་གསར་བ་ཞིག་ཀྱང་གཏོད་ཡོད། ན་ལེནྡྲའི་ཉེ་འཁོར་ཞིག་ཏུ་ཡུན་རིང་བཞུགས་ཏེ་ཁོས་བྲིས་བའི་རྩིས་རིག་གི་གཞུང་ལུགས་དེ་ཚོ་དེང་སང་གནམ་དཔྱད་རིག་པའི་རྨང་གཞི་དང་ཆ་འཇོག་འོས་པ་ཞིག་ཏུ་གྱུར་ཡོད་པར་མ་ཟད། སྤྱི་ལོ་༡༩༧༥་ལོར་རྒྱ་གར་དབུས་གཞུང་གིས་ཀྱང་Arybhata ་ཞེས་བའི་མཁའ་དབྱིངས་འཔུར་གྲུ་དང་པོ་བར་སྣང་དུ་གཏོང་ཐུབ་པ་བྱུང་ཡོད་པ་རེད།
གསིང་ལྡན་བསྟོན་པ་༧གོང་ས་ཡིན་བཞིན་ནོར། མཇལ་བ་འདི་འདྲ་མེས་པོ་བཀའ་དྲིན་བསམ། ཕྱིན་ཅི་མ་ལོག་གང་གསུང་ཚུལ་བཞིན་བྱ། བསྟན་འགྲོ་གཞན་འཕན་རང་གི་བླ་མའི་བཀའ།
སྐུའི་འཁྲུངས་སྐར་ལ་སྒོ་གསུམ་རབ་གུས་གསོལ་འདེབས་དང་སྐུ་ཚེ་ཡུན་གནས་བཞུགས་པའི་སྐྱབས་འཇུག་གནང་བ་མཁྱེན་མཁྱེན་མཁྱེན།། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུས།