རྫ་ཚེ་རིང་བཀྲ་ཤིས།
སྤྱིར་ཆོས་ལུགས་ཡོངས་ལ་མི་སེམས་གཙང་མ་བཟོ་སྤྱད་ཀྱི་ནུས་པ་ཡོད་ཅིང་། ཁྱད་པར་དུ་སངས་རྒྱས་ཆོས་ལུགས་ལ་སེམས་ལ་ཞི་བདེ་བསྐྲུན་པའི་ནུས་པ་ཧ་ཅང་ཆེན་པོ་ཡོད།
ཞི་བདེ་སྐྲུན་སྟངས་ཀྱང་མི་འདྲ་བ་མང་པོ་ཡོད། གནས་སྐབས་ཀྱི་ངལ་གསོ་སྟེར་བའི་ཆ་ནས་བཤད་ན་སེམས་འཁྲུགས་པ་ལས་སྲུང་བ་ཡིན། སེམས་མྱོས་པ་ལས་འཛིན་པ་ཡིན། སེམས་གཡེངས་པ་ལས་བསྡུད་པ་ཡིན། དེ་ཡང་མི་ཞིག་ལ་དད་མོས་ཀྱི་འདུ་ཤེས་ཡོད་པ་ནི་གླང་པོ་ཆེ་ཐག་པ་ལ་བཏགས་པ་བཞིན། ལུས་དང་ངག་གི་སྤྱོད་པ་དང་། ཡིད་ཀྱི་བསམ་པ་ལ་ཚད་ཡོད་པར་བྱེད་པ་ཡིན། ལར་ལུས་དང་ངག་གི་ལས་ལ་ཚད་མེད་ཅིང་། ཡིད་ལ་ཟོན་མེད་པ་ནི་སེམས་རྣལ་དུ་མི་གནས་པར་འགྱུར་བ་ཡིན། དེ་ནི་ལས་སླ་པོས་སེམས་ལ་དཀའ་ངལ་ཆེན་པོ་འཕྲད་པ་དང་དགའ་བ་དང་སྐྱོ་བ་གང་གི་སྐབས་སུ་ཡང་ཚད་མི་ཤེས་པ་ཡིན། ཆོག་པར་མི་འཛིན་པ་ཡིན། སྟངས་འཛིན་གྱི་འཁོར་སྒག་ཀློད་པ་ཡིན། དེང་སང་ཡར་ཐོན་ཆེ་བའི་གྲོང་ཁྱེར་ཞིག་ལ་མཚོན་ན། ་དགོན་པ་དང་ལྷ་ཁང་ནི་བསིལ་ཁང་དང་། གྲིབ་མ་བཟང་བོ་ཅན་གྱི་ཤིང་བཞིན་ངལ་གསོའི་གནས་དང་སེམས་ཁམས་ཀྱི་ནད་གསོ་བའི་སྨན་ཁང་ལྟ་བུ་ཡིན།
ཞི་བ་དང་། བག་ཕེབས་པ། ལྷིང་འཇགས་པ་བཅས་ཀྱིས་ཁྱེད་མགྲོན་དུ་འབོད་པ་ཡིན།
ཅི་ཙམ་དཀའ་ཞིང་ངལ་དུབ་པ་དང་། ཡང་ན་སྟོང་ལྷང་ལྷང་དང་ཅི་བྱ་གཏོལ་མེད་ཀྱི་སྐབས་སུ་ཞལ་འདོན་དང་སྤོས་སྦྲོན་པ། སྨོན་ལམ་འདོན་པ། བསྟོད་པ་དབྱངས་སུ་གྱེར་བ། ལྷ་ཁང་གི་ཁྱམས་སུ་བསྡད་ནས་ལྷོད་ཀྱིས་སངས་རྒྱས་ཀྱི་སྐུ་འདྲ་ལ་མཇལ་བ་བཅས་ཀྱིས་ཁྱོད་འཇིག་རྟེན་གཞན་ཞིག་ཏུ་འདྲེན་པར་ཐེ་ཚོམ་ཅི་ཡང་མེད་པ་ཡིན།
འོན་ཀྱང་དེ་ནི་ཟུར་དང་ཞར་ལ་ཐོབ་པའི་ཡོན་ཏན་ཡིན།
ནང་པའི་གཞུང་ལས་བཤད་པའི་སྙིང་རྗེའི་དམིགས་རྣམ་དང་། དབུགས་གཏོང་ལེན་གྱི་དམིགས་རྣམ། བྱམས་པ་ཆེན་པོའི་དམིགས་རྣམ་བཅས་ནི་ཧ་ཅང་ཡ་མཚན་པོ་དང་ཡིད་ལ་འཇེབས་པོ་ཡོད། དྲིལ་བུའི་སྒྲ་དང་ཡང་ན་འབྱུང་བའི་ཁམས་ཀྱི་རང་བྱུང་གི་སྒྲ་དབྱངས་ཏེ། དྲག་ཏུ་འབབ་པའི་རྦབ་ཆུའི་སྒྲ་དང། བག་ཀྱིས་འཁྱོམས་པའི་རྒྱ་མཚོ་རླབས་ལྟ་བུའི་འགྲམ་དུ་སྟོང་པ་ཆེན་པོའི་ཁམས་སུ་དམིགས་པ་གཏད་ནས། རི་བོ་ཧི་མ་ལ་ཡའི་གངས་ཀྱི་ལྟོང་ཁ་ན་་གཅེར་ཉར་བྱེད་པའི་སྔོན་གྱི་དཔའ་བོ་མི་ལ་རས་པ་སོགས་ཀྱི་རྡོ་རྗེའི་དོ་ཧ་གླུ་ངག་ཏུ་གྱེར་བ་ནི་ཚད་མཐོ་ཤོས་དང་། རི་རབ་ཀྱི་རྩེ་ནས་རི་ཕྲན་ལྟ་བ་ལྟར་ཡོད་ཚད་ཟིལ་གྱིས་མནོན་པའི་ཉམས་སྣང་སྐྱེ་བའི་སེམས་ཁམས་ཀྱི་སྦྱོང་བརྡར་གཞན་ཞིག་ཡིན། སྐབས་དེའི་ཁྱེད་ཀྱི་སེམས་ཀྱི་ཞི་བདེ་ནི་ཆང་དང་བུད་མེད་དང་ཉལ་ཐ་བཅས་ལས་ལྷག་པར་མ་ཟད། ཉི་མ་དང་ཟླ་བ་དང་སྐར་མ་བཅས་དང་ལྷན་གཅིག་ཏུ་རྩེ་ཞིང་རོལ་བར་བྱེད། རྗེས་ཀྱི་འབྲས་བུ་ནི་ཧ་ཅང་ཁ་ན་མ་ཐོ་བ་མེད་པ་ཡིན། འདི་ནི་མི་ཞིག་གི་མི་ཚེ་ཙམ་ཁོ་ནའི་ཆ་ནས་ཀྱང་ཧ་ཅང་ཡིད་དུ་འོང་བའི་མི་ཚེ་སྐྱེལ་སྟངས་ཤིག་རེད།
ཁྱོད་ནི་ལས་དོན་གྱིས་བྲེལ་ཞིང་འགྲོ་འོང་གིས་གཡེངས་པས་དེ་དག་ཁྱོད་ཀྱིས་ཉམས་སུ་བསྟར་མི་ཐུབ་པ་ངས་ཤེས་ཀྱིན་ཡོད། དེས་ན་ད་ནས་ཁྱོད་ཀྱིས་ཉིན་རེ་རེ་ལ་གཏོང་ལེན་གྱི་དམིགས་པ་གཏན་པོ་དང་བཅས་སྐར་མ་བཅུ་ལ་དབུགས་ཀྱི་འབྱིན་རྔུབ་ལྷོད་ལ་རན་པ་ཞིག་བྱེད་རོགས།
སྐབས་དེར་ཁྱེད་ཀྱིས་ཁྱེད་ཉིད་དང་ཁྱེད་ཀྱི་ཉེ་འཁོར། དེ་བས་ཀྱང་ཁྱེད་ཉིད་ཀྱིས་དབུགས་ཀྱིས་གཏོང་ལེན་བྱེད་བཞིན་ཡོད་པ་གསལ་བོ་དྲན་པ་གནང་རོགས། ཁྱོད་ཀྱི་སྐྱེ་མཆེད་ཀྱི་ཡུལ་རྣམ་གྱི་དབྱིབས་དང་ཁ་དོག་རོ་དང་མྱོང་བ་མཐའ་དག་ལ་ལྷོད་ཀྱིས་རྟོག་ཅིག ཧ་ཅང་ཡིད་དུ་འོང་བ་དང་སྔར་མཐོང་མ་མྱོང་བ་ལྟ་བུའི་མཛེས་སྡུག་ཅིག་མངོན་དུ་མ་གྱུར་བར་ལྷོད་ལྷོད་གྱིས་ལ་ལྟོས་ཤིག
སངས་རྒྱས་ཧ་ཅང་ཞི་ཞིང་འཛུམ་ལ་རང་འདོད་དང་གཡོ་སྒྱུ་གཏན་ནས་མེད་པར་ཁྱོད་ཀྱི་ཕ་མ་བཞིན་སྙིང་ཉེ་བོ་གནང་མཁན་ཁོང་གི་སྐུ་གཟུགས་མཛེས་ཞིང་ཡིད་དུ་འོང་བ་དེར་དམིགས་ནས་ངལ་གསོ་ཡུད་ཙམ་གནོང་ཤིག
ད་དུང་ཁྱོད་ཀྱིས་སྐབས་གཞན་དང་གཞན་དུ་རང་ཉིད་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་པའི་ནང་བ་ཞིག་ཡིན་སྙམ་དུ་སོམས་ཤིག སྙིང་རྗེ་ཅན་གྱི་སྟོན་པ་ཞིག་གི་རྗེས་འཇུག་ཡིན་སྙམ་དུ་ཡིད་ལ་དུང་ངེེར་དྲན་པར་མཛོད་ཅིག སེམས་ཅན་རྣམས་ཀྱི་ཚེ་སྲོག་ནི་རང་གི་ཚེ་སྲོག་བཞིན་གུས་ཞབས་དང་གཅེས་སྤྲས་སུ་འོས་པ་ཞིག་ཡིན་སྙམ་པ་ཡིད་ལ་གྱིས་ཤིག སེམས་ཅན་རྣམས་ཀྱང་རང་ཉིད་བཞིན་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པ་ཞིག་ཡིན་པར་སྙིང་གི་ཁོང་རུས་པའི་གཏིང་ནས་བསམ་གཞིག་གི་གོ་རྟོགས་རྙེད་དུ་ཆུག་ཅིག ཁྱོད་ཀྱི་ལག་པས་འབུ་སྦྲང་ལ་རེག་པར་རྩོམ་པ་དང་ཁོ་ལ་སྲོག་ཡོད་པ་དྲན་པར་གྱིས་ཤིག། ཁྱེད་ཀྱིས་རྟག་ཏུ་གཞན་དག་ཀྱང་རང་ཉིད་དང་འདྲ་པར་སོམས་ཤིག
ཉམ་ཆུང་བ་དང་དམན་པ། ཡང་ན་ཡ་ང་བ་དང་ཧ་ཅང་ཡིད་དུ་མི་འོང་བའི་ཡུལ་དང་འཕྲད་པ་ན་ཡང་འཛུམ་མདངས་མ་བརླགས་པ་གྱིས་ཤིག
ངང་རྒྱུད་རིང་པོས་མི་ལ་གཏམ་སྨྲ་ཞིང་ངང་རྒྱུད་རང་པོས་གཏམ་ལན་ལ་རྣ་བ་གཏོད་ཅིག
ཁྱོད་ཀྱིས་དངོས་ཡོད་ལས་བརྒལ་བའི་བསམ་བློ་འཁོར་བ་དང་འཇིག་རྟེན་ནི་ཚད་ངེས་ཅན་ཡིན་པ་དྲན་དུ་ཆུག་ཅིག དཀའ་ངལ་འཕྲད་ནས་ཧ་ཅང་བཟོད་དཀའ་བའི་དུས་དེར་སྣང་བ་འདི་དག་ཡུད་ཙམ་ཡུད་ཙམ་ཡིན་པའི་དྲན་པ་འཁོར་དུ་ཆུག་ཅིག ཡང་ན། དངོས་པོ་གང་དང་གང་སྤྱད་པ། །རྨི་ལམ་ཉམས་སུ་མྱོང་བ་བཞིན། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །ཞེས་སོམས་ཤིག
དེའི་དབང་གིས་ཁྱོད་ཀྱི་སེམས་ལ་ནམ་ཡང་འཇིགས་སྣང་མེད་པར་འགྱུར། བྱུས་ཉེས་ཉུང་བར་འགྱུར། མི་བཟོད་པའི་གདུང་བ་མེད་པར་འགྱུར། ཧམ་པ་ཆུང་བར་འགྱུར། ཁྱོད་ཀྱི་སེམས་རྣལ་དུ་གནས་པར་འགྱུར། ལས་ཀྱི་མཐའ་བརྟན་པར་འགྱུར། སྐྱིད་ཁྱག་པར་འགྱུར། སྡུག་ཁྱག་པར་འགྱུར། འཚོ་བ་ལ་དྲོད་ཡོད་པར་འགྱུར། ཁྱིམ་གྱི་ཁ་དོག་ཀྱང་ཀྱང་མཛའ་གཤིས་དང་ལྡན་པར་གྱུར། ཚེ་སྲོག་གི་ལྗོན་པ་སྐྱེས་སྟོབས་དང་ལྡན་པར་འགྱུར། ཁྱེད་ཀྱི་བུ་དང་བུ་མོ་ཆུང་མ་དང་བཅས་པའང་ཁྱེད་ཀྱི་འཁྲིས་སུ་འཛུམ་གྱིན་བསྡོད་པར་འགྱུར། གཉེན་རྣམས་ཀྱིས་ཀྱང་ཁྱེད་ལ་བྱམས་པས་ལྟ་བར་འགྱུར། གྲོགས་པོ་དག་གིས་ཀྱང་ཁྱེད་ལ་ཡིད་ཆེས་ཀྱིས་མིང་ནས་འབོད་པར་འགྱུར། ཁྱེད་ཧ་ཅང་བློ་བདེ་བ་དང་བག་ཕེབ་པ། མདངས་དང་ལྡན་པ་བཅས་སུ་འགྱུར། རྟག་ཏུ་བདེ་བར་འགྱུར། འདི་ཡོངས་རྫོགས་ནི་ཞི་བདེའི་གཏེར་ཡིན། འདི་ཡོངས་རྫོགས་ནི་སངས་རྒྱས་ཀྱི་འོད་ཟེར་ཡིན། འདི་ཙམ་ཞིག་ཤེས་པ་དེས་ཆོས་ཀྱི་སྤྱི་གླིང་རྙེད་པ་ཡིན།
འཕགས་པའི་ལམ་དང་ཉེ་བ་ཡིན།
ཀྱེ་བདག་གི་སངས་རྒྱས། ཁྱེད་ཀྱིས་བདག་ཅག་ལ་འདི་ལྟ་བུའི་འོད་ཟེར་གྱི་ལམ་གནང་ཐུགས་རྗེ་ཆེ་ཞེས་ཞུའོ།།
ངོ་ཐུག་མ་མྱོང་བའི་དྲ་གྲོགས་ཧབ་པེ་ནས་ཨུ་ཚུགས་ཀྱིས་ནང་ཆོས་ཀྱིས་སེམས་ཀྱི་ཞི་བདེ་སྐྲུན་སྟངས་ཀྱི་སྐོར་ཞིག་བྲིས་ཞེས་པའི་ལན་དུ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་འཕྲས་བྲིས་པ་ལས་ཞུས་དག་ཅུང་ཟད་བྱས་སོ། །
གཏོང་ལེན་འདི་ལས་ལྷག་པའི་སེམས་ཀྱི་སྨན་མཆོག་ཅིག་མི་འདུག ཁྱེད་ཀྱི་རྩོམ་འདི་ཉི་སྒྲིབ་མིག་ཤེལ་ཞིག་དང་འདྲ་བར་འདིའི་རྒྱབ་ལོགས་ནས་འཇིག་རྟེན་འདི་ལ་ཁ་དོག་གཞན་ཞིག་རྙེད་ཐུབ་ཀི སྔོན་གྱི་མདོ་སྡེ་དག་ཀྱང་ལོ་ངོ་གཅིག་སྟོང་སྔོན་གྱི་བརྡ་རྙིང་པ་དག་དང་རྩོམ་སྲོལ་རྙིང་པ་དག་གི་ཀློང་ན་ཡོད་མ་གཏོགས་ཁྱེད་ཀྱི་རྩོམ་འདི་བཞིན་ཀློག་བདེ་ཞིང་འཇུ་བདེ་བ་ཞིག་ཡིན་ངེས།
ཐེ་ཝན་ཐོན་ཚར་དུས་སངས་རྒྱས་གསོན་པོ་མང་ནི་རེད། ཁྱོད་ཀྱང་སངས་རྒྱས་ཀྱི་འཕྲིན་པ་རེད་འདུག་གྰ། ཨ་ལ་ཀུ་རེ་ཡིན། དྲ་གྲོགས་ཡག་པོ་བྲིས་བཞག
དབུག་གི་འབྱིན་རྔུབ་ངལ་གསོ་སྟེར་སྟངས་ནི། །
སེམས་འཁྲུགས་ལས་སྲུང་སེམས་མྱོས་འཛིན་པ་དང་། །
སེམས་གཡེངས་པ་ལས་བསྡུད་པ་འདི་གསུམ་ནི། །
སྒོམ་གྱི་ཀ་ཁ་ཞི་གནས་སྒོམ་འགོ་ཚུགས་དང་འདྲ། །
མི་བཟོད་གདུང་མེད་ཧམ་ཆུང་སེམས་རྣལ་དུ། །
གནས་འགྱུར་སྐྱིད་ཁྱག་སྡུག་ཁྱག་བསྡད་པ་འདིས། །
ཁྱེད་ཀྱི་བུ་དང་བུ་མོ་ཆུང་མ་སློབ་མར་བཅས། །
ཁྱེད་འཁྲིས་འཛུམ་བགྱིན་སྡོད་བཟོད་ཐུབ་པ་བཟང་། །
སངས་རྒྱས་ཞི་འཛུམ་སྙིང་ཉེའི་སྐུ་གཟུགས་ལ། །
མཛེས་ཞིང་ཡིད་འོང་ལར་དམིགས་ཡང་ཡང་མཇལ། །
ཞལ་འདོན་སྤོས་སྦྲོན་སྨོན་ལམ་བསྟོད་དབྱངས་གྱིས། །
ཞི་བ་བག་ཕེབས་ལྷིང་འཇགས་བྱིན་གྱིས་བརླབས། །
ད་དུང་ཁྱོད་ཀྱིས་ལས་འབྲས་རྒྱུ་འབྲས་ལ། །
ཡིད་ཆེས་བྱེད་པའི་ནང་པ་ཡིན་སྙམ་དང་། །
སྙིང་རྗེའི་རང་གཟུགས་སྟོན་པའི་རྗེས་བཞུགས་ནས། །
ཚེ་སྲོག་གཞན་ལའང་རང་ལྟར་གཅེས་འདི་མཚར། །
ཚད་ལྡན་གྱི་རྩོམ་པ་པོ་རྒན་པ་ཀླུ་སྨྱོན་མཆོག་གིས་གདེངས་འཇོག་གནང་བ་དང་དང་བོན་དང་ཀ་དར་སོགས་ཀྱིས་དེ་བཞིན་ཕྲན་གྱི་རྩོམ་འདིར་རོལ་མྱོང་དང་ཆེ་མཐོང་གནང་བར་དགའ་སྤོབས་ཆེན་པོ་བྱུང་། ཐུགས་རྗེ་ཆེ།
ཀུན་ཤེས་ཀུན་གྲོལ་རྣམ་འདྲེན་བཞི་པ་དངོས།།
འགྲོ་ལ་ཕན་པ་ཨ་ཇོ་དྲི་ཀུན་ཚང་།།
ེཉེར་གཅིག་སྙིགས་མའི་དུས་ཀྱི་ཧྲག་པར་ན།།
ྲརྫ་ཆུའི་མཁན་ཆེན་ཁྱེད་ཀྱི་ཟླ་ལ་སུ།།
བསམ་ཞིང་ངེས་ལ་ཤེས་ཀྱང་བཙིར་བ་ཡི།།
དམིགས་ཡུལ་འོད་ལྡན་རྩོམ་རིགས་འདི་འདྲ་ལ།།
ཚོར་བ་དང་ནི་བྲིས་འགོད་མི་མཚུངས་ན།།
རིན་ཐང་ལོངས་སུ་བྱེད་པ་འོས་ཅི་མཆིས།།
ཁྱེད་ཀྱི་ཆོས་སྐད་ཁྱེད་ཀྱི་གྲོད་པའི་ཆེད།།
ཁྱེད་ཀྱི་བཟོ་ལྟ་ཁྱེད་ཀྱི་རྣ་བའི་དོན།།
ཁྱེད་ཀྱིས་རང་རང་གང་བྱས་ཤེས་ན་ཡང་།།
ཁྱེད་ཀྱིས་འདི་ཉིད་གཞན་ལ་བཤད་འདོད་བྲལ།།
ཆོས་སྐད་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དེངས།།
སྒེར་གྱི་དམིགས་ཡུལ་རང་གི་ལྟོ་རུ་སོང་།།
ཤི་ཁའི་བྲང་ལག་མཁན་པོའི་ཁྲི་ནས་འཐབ།།
རྒས་ཁའི་ཁ་ཆེམས་རྒྱུས་མེད་མི་ལ་བྱོས།།
ཚེ་འདི་མི་ཚེ་གཡོ་ཟོལ་དོན་དུ་ཟད།།
འཆི་ཁའི་གདེང་ཚོད་ཁྱོད་ལ་ཡོད་མྱངས།།
སྐྱེ་བ་འདི་དང་སྐྱེ་བ་ཕྱི་མ་ལ།།
གང་ཡང་མེད་པའི་གྲུང་པོ་ཤ་རེ་ཚ།།
བསམ་ཞིང་ངེས་ལ་ཤེས་ཀྱང་བཙིར་བ་ཡི།།
དམིགས་ཡུལ་འོད་ལྡན་རྩོམ་རིགས་འདི་འདྲ་ལ།།
ཚོར་བ་དང་ནི་བྲིས་འགོད་མི་མཚུངས་ན།།
རིན་ཐང་ལོངས་སུ་བྱེད་པ་འོས་ཅི་མཆིས།།
ཁྱེད་ཀྱི་ཆོས་སྐད་ཁྱེད་ཀྱི་གྲོད་པའི་ཆེད།།
ཁྱེད་ཀྱི་བཟོ་ལྟ་ཁྱེད་ཀྱི་རྣ་བའི་དོན།།
ཁྱེད་ཀྱིས་རང་རང་གང་བྱས་ཤེས་ན་ཡང་།།
ཁྱེད་ཀྱིས་འདི་ཉིད་གཞན་ལ་བཤད་འདོད་བྲལ།།
ཆོས་སྐད་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དེངས།།
སྒེར་གྱི་དམིགས་ཡུལ་རང་གི་ལྟོ་རུ་སོང་།།
ཤི་ཁའི་བྲང་ལག་མཁན་པོའི་ཁྲི་ནས་འཐབ།།
རྒས་ཁའི་ཁ་ཆེམས་རྒྱུས་མེད་མི་ལ་བྱོས།།
ཚེ་འདི་མི་ཚེ་གཡོ་ཟོལ་དོན་དུ་ཟད།།
འཆི་ཁའི་གདེང་ཚོད་ཁྱོད་ལ་ཡོད་མྱངས།།
སྐྱེ་བ་འདི་དང་སྐྱེ་བ་ཕྱི་མ་ལ།།
གང་ཡང་མེད་པའི་གྲུང་པོ་ཤ་རེ་ཚ།།
བསམ་ཞིང་ངེས་ལ་ཤེས་ཀྱང་བཙིར་བ་ཡི།།
དམིགས་ཡུལ་འོད་ལྡན་རྩོམ་རིགས་འདི་འདྲ་ལ།།
ཚོར་བ་དང་ནི་བྲིས་འགོད་མི་མཚུངས་ན།།
རིན་ཐང་ལོངས་སུ་བྱེད་པ་འོས་ཅི་མཆིས།།
ཁྱེད་ཀྱི་ཆོས་སྐད་ཁྱེད་ཀྱི་གྲོད་པའི་ཆེད།།
ཁྱེད་ཀྱི་བཟོ་ལྟ་ཁྱེད་ཀྱི་རྣ་བའི་དོན།།
ཁྱེད་ཀྱིས་རང་རང་གང་བྱས་ཤེས་ན་ཡང་།།
ཁྱེད་ཀྱིས་འདི་ཉིད་གཞན་ལ་བཤད་འདོད་བྲལ།།
ཆོས་སྐད་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དེངས།།
སྒེར་གྱི་དམིགས་ཡུལ་རང་གི་ལྟོ་རུ་སོང་།།
ཤི་ཁའི་བྲང་ལག་མཁན་པོའི་ཁྲི་ནས་འཐབ།།
རྒས་ཁའི་ཁ་ཆེམས་རྒྱུས་མེད་མི་ལ་བྱོས།།
ཚེ་འདི་མི་ཚེ་གཡོ་ཟོལ་དོན་དུ་ཟད།།
འཆི་ཁའི་གདེང་ཚོད་ཁྱོད་ལ་ཡོད་མ་མྱངས།།
སྐྱེ་བ་འདི་དང་སྐྱེ་བ་ཕྱི་མ་ལ།།
གང་ཡང་མེད་པའི་གྲུང་པོ་ཤ་རེ་ཚ།།
གདམས་ངག་ནི་གདམས་རང་རེད་འདུག །
མངོན་ཤེས་བཤད་ཀྱིན་ཡོད་པ་ལྟར། ཤེས་པ་ཡང་བུན་ཟེང་ངེ་བ་བྱེད་ཀྱི་འདུག རྒྱ་སྟག་དཀར་པོ་དྲང་མོར་བཤད་ན་ཁྱེད་ཀྱིས་གང་བཤད་པ་ནི་ང་སྒེར་ལ་མཚོན་ན་དངོས་ཡོད་གནས་ཚུལ་རེད་འདུག འོན་ཀྱང་སངས་རྒྱས་དང་དེའི་བསྟན་པ་འདི་ཡང་མ་མཐའ་ཡང་ངའི་ཁ་རྒྱབ་རྟེན་ས་ཡིན་པའི་ཆ་ནས་དྲིན་ཚོར་བའི་གུས་ཞབས་དང་ཞེན་པ་ཞིག་ནི་ཡོད་ངེས་ཡིན།
གང་ལྟར་ངའི་ཀུན་སློང་དང་རང་བཞིན་གང་ཡིན་ལ་མ་ལྟོས་པར་ཚིག་རང་གིས་ཀྱང་སྐྱེ་བ་འགའ་ཞིག་ལ་དང་བ་ཙམ་སྐྱེད་དུ་ཆུག་ན་ནི་དེ་ཡང་དོན་ཡོད་པ་ཡིན་ཏེ། མདོ་འཛངས་བླུན་ལས་སྲིན་པོ་མི་ཤ་རྗེན་པར་ཟ་བ་ལས་ཆོས་ཀྱི་ཚིག་ཐོས་པའི་ཆེད་རང་གི་ཤ་བྱིན་པའི་བྱང་སེམས་ཀྱི་ལོ་རྒྱུས་དང་། འདུལ་བ་ལུང་དུ་མཚན་མེད་པའི་ལས་བྱས་པའི་གང་ཟག་གི་སློབ་མས་དགྲ་བཅོམ་ཐོབ་ནས་འཆི་བ་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས་ཀྱིས་བརྟགས་པས་དགེ་རྒན་དམྱལ་བ་ན་འཚེད་བཞིན་པ་གཟིགས་པ་ལྟ་བུ་ཡོད་པར་གསུངས་ན། ཉིན་གཅིག་ང་ཡང་དེ་འདྲའི་འབྲེལ་ཐོགས་ཤིག་གིས་འདྲེན་པར་ཤོག
གང་ལྟར་ངའི་རྒྱུད་ཐ་མལ་དུ་ལུས་པའི་ཚད་ལ་ནི་ང་རང་ཡང་ཧང་སང་གིན་འདུག་གོ །
སྐྱེ་བོ་འགའ་ཞིག་སོགས་་་་་་་་་་བཅོས་རོགས།
ཁ་ནས་བཤད་ཚད་བདེན་པ་ཡིན་གྱུར་ན།
ཐམས་ཅད་སངས་རྒྱས་མྱུར་དུ་ཅིས་མི་འགྲུབ།
ལམ་རིམ་སྐྱེད་རྫོགས་རྫོགས་པ་ཆེན་པོའི་གདམས།
ལྷུག་ལྷུག་ངག་ནས་སྐྱོར་བ་ཤིན་ཏུ་མང།
བསམ་བསམ་བཞིན་རང་ལ་བརྟག་དཔྱད་ནས།
བཤད་པ་ཅི་བཞིན་རང་སེམས་སྙིང་དཀྱིལ་དུ།
ཏིལ་འབྲུ་ཙམ་ཡང་རྙེད་རྒྱུ་མེད་འདི་སྐྱོ།
རང་སེམས་བཅོས་པའི་མ་ངག་གཏོས་ལྟར་སྤུངས།
ཉིན་རྒྱགས་གྲོང་དང་གྲོང་བདལ་མྱུལ་མྱུལ་ནས།
དབང་སྐུར་གདམས་པ་བཤད་བཤད་བཀྲ་ཤིས་ཚིག
བརྗོད་མཐར་ཕྱི་ཤུབས་དམར་བའི་ཡི་གེའི་སྐོགས།
མྱུར་དུ་ཞལ་སྒོ་ཕྱེ་ལ་སེམས་འཚབ་ཆེ་འདི་སྐྱོ།
མི་མེད་བྲག་ཕུག་སྐམ་པོའི་རྫ་ཕུག་ན།།
བདེ་ཆེན་ངག་ལ་གྱེར་བའི་རྗེ་མི་ལས།།
འདི་ན་ང་ལས་སྐྱིད་པ་མེད་དོ་གསུངས།།
དོན་དེ་ཡིད་ལ་དྲན་ན་དད་པ་སྐྱེས།།
ཟིན་མེད་ལས་ཀྱིས་འགྲོ་འདུག་རང་དབང་བྲལ།།
སྡུག་གི་ཁུར་བོ་སེམས་ཀྱིས་བཙལ་འཚོལ་གྱིས།།
བདེ་སྐྱིད་ནོར་ལ་རེ་བའི་འཇིག་རྟེན་པ།།
འཁྲུལ་སྣང་ཀློང་ན་འབྱམས་པའི་ཨ་ཐང་ཆད།།
རྣལ་འབྱོར་པ་བཀྲ་ཤིས་ཚེ་རིང་ལེགས། ཁྱེད་ཀྱི་ནང་རིག་པ་གཙོ་བོ་སེམས་སྦྱོང་བ་དེ་གནད་ཆེ་བར་གསུངས་པ།
བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།
བསམ་པ་ངན་ན་ས་དང་ལམ་ཡང་ངན།
ཐམས་ཅད་བསམ་པ་དག་རག་ལས་པས།
རྟག་པར་བསམ་པ་བཟང་ལ་འབད་པར་བྱ།།
ཞེས་གསུངས་པ་ལྟར་ཡིན་འདུག་གོ།
ཞར་དུ་ཚིག་དོན་འགའ་ལ་དཔྱད་དགོས་པར་མཐོང་། གནོང་ཤིག ཅེས་པ་རིག་གཞུང་སྐད་དང་འགལ་བར་མ་ཟད་བོད་ལྗོངས་སྐྱེ་བོ་མང་པོས་དེའི་དོན་མི་གོ ལྷག་པར་བོད་ནུབ་ཕྱོགས་པ་དག་གིས་དེའི་དོན་ཅི་ཡིན་ནམ་ཟེར་ངེས། ཞེས་དང་།
ཡིད་ཆེས་བྱེད་པའི་ནང་བ་ཞིག་ཡིན་སྙམ་དུ་སོམས་ཤིག ཅེས་པའི་ནང་གི་དོན་ཅི་ཡིན་ནམ།
སྐྱིད་ཁྱག་པར་འགྱུར། སྡུག་ཁྱག་པར་འགྱུར། ཞེས་པར་ཡང་། སྐྱིད་ཐེག་པར་འགྱུར། སྡུག་ཐེག་པར་འགྱུར། ཞེས་བཀོད་ན། བོད་ནུབ་ཕྱོགས་པས་ཀྱང་དོན་གོ་ཐུབ།
ཐེག་ཅེས་པ་འདི་ཉིད་བོད་རིག་གཞུང་སྐད་ཡིན་པས། འདི་ཉིད་གོ་མ་ཐུབ་ཚེ། ད་དུང་བོད་རིག་གཞུང་སྐད་ལ་སྦྱང་དགོས་པར་མཐོང་།
སྤྱིར་བཏང་གནང་་བ་ཞེས་པ་ཆོག་པར་བཀའ་སྩོལ་བའམ་སྩལ་ལ་འཇུག་ཀྱང་། དིང་སང་བོད་ཡུལ་དབུས་གཙང་དུ། གནང་ཞེས་པ་དེ་མཛད་དང་སྩོལ་གྱི་དོན་ལ་ཡང་བཀོལ། ཤར་ཕྱོགས་ཀྱི་ཡུལ་ལུང་དག་ཏུ་ཡང་དེ་འདྲ་ཡིན་ནམ་བསམ། བོད་ནུབ་ཕྱོགས་པས། མཛད་དང་སྩོལ། ཞེས་སོ་སོར་འབོད་ཅིང་འབྲིའོ།།
ཁྱེད་ཀྱི་ཞེས་པར་ཁྱེད་ཀྱིས་ཞེས་ཀློག་པར་མཛོད།
རྒན་ལ་དྭགས་པ་མཆོག
གུས་འདུད་ཞུ། ཡིག་ནོར་དག་བཅོས་གནང་བར་ཧ་ཅང་བཅོས་མིན་དུ་ཐུགས་རྗེ་ཆེ་ཞུ།
ནང་བ་་་་་་་་ཞེས་པ་ནང་པ་རེད། ཁ་ནང་གི་ཀློག་མ་དག་པའི་ཤུགས་རྐྱེན་གྱིས་ཡི་གེ་བྲིས་ནོར་ཤོར་བ་རེད་ལགས།
ལར་ང་ལ་པ་དང་བ་གཉིས་ཀས་དཀའ་ལས་ཞེ་དྲག་སྤྲོད་ཀྱིན་འདུག་ལགས།
གནོང་་ནི་བྱོས་ཤིག་ཅེས་པའི་ཞེ་ཚིག་གི་སྐུལ་ཚིག་ཏུ་ངའི་ཕ་ཡུལ་བྱང་རྫ་ཆུ་ཁ་སོགས་ཀྱི་འབྲོག་སྐད་དུ་ཡོངས་གྲགས་ཡིན། མ་གཞི་ཞིབ་ཏུ་བསམ་དུས་ཡོངས་གྲགས་ཀྱི་ཚིག་མཛོད་དུ་མ་བསྡུས་པ་ངེས་པར་བཀོལ་དུ་རུང་བ་དང་དོན་ལ་འབྱོར་ཞིང་བོད་སྐད་རང་གི་ལྷན་སྐྱེས་ཀྱི་ཆོས་ཉིད་མཐུན་པའི་གཟུགས་འགྱུར་དང་གཟུགས་འགྱུར་མིན་པའི་བྱ་ཚིག་ཧ་ཅང་མང་པོ་ཞིག་རྙེད་རྒྱུ་འདུག
ངའི་ངོ་ཤེས་ཉན་ཤུལ་འཇམ་དབྱངས་གྲགས་པ་ཞུ་བ་མཁས་པ་ཞིག་ཡོད། ཁོང་མཁྱེན་རབ་འོད་ཟེར་གྱི་ཚ་བོ་རེད། ཁོང་གིས་ཀྱང་ཆེད་དུ་དར་མདོ་དགེ་འོས་སློབ་གྲྭའི་དགེ་ཆེ་གནང་སྐབས་བྱ་ཚིག་སྟོང་ཕྲག་མང་པོ་ཞིག་འཚོལ་སྡུད་བྱས་འདུག་སྟེ། བྱ་ཚིག་ལ་མཐའ་མེད་པ་འདྲ་ཞིག་རེད་ཟེར་གྱི་འདུག ངས་ལྟས་ན་ཡང་སི་ཏུ་སོགས་ཀྱིས་བྱ་ཚིག་གི་དཔེར་བརྗོད་དུ་བཀོད་པའི་བྱ་ཚིག་མང་པོ་ཞིག་ཇི་ལྟར་སྤྱོད་དགོས་པའང་རྟོགས་དཀའ། འོན་ཀྱང་མཁྱེན་རབ་འོད་ཟེར་སང་གི་བྱ་ཚིག་གི་རེ་མིག་ཅིག་ཏུ་འབྲོག་པའི་སྐད་ལ་རང་ཆས་སུ་ཡོད་པའི་གཟུགས་འགྱུར་ཅན་གྱི་བྱ་ཚིག་གང་འཚམས་ཤིག་བསྡུས་འདུག ཁོང་གི་སྐད་མི་ཉག་འབྲོག་སྐད་ཡིན་སྟབས་ང་ཚོའི་སྐད་འདྲ་པོ་རེད།
ཁྱག་ནི་ཐེག་དང་དོན་འདྲ་བའི་གཟུགས་མི་འགྱུར་བའི་བྱེད་འབྲེལ་ལས་ཚིག་ཅིག་རེད་འདུག
ང་ལ་མཚོན་ན་ཐེག་ལས་ཁྱག་བེད་སྤྱོད་བྱས་ན་གོ་བདེ་བ་འདུག་མོད་དེ་སོ་སོའི་ལུང་པའི་སྐད་གཤིས་ཡིན་ས་རེད་ལགས།
རྒྱུན་དུ་སློབ་སྟོན་གནང་རོགས།
ཡང་རྒན་ལགས་ཀྱིས་བེད་སྤྱོད་གནང་བའི་རིག་གཞུང་སྐད་ཟེར་བ་འདི་ཡང་བོད་ནང་ལ་ནི་མ་གྲགས་པའི་བརྡ་ཞིག་ཡིན་པ་འདྲ། གུས་པས་ཀྱང་ཐེངས་དང་པོ་དེ་རིང་གོ་བ་ཡིན།
དེ་ནི་ཡིག་སྐད་ཅེས་པའི་དོན་ཡིན་ནམ། ལར་རིག་གཞུང་སྐད་ཟེར་བའི་ཚིག་འདི་ལ་འབྲེལ་བཤད་དང་ཐ་སྐད་དེའི་འབྱུང་ཁུངས་སོགས་ལ་བཀའ་མོལ་ཐུང་ཐུང་ཞིག་གནང་རོགས།
རྒྱ་སྟག་དཀར་པོ་ལགས།
བུ་མགོ་བོ་བདེ་བའི་ལེ་ལན་དེ།།
ཕ་ཨ་ཁུ་གཉིས་ལ་འཁོར་བ་ཡོད།།
དྲེལ་སྒེག་འགྲོས་ལྡ་ལྡེམ་འཕྲུལ་ཆེ་བས།།
རྟ་བཟང་པོའི་རྗེས་ལ་བསྐྱུར་བ་མང་།།
ཁྱེད་ཚོའི་ཁ་རྒྱབ་ཆོས་ལ་བརྟེན་དྲག་པས།།
ཁྱེད་ཚོས་ཆོས་ལ་ཞེན་པས་ཞེན་སྲིད་ཀྱང་།།
ཁྱེད་ཚོའི་སྟོང་ཉིད་ཤུགས་ཁ་རྒོད་དྲག་པས།།
ཁྱེད་ཚོའི་མི་རིགས་སྟོང་པའི་དབྱིངས་སུ་ཉེ།།
ཁྱེད་ཚོས་རེ་བ་ལོ་རྒྱུས་གོག་པོར་བྱས།།
ཁྱེད་ཚོས་མི་ལ་མར་པ་ཡང་བསྐྱར་རེ།།
ཁྱེད་ཚོའི་སྟོང་བསམ་དུས་འདིར་སྲིད་མཐའ་བཀག།
ཁྱེད་ཚོའི་རྨོངས་པས་མི་རིགས་བརྒྱུད་པ་ཉམས།།
ཁྱེད་ཚོའི་དབང་གིས་ཅི་ཡང་དབང་སྒྱུར་ཡང་།།
ཁྱེད་ཚོའི་དཔང་པོ་ལོ་རྒྱུས་ཙམ་ཡིན་པས།།
ཁྱོད་ཚོས་གནས་ལུགས་དོན་དངོས་མ་བསྟུན་ན།།
ཁྱེད་ཚོར་ཟ་སའི་གོ་སྐབས་ཉིན་བཞིན་འགག།
ཁྱེད་ཚོ་ཁྲི་ཐོག་ཟ་ཐབས་མཁས་ན་ཡང་།།
ཁྱེད་ཚོར་སངས་རྒྱས་གསོན་པོ་མཐོང་རྒྱུ་མེད།།
ཁྱེད་ཚོར་གྲུབ་ཐོབ་མནལ་མ་རིག་མ་མྱངས།།
ཁྱེད་ཚོའི་ཡོད་ཚད་ཁྱེད་ཚོས་བཤད་པ་ཙམ།།
ཁྱེད་ཚོས་གཉའ་ནས་ཞོན་པའི་རྒྱུན་རིང་བས།།
ཁྱེད་ཚོའི་གཞོན་རྟ་སྤུ་ཟད་རྒྱབ་ཆད་ལུས།།
ཁྱེད་ཚོ་མེད་པའི་ངེད་ཚོ་འདྲ་འདྲ་ཀུན།།
ཁྱེད་ཚོའི་མིག་ལམ་བདེ་ཞིང་རྒྱུ་བ་མཐོང་།།
འགལ་འབྲེལ་གྱི་འཕྲུལ་འཁོར་སྐོར་ཙ་ན།།
གནས་འཁོར་བ་འདི་ལ་སྙིང་པོ་མེད།།
ཆགས་སྡང་གི་རིས་གཅོད་ཆེ་ཙ་ན།།
ཡོ་ལང་གིས་མི་ཚེ་སྟོང་ཟད་ཐལ།།
ང་ཚོའི་ཁ་རྒྱབ་ཆོས་ལ་བརྟེན་དྲག་པས།།
ང་ཚོས་ཆོས་ལ་ཞེན་པས་ཞེན་སྲིད་ཀྱང་།།
ང་ཚོའི་སྟོང་ཉིད་ཤུགས་ཁ་རྒོད་དྲག་པས།།
ང་ཚོའི་མི་རིགས་ཞི་བདེའི་དབྱིངས་སུ་ཉེ།།
ང་ཚོས་རེ་བ་ལོ་རྒྱུས་སྙིང་པོར་བྱས།།
ང་ཚོས་མི་ལ་མར་པ་ཡང་བསྐྱར་རེ།།
ང་ཚོའི་བསམ་བློས་དུས་འདིར་སྲིད་མཐའ་བཀག།
ང་ཚོས་བྱམས་བརྩེས་མི་རིགས་བརྒྱུད་པ་འཛིན།།
ང་ཚོའི་དབང་གིས་ཅི་ཡང་དབང་སྒྱུར་ཡང་།།
ང་ཚོའི་དཔང་པོ་ཞི་བདེ་ཙམ་ཡིན་པས།།
ང་ཚོས་གནས་ལུགས་དོན་དངོས་མ་བསྟུན་ན།།
ང་ཚོར་ཟ་སའི་གོ་སྐབས་ཉིན་བཞིན་འཕེལ།
ང་ཚོ་ཁྲི་ཐོག་ཟ་ཐབས་མཁས་ན་ཡང་།།
ང་ཚོར་སངས་རྒྱས་གསོན་པོ་མཐོང་རྒྱུ་ཡོད།།
ང་ཚོར་གྲུབ་ཐོབ་མནལ་མ་རིག་མྱོང་ཡོད།།
ང་ཚོའི་ཡོད་ཚད་ཁྱེད་ཚོས་བཤད་པ་མིན།།
ང་ཚོའི་གཉའ་ནས་ཞོན་པའི་རྒྱུན་རིང་བས།།
ང་ཚོའི་གཞོན་རྟ་སྤུ་ཟད་རྒྱབ་ཆད་ལུས།།
ང་ཚོར་མེད་པའི་ཁྱེད་ཚོ་འདྲ་འདྲ་ཀུན།།
ང་ཚོའི་མིག་ལམ་བདེ་ཞིང་རྒྱུ་བ་མཐོང་།།
ང་ཚོས་གནས་ལུགས་དོན་དངོས་བསྟུན་ཙ་ན།།ཞེས་པར་བཅོས་རོགས།
ངན་འཚང་འབའ་ཞིག་འབྲུག་གི་ཟླ་ལ་ཟློས།།
ཨ་མིང་ཕོ་རྒོད་འགའ་ཡི་གཤིས་ལུགས་ཏེ།།
ནམ་ཡང་ངོ་ཚ་བྲལ་བའི་སྲང་བར་ན།།
མགོ་སེར་མོ་ཡི་སྟུ་ལ་སྐྱབས་ཚོལ་བྱེད།།
རང་དོན་བ་སྤུ་ཙམ་ཡང་མི་འཁྱོངས་ཞིང་།།
གཞན་སྐྱོན་རི་རབ་ཙམ་ལ་མཆོང་རྒྱུག་བྱེད།།
གང་ཡང་མ་ཡིན་ཅི་ཡང་མ་རེག་པའི།།
ཀླད་མེད་སྟོང་བསམ་རིགས་ལ་ཡ་རེ་ང།།
འུག་པའི་མིག་གིས་མཛེས་པ་མ་མཐོང་བས།།
ཕྱི་གཙང་ནང་གཙང་པདྨའི་ལྗོན་པ་ལ།།
མི་གཙང་དུག་གི་ཁ་ཆུ་འདེབས་པ་འདི།།
རྡ་སའི་རི་གྲོང་དེ་ན་ཇེ་མང་རེད།།
‘རྡོ་རྗེའི་དོ་ཧ’ རྫ་ཚེ་རིང་བཀྲ་ཤིས་ལགས། དོ་ཧ་ཞེས་པའི་དོན་ཅི། བོད་སྐད་ཡིན་ནམ་སྐད་རིགས་གཞན་ཞིག་རེད། ང་ཆུང་ཆུང་སྐབས་སུ་མི་ལ་རས་པའི་ཉམས་མགུར་མང་པོ་ཀློག་མྱོང་ཡོད། འོན་ཀྱང་དོ་ཧ་ཟེར་བའི་ཚིག་འདི་མཐོང་མ་མྱོང་། འོན་ཀྱང་དོ་ཧ་ཟེར་བ་འདི་མཐོང་མྱོང་མྱོང་གི་མིང་ཚིག་ཞིག་རེད། གང་ནས་མཐོང་དྲན་མ་སོས། གང་ལྟར་མིང་ཚིག་འདིའི་བྱུང་རིམ་དང་འགྲེལ་བཤད་ཞིག་གནང་རོགས།
དོ་ཧ་ཞེས་པ་གཉིས་ཀྱི་དོན། ཚིག་བཅད་རྐང་པ་གཉིས་ལ་དོ་ཧ་རུ་གྲགས་ཚོད་འདུག གྲུབ་ཆེན་ས་ར་ཧའི་དོ་ཧ་སྐོར་གསུམ་ནི། དམངས་དོ་ཧ། བཙུན་མོ་དོ་ཧ། རྒྱལ་པོ་དོ་ཧ་གསུམ་མོ། འདི་དག་ལ་བོད་འགྲེལ་མང་དུ་མཆིས་པ་ལས་བོད་ལ་བལ་བོ་ཨ་སུ་ལས་མཆེད་པ་དོ་ཧ་བལ་ལུགས་སུ་གྲགས་པ་དང་རྗེ་རས་ཆུང་བས་ཨ་སུ་དང་ཏི་ཕུ་བ་ལ་གསན་ནས་རིམ་པར་བརྒྱུད་པ་ལ་དོ་ཧ་རས་ཆུང་ལུགས་སུ་གྲགས། བཙུན་མོ་དོ་ཧ་ལས། ས་དང་ལམ་དང་སངས་རྒྱས་ཐམས་ཅད་རོ་གཅིག་པའི།།གཉུག་མའི་ཡེ་ཤེས་འདི་ཉིད་ཡིན་གྱི་ཡིད་ལ་དྲིས།།ཞེས་གསུངས་པ་འདིས་ས་ལམ་རོ་གཅིག་པའི་གནས་ལུགས་བསྟན་པ་ལྟ་བུ་རྡོ་རྗེའི་ཚིག་ཤ་སྟག་ཡིན་ནོ།།
ཐེག་ཆེན་དེ་ཁྱོག་ཆེན་ལ་བཀོལ་རུང་མིན་མི་ཤེས་ཀྱང་། མིས་སྐྱིད་མི་ཁྱོག སྡུག་ཁྱོག ཅེས་པའི་གཏམ་དཔེ་ཡང་ཡོད། དེས་ན། བྲིས་དུས་ཐེག་དང་ཤོད་དུས་འགན་འཁྱེར་ཐུབ་བམ་ཞེས་པའི་དོན་དུ། འགན་འདི་ཁྱོག་གམ་ཞེས་ལབ་ན་མི་བདེ་བ་མེད་སྙམ།
རྣལ་འབྱོར་པ་བཀྲ་ཤིས་ཚེ་རིང་ལེགས།
ལན་སྩལ་པར་བཀའ་དྲིན་ཆེ། རིག་གཞུང་གི་སྐད་ཅེས་པ་དེ་གསར་དུ་བཟོས་པ་ཞིག་ཡིན། ཆོས་སྐད་ཅེས་ན་གོ་བ་ཆེ་ཞིང་ད་བར་ཚང་མས་བཀོལ་ཡང་། གཞོན་པ་འགའ་རེས་ཆོས་པ་ཡིན་ཟེར་བ་མང་ཆེ་བ་སེམས་ཐང་ཐང་མེད་པ་འདུག་ཟེར། དེས་ནས་ཆོས་སྐད་དེ་གཟབ་པར་བྱས་ཏེ། རིག་གཞུང་སྐད་ཅེས་གསར་བཟོ་ཞིག་ལགས། རྒྱ་གར་པ་འགའ་ཞིག་གིས་བསྟན་བཅོས་ཀྱི་སྐད་ཅེས་ཀྱང་བྱ། ཡིག་སྐད་ཅེས་བྱ་ན། ཆོས་སྐད་དང་ཕལ་སྐད་བསྲེས་ནས་བྲིས་པ་དེ་དག་ཀྱང་ཡིག་སྐད་མ་ཡིན་ཞེས་སྨྲ་མི་ཐུབ་སྙམ། བཀའ་བསྟན་ན་སྔ་དར་གྱི་སྐད་དེ། དིང་སང་ཡང་བོད་ཡུལ་དབེན་པ་དག་གི་སྐད་དང་མཐུན་པར་སྣང་། དཔེར་ན། ཐེ་རེལ་ཞེས་པའི་ཚིག་དེ་བོད་རྒྱ་ཚིག་མཛོད་དུ་བཅུག་མི་འདུག ངའི་ལུང་པ་ར་སློབ་སྦྱོང་ཡོད་མེད་ཚང་མས་བཀོལ་ཞིང་གོ དེ་ཡང་ལྷག་ལུས་ཞེས་པའི་དོན་ཡིན། ཁྱེད་ཀྱི་ལུང་པར་འདི་ཉིད་བཀོལ་མི་བཀོལ་མ་ཤེས། རྒྱལ་བ་ཞེས་པ་ལེགས་པའི་དོན་ལ་ལ་དྭགས་གཤམ་མས་བཀོལ། མདོ་མཛངས་བླུན་ཨུ་པ་གུཔཏའི་ལེའུ་ན་ཚིག་འདི་ལེགས་པར་ཞེས་པའི་དོན་ལ་བཀོལ་འདུག
མིག་བརྒྱད་པ་མཆོག་གིས།
དོ་ཧ་ཞེས་པ་གཉིས་ཀྱི་དོན། ཚིག་བཅད་རྐང་པ་གཉིས་ལ་དོ་ཧ་རུ་གྲགས་ཚོད་འདུག གྲུབ་ཆེན་ས་ར་ཧའི་དོ་ཧ་སྐོར་གསུམ་ནི། དམངས་དོ་ཧ། བཙུན་མོ་དོ་ཧ། རྒྱལ་པོ་དོ་ཧ་གསུམ་མོ། ཞེས་པས་ཁོང་གི་གཟིགས་རྒྱ་ཆེ་བ་དེ་ངོ་མཚར་ཆེ་བར་རྩི་དགོས། དོ་ཧའ། ཞེས་འ་ཆུང་འོག་ཏུ་རྒྱབ་མ་ཐུབ་པས་ཁྱེད་རྣམས་ཀྱི་གློག་ཀླད་དུ་ཐུབ་ཚེ། འ་ཆུང་དེ་ཧ་ཡིག་འོག་ཏུ་ཨ་རིང་ཡིན་པ་སྟོན་བྱེད་དུ་ཡིན། ཚིག་བཅད་རྐང་པ་གཉིས་ལ་དོ་ཧ་རུ་གྲགས་ཚོད་འདུག ཅེས་པ་བདེན་པར་སྣང་། ཧིནད་སྐད་དུ། དོ། ཞེས་པ་གཉིས་ལ་ཟེར། ཁུ་ནུ་བླ་མ་རིན་པོ་ཆེས་ཧིནད་སྐད་ནས་ཀྱང་བོད་སྐད་ལ་བསྒྱུར་འདུག གྲུབ་ཆེན་རྣམས་ཀྱི་དོ་ཧའ་དེ་དག་ཧིནད་སྐད་རྙིང་པར་བྲིས་ཡོད་པར་་འདུག་ཅེས་གསུངས་པ་འདི་བདག་གིས་གྲོང་ཁྱེར་གསལ་ལྡན་དུ་ཐོས་སོ།
དཔལ་སྤྲུལ་སང་གི གྲུབ་ཐོབ་དོ་ཧ་མཆད་པ་ལྟར། །ཤུགས་ཀྱིས་བརྡོལ་བའི་ཉམས་ཤིག་ཤར། །
གསུངས་པ་ལྟར་ན་གྲུབ་ཐོབ་རྣམ་གྱི་ཉམས་དབྱངས་ཀྱི་མགུར་མའམ་རྡོ་རྗེའི་གླུ་ལ་གོ་བར་འདུག
དཔེར་ན། དཔལ་ས་ར་ཧའི་དེ་ཁོ་ན་ཉིད་ཀྱི་མན་ངག་རྩེ་མོ་དོ་ཧའི་གླུ་ཞེས་པར་ལེགས་སྦྱར་གྱི་སྐད་དུ། ཏ་ཏ་ཏཱ་ཨུ་པ་དེ་ཤ་ཤི་ཁ་ར་དོ་ཧ་གཱི་ཧ།
ཞེས་བྲིས་པ་ལྟ་བུ་སྟེ། ཞིབ་པར་བསྟན་འགྱུར་རིན་པོ་ཆེའི་རྒྱུད་བླ་མེད་ཀྱི་སྤྱིའི་ཆོས་ཚན་གྱི་རིམ་པའི་ཁོངས་སུ་ཚུད་པ་ཕྱག་ཆེན་རྒྱ་གཞུང་དུ་གྲགས་པ་༼ཝི༽༼ཞི་༽༼ཟི༽སོགས་སུ་གྲུབ་ཐོབ་ཆེན་པོ་རྣམས་ཀྱི་མགུར་དང་རྟོག་པ་གང་བཞུགས་པ་དག་ལ་དོ་ཧ་ཞེས་སྨོས་པ་ཤིན་ཏུ་མང་བས་དེར་གཟིགས།
མིག་བརྒྱད་པ་དང་རྒན་འཇམ་དཔལ། དེ་བཞིན་རྫ་ཚེ་རིང་བཀྲ་ཤིས་གསུམ་ནས་དོ་ཧྰའི་ཚིག་དོན་གསལ་བར་བཀྲལ་བ་ཐུགས་རྗེ་ཆེ། འོག་ནས་ངས་བཙུན་མོ་དོ་ཧྰའི་དཔེར་བརྗོད་ཞིག་འཇོག ལད་མོ་ཡོང་འདུག་མི་འདུག་ཞུ་དག་གཏོང་གྲོགས་མཛོད།
བཙུན་མོ་ཏོ་ཧྰ།
མ་རྙིང་མེ་ཏོག་བཞེད་པའི་ཁ།།
མིག་འཛུམ་མར་མེ་གསལ་ལྡན་མ།།
ས་ལ་སྐྱེས་པའི་སྰ་ལ་བཞིན།།
སེན་མོ་ལྕུག་མས་སུ་ཡང་འབྲད།།
སིམ་སིམ་མིག་གིས་སིམ་པ་ནི།།
སེམས་ལྡན་སུ་ཡང་ཟིན་པར་བྱེད།།
རྫི་མ་རྫུ་འཕྲུལ་ཞུགས་པ་ལྟར།།
ཁྱུང་ཆེན་བཞིན་དུ་ལྡིང་སྐོར་བྲེལ།།
པདྨའི་འདབ་ལོ་གྲོལ་བ་ལྟའི།།
འགྲམ་པ་མཚལ་གྱི་ཐིག་ལེས་བརྒྱན།།
ལྕང་ལོ་ལྕུག་ཕྲན་ནག་ལྕུག་ལྕུག།
རྐེད་པ་ཕྲ་མོར་ལྡེམ་ལྕུག་འགྲན།།
མཚན་མོ་རི་བོང་མཚན་མ་ཅན།།
མཁའ་ལ་རྒྱུ་བའི་མཁའ་འགྲོ་མ།།
སྤྲིན་ཕུང་གཡོ་འདྲའི་ནུ་འབུར་ཟུང་།།
བྲང་གཞུང་ཕོ་བྲང་མཛེས་པའི་རྒྱན།།
རྐེད་པ་ཕྲ་མོའི་སྒེག་ཉམས་ནི།།
བལྟ་ཟུར་འཕུང་མགོའི་འཕྲུལ་འཁོར་འདྲ།།
ཆུ་གོས་ཤམ་ལྰ་གཡོ་བའི་འོག།
བརླ་སྒོ་ཅུང་ཟད་ཕྱི་ལ་ངོམས།།
ངང་པའི་འགྲོས་འདྲ་རྐང་པ་གཉིས།།
དཀར་དང་ཉམས་ཀྱིས་གཞན་ཡིད་འགུགས།།
དེ་ལྟར་བཙུན་མོ་རིན་ཆེན་གྱི།།
སྐུ་ཡི་རང་བཞིན་བརྗོད་པ་ཡི།།
སྙན་ཚིག་བུང་བའི་གཤོག་རླབས་འདི།།
དོ་རྒྱ་དགེ་བས་དོ་ཧྰ་བྲིས།།
རྒན་ལ་དྭགས་པ་ལགས།
གུས་པས་དོགས་འདྲི་ཞུ་རྒྱུ་ཞིག་ལ་བསྟན་འགྱུར་གྱི་དོ་ཧ་ཞེས་པའི་ཚིག་གང་ལ་ཡང་ཨ་རིང་མི་འདུག་ལ། དོ་ཧ་ཚང་མ་ལ་རྐང་པ་གཉིས་ཀྱི་དོན་ཞིག་ཇི་ལྟར་བརྟགས་ན་ཡང་མཐོང་གིན་མི་འདུག
དེའི་སྐོར་ལ་གསལ་བཤད་གནང་རོགས། སྤྱིར་དོ་ཧ་ནི་བོད་སྐད་དུ་སྒྲ་སྒྱུར་བྱས་པ་ཞིག་རེད་འདུག
དོ་དང་ཧ་ཡི་ལེགས་སྦྱར་གྱི་དོན་གྱི་ངེས་ཚིག་ཞིབ་མོ་འདྲ་གསུང་རྒྱུ་ཡོད་ན་ཐུགས་རྗེ་ཆེ་ཞུ།
ཡང་གཅིག་བསམ་ན། སྔོན་གྱི་ལོ་ཙཱ་ཆེན་པོ་དག་གིས་དོ་ཧ་རྒྱ་སྐད་སོར་བཞག་བྱས་པ་ནི་སྐད་བརྡའི་ཆོས་ཉིད་མི་འདྲ་བའི་དབང་གིས་བསྒྱུར་ན་བརྗོད་དོན་བརླགས་པའི་ཉེན་ཁ་ཡོད་པ་དང་། གླུའི་སྐད་དོད་དང་ཚིག་བཅད་ཀྱི་སྐད་དོད་གང་དང་ཡང་མི་འདྲ་བས་དེ་དག་རེ་རེས་ཀྱང་མཚོན་ཐབས་བྲལ་བ་སྟེ། སྐབས་དེར་བོད་ལ་ཡོངས་སུ་མ་གྲགས་པའི་རྩོམ་ལུས་བྱེ་བྲག་པ་ཞིག་གི་མིང་ཡིན་ངེས་ཏེ། འོལ་ཚོད་ཀྱི་མཚན་ཉིད་ཅིག་བཞག་ན། སྒོམ་སྒྲུབ་ཀྱི་མྱོང་རྟོགས་མཐོན་པར་སོན་པ་དག་གིས་རང་གིས་སྣང་ཉམས་དང་ཀྱི་དགོངས་སྤྱོད་ངག་ཏུ་གྱེར་བའི་ཐོལ་བྱུང་གི་རང་བཞིན་ཤེས་ཆེ་བའི་ཚད་མཐོའི་ཚིག་བཅད་རྩོམ་རིགས་ཤིག་རེད་ཅེས་བརྗོད་ན་གང་འདྲ།
བོད་སྐད་དུ་ཕལ་ཆེར་ལྟ་འགུར་དང་ཉམས་འགུར་སོགས་དང་དོན་གྱི་ཆ་ནས་ཅུང་ཕྱོགས་འདྲ་བར་སྙམ།་
འགྲན་གྱི་དོ་ཡ་མེད་པས་དོ་ཞེས་ཟེར། །
ནང་དོན་ཧ་ཅང་ཟབ་པས་ཧ་ཞེས་བརྗོད། །
བླ་མ་གཞན་གྱིས་གསུངས་པའི་དོ་ཧའི་འགྲེལ་བཤད་གཞན་ཞིག་ཡོད་ཀྱང་མི་དྲན་གི
ཧིན་སྐད་དུ་དོ་ཞེས་པ་གཉིས་ལ་ཟེར་བ་བཞིན། ཨམ་སྐད་དུ་ཡང་ཅ་ལག་སོགས་རྒྱ་མར་འཇལ་དུས། གཅིག་ལ་གང་དང་། གཉིས་ལ་དོ་ཞེས་བགྲང་སྲོལ་འདུག་པས། ཨ་མདོ་བ་ཚོས་ས་ཆ་ཐག་རིང་རྒྱ་གར་ཧིན་སྐད་དེ་བེད་སྤྱོད་གཏོང་སྟངས་ག་འདྲ་བྱས་ནས་ཤེས་པ་ཡིན་ནམ། འདི་ངོ་མ་ཡ་མཚར་རེད།
—-མཁས་པ་ང་ཡིན་ཁོ་ཡིན་ཟེར་བ་ཚོས་བོད་ཡིག་མ་ཤེས་པ་ཡ་མཚན། དོ་ཧ་འདི་བོད་སྐད་རང་རེད། བོན་གྱི་བཀའ་བརྟན་ནང་ལ་ཤིན་ཏུ་གསལ། འདི་བསྡུས་ཚིག་ཅིག་རེད། རྒྱ་སྐད་ནང་མཐུན་པ་ལས་རྒྱ་སྐད་མ་རེད། དོ་ཞེས་གཉིས་ཚིག་ལ་གོ་བ་རེད། ང་ཚོས་དངོས་པོ་གང་ཞིག་གྲངས་ཀ་ལག་པས་བགྲང་ཚེ་གང་དོ་གསུམ་ཞེས་ཚད་འཇལ་བའི་ཚིག་རེད། །ཧ་ཞེས་ཧ་ཅང་ཡ་མཚན་ཆེན་པོའི་ཚིག དཔེར་ན་རང་བྱུང་དོན་གྱི་ཚིག་གམ། ཐོལ་བྱུང་ཉམས་གྱི་གླུ། ངེས་དོན་ཆོས་ཀྱི་སྒྲ་དབྱངས་ཐབས་ཤེས་ཟུང་འཇུག་གདམས་པ། བདེན་གཉིས་ཀྱི་རང་བཞིན་གཏན་ལ་འབབས་པ་ཞིག་ལ་གོ། བོན་ཆོས་རྣལ་མའི་བརྡ་སྐད། བོད་རང་གི་ཕ་སྐད་བསྡུས་ཚིག་ཤིག་རྒྱ་གར་དང་རྒྱ་ནག་གང་ནས་ཀྱང་བརྐུས་པ་དང་བཙན་སྦྱར་གང་ཡང་བྱས་པ་མ་ཡིན་ཤེས་པར་མཛོད་ཅིག་གུ །
ང་ལ་འདི་ལྟ་ཞུ་འདོད་གཏན་ནས་མེད་དེ། བོན་པོ་ཟེར་བ་འདིས་སྐབས་མང་པོར་གཞན་གྱི་ཆོས་སྐད་གཡར་ནས་འབག་ཕག་གཡར་ན་འཇིགས་ཚུར་ངོམ་ཡོང་བ་དེ་འདྲ་ཡང་འདུག་སྙམ།
གང་ལྟར་དོ་ཧ་བོད་སྐད་ཡིན་མིན་གྱི་འགྲེལ་སྟངས་འདི་རིགས་ནི་ངོ་མ་དགོན་བྲོ་བར་འདུག་ཀྱང་། ཀླུ་སྨོན་གྱིས་ནི་བསམ་བཞིན་བཞད་གད་རྩེས་པ་ཙམ་ཞིག་རེད། བོན་པོའི་བོན་གྱི་ཐ་སྙད་ཡིན་པའི་ཁུངས་སྐྱེལ་གང་ཡང་མི་འདུག
དོན་ལ་ཡང་མི་འགྲིག
གཅིག་ལ་གང་དང་། གཉིས་ལ་དོ་སོགས་བགྲང་སྲོལ་ང་ཚོ་སྟོད་མངའ་རིས་སུ་ད་ལྟའང་ཉམས་མེད་པར་ཡོད།
དོ་ཧ་ནི། པདྨ་ལྟར་རྒྱ་ཚིག་རང་སོར་བཞག་པ་མིན་འགྲོ
དོ་ཧ་ནི་ལེགས་སྦྱར་དང་རྒྱ་གར་ལྷོ་ཕྱོགས་པ་གཉིས་ཀྱི་སྐད་ནང་ཡོད་པ་རེད། དེས་ན་བོན་ནས་བོད་རང་སྐད་ཡིན་པར་གསུངས་པ་ནི་དགོས་པ་འདྲ་ཡོད་ཤས་ཆེ་བ་མ་གཏོགས་དོན་ལ་གནས་པའི་གསུང་ཞིག་མིན་པ་དངོས་ཡོད་གནས་ཚུལ་རེད། ཡང་ཚེ་བཀྲས་མཁས་མདོག་གི་ལོ་ཙཱ་བ་རྣམས་ཀྱི་བོད་སྐད་དུ་མ་བསྒྱུར་ཞེས་པ་ནི་མ་བརྟགས་གྱ་ཚོམ་དུ་སྨྲས་པ་སྟེ། དོ་ཧ་ནི་མི་ཟད་པའི་དོན་ལ་བསྒྱུར་ཡོད་པས་སོ།།
དོ་ཧ་ནི་ལེགས་སྦྱར་དང་རྒྱ་གར་ལྷོ་ཕྱོགས་པ་གཉིས་ཀྱི་སྐད་ནང་ཡོད་པ་རེད། དེས་ན་བོན་ནས་བོད་རང་སྐད་ཡིན་པར་གསུངས་པ་ནི་དགོས་པ་འདྲ་ཡོད་ཤས་ཆེ་བ་མ་གཏོགས་དོན་ལ་གནས་པའི་གསུང་ཞིག་མིན་པ་དངོས་ཡོད་གནས་ཚུལ་རེད། ཡང་ཚེ་བཀྲས་མཁས་མདོག་གི་ལོ་ཙཱ་བ་རྣམས་ཀྱི་བོད་སྐད་དུ་མ་བསྒྱུར་ཞེས་པ་ནི་མ་བརྟགས་གྱ་ཚོམ་དུ་སྨྲས་པ་སྟེ། དོ་ཧ་ནི་མི་ཟད་པའི་དོན་ལ་བསྒྱུར་ཡོད་པས་སོ། ཡང་ཐམས་ཅད་དེ་ལྟར་དུ་མ་བསྒྱུར་བར་རྒྱ་སྐད་སོར་བཞག་བྱས་པ་ཡང་ཡོད་པ་ཧ་གོ་དགོས།།
ཆོས་འགྲུབ་ལགས། ངས་དོ་ཧ་བོད་སྐད་དུ་གཏན་ནས་བསྒྱུར་ཡོད་མ་རེད་ཅེས་ཁ་ཚོན་བཅད་མེད།
འོན་ཀྱང་ཡོངས་གྲགས་དོ་ཧ་དག་བོད་དུ་སྒྱུར་སྐབས་ཐ་སྙད་དེ་ཧ་ཅང་མངོན་ཚན་ཆེ་བའི་རྒྱ་སྐད་ཀྱི་སྒྲ་སོར་བཞག་གི་ཐ་སྙད་ཅིག་ཏུ་གྱུར་ཡོད་པ་ཙམ་གྱི་ཆ་ནས་སྐབས་དེའི་མཇུག་ཚུལ་གྱི་དབང་དུ་བཏང་ནས་རྣམ་རྟོག་སྤྲོས་པ་ཙམ་ཡིན།
རྟོག་དཔྱོད་ཀྱི་རྣམ་རྟོག་སྤྲོ་བ་འདི་གཞུང་ལ་འཇུག་པ་དང་ཤེས་བྱ་ལ་སློབ་པ་ཀུན་གྱི་སྤྱི་ལུགས་ཡིན་པས་རང་ངོས་ནས་ཀྱང་ཕན་ཚུན་གོ་བསྡུར་ཙམ་ལགས་ན་མཁས་འདོག་གསུང་པ་ན་བཀའ་ཅུང་ཟད་བཙན་ཏེ་མཆི།
འོན་ཀྱང་མི་ཟད་པའི་དོན་ལ་སྒྱུར་བ་ཡོད་པའི་སྐོར་གསུང་གནང་བར་ཐུགས་རྗེ་ཆེ་ཞུ། དེ་ངས་ཤེས་ཀྱི་མེད།
ལར་སྐབས་གཞན་དུ་མི་ཟད་པའི་མཛོད་དུ་བསྒྱུར་ཅིང་འདིར་མ་བསྒྱུར་བ་འདིའི་སྐབས་འདིའི་ཐ་སྙད་དེ་ལ་ཐུན་མིན་གྱི་གོ་དོན་ཡོད་པའི་རང་རྐྱ་ཐུབ་པའི་ཚིག་གི་ནུས་པ་མི་བརླག་པའི་ཆེད་དུ་ཡིན་པར་འདོད་པའི་ངའི་རྟོག་འཆར་ལ་རྒྱབ་སྐྱོར་བྱས་ཡོད་རེད།
བོན་གྱི་བཤད་པ་དེ་ཡང་བདེན་སྲིད། གང་ཡིན་ཟེར་ན་གོང་དུ་ཀླུ་སྨྱོན་གྱིས་གསུངས་པ་ལྟར་ཨ་མདོ་ཕྱོགས་ན་གཉིས་ལ་དོ་ཟེར་ན་བརྩི་བ་བདེན་པ་རེད། འོན་ཀྱང་ཁོང་གིས་བོན་པོའི་གཞུང་ལུགས་ན་སྔ་རབས་ནས་ཡོད་པར་ཐག་བཅད་ཀྱང་ཁུངས་མ་དྲང་པ་དེས་ད་དུང་ཡིད་ཆེས་ཐབས་བྲལ། གང་ལྟར་ནའང་མང་ཆེ་བས་དོ་ཧ་ཟེར་བ་དེ་ཚིག་རྐང་གཉིས་ཅན་གྱི་སྙན་ཚིག་ཞིག་ཡིན་པར་བརྗོད་ཡོང་གི་འདུག དེ་བས་ངའི་ཡིད་ལ་སྔོན་མ་པ་ཚེ་རིང་གིས་རྒྱ་གར་གྱི་གཞས་རྙིང་པ་ཞིག་བོད་སྐད་ཐོག་བཏང་སོང་། དེའི་གདངས་དང་གཅོད་མཚམས་སོགས་ཚིག་རྐང་གཉི་རེ་བྱས་ནས་གཏོང་གི་འདུག དེ་ལ་ཁོང་གིས་རྒྱ་གར་སྐད་ཞིག་གསུངས་སོང་། གྷ་ད་གྷ་ན་ཡིན་ན་ཅིག་ཟེར། བོད་ཀྱི་དོ་ཧ་ཟེར་བ་དེ་དང་འབྲེལ་བ་མེད་དམ་སྙམ།
མགོ་སྒུར་ནས་མ་འདུག་བུ་མོ་ལགས།།
སྤྱན་ང་ལ་གཟིགས་དང་བུ་མོ་ལགས།།
ཧ་ཡང་ཁྲུས་དགོས་མ་ན་ཡང་།།
ཆུ་ནང་ཡང་ཡང་སྦང་གིས།།
དེ་འདྲ་ཞིག་བཏང་སོང་མོད། གསལ་བོ་དྲན་མ་སོང་། ཁྱོད་ཚོས་བལྟས་ན་ག་འདྲ་རེད།།
དོ་ཧ་ཞེས་པ་དེ་ཕལ་ཆེར་གྱིས་རྒྱ་གར་སྐད་རེད་གསུངས་འདུག འོན་ཀྱང་ཁ་ཤས་ཀྱིས་བོད་སྐད་རང་རེད་ཟེར་གྱི་ཡོད་པ་འདྲ་འདུག མིང་འདོགས་ལུགས་ཀྱི་ཆ་ནས་ཁ་ཤས་ཀྱིས་ཚིག་རྐང་གི་ཆ་ནས་བཏགས་པ་ཡིན་ལུགས་གསུངས་ཀྱི་འདུག འོན་ཀྱང་ཁ་ཤས་ཀྱིས་བརྗོད་བྱ་བརྗོད་ཚུལ་གྱི་སྒོ་ནས་བཏགས་པ་ཡིན་པར་བཤད་ཀྱི་ཡོད་པ་འདྲ་འདུག གང་ལྟར་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ།
བོད་དུ་གྲགས་པའི་དོ་ཧ་ནི། རྒྱ་གར་ནང་པའི་གྲུབ་ཆེན་རྣམས་ཀྱི་ཉམ་རྟོགས་མགུར་ལ་གྱེར་པ་ཅིག་ལ་གོ་དགོས། བོད་རང་གི་རྗེ་བཙུན་མི་ལའི་མགུར་འགའ་ཡང་དོ་ཧའི་གྲལ་དུ་འཇོག་འོས་པ་རེད། ལྟ་སྤྱོད་དང་འབྲེལ་བའི་མགུར་གླུ་རྣམས་དོ་ཧ་ཡིན་དགོས་སྙམ། དེས་ན་དོ་ཧ་ཡིན་ན་ཚིག་རྐང་གཉིས་ཅན་ཡིན་པས་ཁྱབ་ཨ་ཡོད་སྙམ།
འགོས་ལོ་ཙཱ་བ་གཞོན་ནུ་དཔལ་དང་མ་ཏི་པཎ་ཆེན་གྱི་དོ་ཧ་སྐོར་གསུམ་གྱི་འགྲེལ་བ་དང་འཇུ་མི་ཕམ་པའི་དམངས་དོ་ཧའི་མཆན་འགྲེལ་གཉུག་མ་རྡོ་རྗེ་སྒྲ་དབྱངས་སོགས་བོད་ཀྱི་མཁས་པའི་འགྲེལ་བ་དེ་ཚོ་ལ་གཟིགས་ན་དོ་ཧ་ཞེས་པའི་མིང་ཚིག་གི་གོ་དོན་བརྙེད་སྲིད། ཡོངས་གྲགས་ལྟར་ན་ཚིག་བཅད་ཀྱི་རྐང་པ་བཞི་ལ་ཤོ་ལོ་ཀ་ཟེར་བ་དང་ཚིག་རྐང་གཉིས་ལ་དོ་ཧ་ཟེར་གི་རེད། དེ་གཉིས་ཀ་ལེགས་སྦྱར་གྱི་སྐད་ཡིན་པ་དང་སྐབས་འདིར་དོ་ཧ་ཞེས་པའི་བརྡ་ཆད་འདི་ནི་ཕལ་ཆེར་གྲུབ་ཆེན་ས་ར་ཧའི་རྡོ་རྗེའི་མགུར་ཚིག་ལས་མཆེད་པ་གསལ་བོ་རེད། ལེགས་སྦྱར་གྱི་དོ་ཧ་སྐོར་གསུམ་ལ་ཞིབ་འཇུག་བརྩད་གཅོད་བྱེད་ཐུབ་ན་ཤེས་ཐུབ། དེ་མིན་རྗེ་མི་ལའི་མགུར་གླུ་ལྟ་བུར་དོ་ཧ་ཞེས་པ་དོན་ལ་འཇུག་ཅིང་མིང་དེ་སྐད་གྲགས་མེད་པས་དཔེར་ན། ས་སྐྱ་པཎ་ཆེན་གྱིས། མཁས་འཇུག་ལས། སྒྲ་ཡི་འཇུག་ཚུལ་རྣམ་པ་བཞི།།ཞེས་གསུངས་པ་ལྟར་། མཚོ་ལས་སྐྱེས་པའི་པདྨ་ལ་མཚོ་སྐྱེས་ཞེས་བརྗོད་པ་ལྟ་བུ་འཇིག་རྟེན་གྱི་གྲགས་པ་དང་དོན་ལའང་འཇུག་ཀྱང་། མཚོ་ལས་སྐྱེས་པའི་ལྡུམ་བུ་དང་སྲོག་ཆགས་སོགས་ལ་མཚོ་སྐྱེས་ཞེས་བརྗོད་པ་ལྟ་བུ་དོན་ལ་འཇུག་ཀྱང་འཇིག་རྟེན་ལ་མ་གྲགས་པ་དང་། སྐམ་སའི་རྡོ་དང་སྡོང་དུམ་སོགས་ལ་མཚོ་སྐྱེས་ཞེས་བརྗོད་པའི་སྒྲ་ལྟ་བུ་འཇིག་རྟེན་གྱི་གྲགས་པ་དང་དོན་གཉིས་ཀར་མི་འཇུག་གོ།
སྤྱིར་བྲམ་ཟེ་ཆེན་པོ་ས་ར་ཧའི་དོ་ཧ་སྐོར་གསུམ་དུ་གྲགས་པ་དེ། བལ་པོ་ཨ་སུའམ་བལ་པོ་སྐྱེ་མེད་བདེ་ཆེན་གྱིས་བོད་སྐད་དུ་བསྒྱུར་བ་དང་། དོ་ཧ་ཞེས་པའི་ཚིག་གཉིས་པོ་བོད་སྐད་དུ་བསྒྱུར་བ་དང་མ་བསྒྱུར་བ་སྒྲ་སོར་བཞག་གནང་བ་གཉིས་ཡོད་པ་རེད། དོ་ཧ་སྐོར་གསུམ་ནི་རྒྱལ་པོ་དང་དམངས་བཙུན་མོ་གསུམ་ལ་གནང་བའི་དོ་ཧ་གསུམ་པོ་རེད། དེ་གསུམ་ལས་དམངས་ཀྱི་དོ་ཧ་དང་རྒྱལ་པོའི་དོ་ཧ་གཉིས་བོད་སྐད་དུ་བསྒྱུར་སྐབས་དོ་ཧ་ཞེས་པའི་ཚིག་གཉིས་པོ་བོད་སྐད་དུ་མ་བསྒྱུར་བར་རྒྱ་སྐད་སོར་བཞག་གནང་བ་འདི་ལྟར། དམངས་དོ་ཧར་རྒྱ་སྐད་དུ་དོ་ཧ་ཀོ་ཤ་གཱི་ཏི་བོད་སྐད་དུ་དོ་ཧ་མཛོད་ཀྱི་གླུ་ཞེས་དང་། རྒྱལ་པོ་དོ་ཧའི་སྐབས་རྒྱ་སྐད་དུ་དོ་ཧ་ཀོ་ཥ་ནཱ་མ་ཙརྱ་གཱི་ཏི་བོད་སྐད་དུ་དོ་ཧ་མཛོད་ཅེས་བྱ་བ་སྤྱོད་པའི་གླུ་ཞེས་དང་། བཙུན་མོ་དོ་ཧའི་སྐབས་རྒྱ་སྐད་དུ་དོ་ཧ་ཀོ་ཤ་ཨུ་པ་དེ་ཤ་གཱི་ཏི་ནཱ་མ་དེ་བོད་སྐད་དུ་བསྒྱུར་དུས་མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ཞེས་བྱ་བར་བསྒྱུར་ཡོད་པ་རེད།དོ་ཧ་བོད་སྐད་ཡིན་པ་དང་དེ་ཡང་གཉིས་ལ་གོ་བ་བཤད་པ་ནི་གནས་མེད་ཅིང་སྐབས་མེད་པ་ཡིན། དེས་ན་དོ་ཧའི་སྒྲ་ནི་རྣལ་མ་དང་མ་བཅོས་པ་ལྷུག་པ་དོན་དམ་དེ་ཉིད་དང་གནས་ལུགས་མི་ཟད་པ་སོགས་ལ་འཇུག་པ་མ་ཟད། ད་དུང་འཇུག་གཞི་གཞན་ཡང་ཡོད་པ་ཤེས་དགོས་པ་ཡིན། རྫ་ཚེ་བཀྲ་ལགས་གོང་དུ་ཚིག་བཙན་དྲགས་འདུག་ན་དགོངས་སེལ་ཞུ་ཆོག་པ་མཁྱེན།།
སྤྱིར་བཏང་དོ་ཧ་ཞེས་པ་ནི་གཉིས་ཀྱི་དོན་ལ་འཇུག་པ་འཁྲུལ་མེད་ཡིན་ཀྱང་སྐབས་ཐོབ་ཀྱིས་སྦྱར་ན། མཐའ་གཉིས་སྤངས་བས་ན་དྭ་ཧ། གཉིས་སུ་མེད་པས་ན་དྭ་ཧ། ཟུང་དུ་འབྲེལ་བས་དྭ་ཧ། ཞེས་པ་ཐད་བསྒྱུར་ལྟ་བུར་གོ་ཆོག དོན་བསྒྱུར་བྱས་ན་མ་བཅོས་པ་དང་དོན་དམ་པ་དང་གནས་ལུགས་དང་དེ་ཁོ་ན་ཉིད་ལ་འཇུག་པས། དཔེར་ན། གུ་རུ་ཞེས་པ་ལྕི་བ་ལ་འཇུག་ཀྱང་བོད་སྐད་དུ་བླ་མ་ཞེས་པ་ལྟ་བུ། ས་ར་ཧའི་དོ་ཧ་ཞེས་པ་པྲཱ་ཀྲེ་ཏའི་སྐད་དུ་གསུངས་པས་ལེགས་སྦྱར་མིན་ཚུལ་ཤོད་མཁན་ཡོད་ཅིང་དེ་ཡང་གཉིས་ཀྱི་དོན་ལ་འཇུག་པ་ལས་གཞན་འཇུག་ཡུལ་དཀའ། དམངས་དོ་ཧ་ལ། རྒྱ་གར་སྐད་དུ། དོ་ཧ་ཀོ་ཤ་གཱི་ཏི། བོད་སྐད་དུ། དོ་ཧ་མཛོད་ཀྱི་གླུ། ཞེས་བྱུང་འདུག་པ་ལྟར་ལོ་ཙཱ་བས་བསྒྱུར་དུས་དོ་ཧ་རང་སོར་བཞག་པ་དད་། བཙུན་མོ་དོ་ཧ་ལ། རྒྱ་གར་སྐད་དུ། དོ་ཧ་ཀོ་ཥ་ཨུ་པ་དེ་ཤ་གཱི་ཏི་ནཱ་མ། བོད་སྐད་དུ། མི་ཟད་པའི་གཏེར་མཛོད་མན་ངག་གི་གླུ་ཞེས་བྱ་བ། ཞེས་དོ་ཧ་མི་ཟད་པ་ལ་བསྒྱུར་བ་གོང་སྨོས་ལྟར་དོན་བསྒྱུར་བྱས་པ་གདོན་མི་ཟ། དེའི་དོན་མཐའ་གཉིས་སྤངས་བ་ལ་འཇུག་གོ ནཱ་མ་ཞེས་པ་”མིང” ཟེར་བ་ཡིན་ཡང་”ཞེས་བྱ་བ” ལ་བསྒྱུར་བ་ནི་བསྒྱུར་སྟངས་ཀྱི་ཁྱད། ” གཱི་ཏི “ཞེས་པ་གླུ་ལ་བསྒྱུར་བ་ནི་རྣལ་འབྱོར་བའི་ཐོལ་བྱུང་མགུར་གླུ་སྟེ། ཚིགས་བཅད་ལ་མང་ཉུང་སོགས་ཀྱི་རྣམ་དབྱེ་མེད་པ་དུས་ཕྱིས་སུ་མགོན་པོ་ཀླུ་སྒྲུབ་ཀྱིས་ཡི་གེར་བསྡེབས་པར་བཤད་དོ། དེ་མིན་དོ་ཧ་ཞེས་པ་མགུར་གླུ་ལ་གོ་བར་འདོད་པ་ནི་འཁྲུལ་བ་ཡིན་པ་འདིས་ཤེས་ཐུབ། བོད་སྐད་ལ་བསྒྱུར་མཁན་གྱི་ལོ་ཙཱ་བ་ནི་བལ་བོ་ཨ་སུའམ་བལ་བོ་སྐྱེ་མེད་བདེ་ཆེན་ནོ།། སྡེ་སྣོད་གསུམ་ལས་མངོན་པའི་སྡེ་སྣོད་ཀྱི་ཁོངས་སུ་གཏོགས་པར་བཤད་ཅིང་རྗེ་ཙོང་ཁ་བ་སོགས་ཀྱིས་འདིའི་སྐོར་ལ་ལེགས་བཤད་མ་མཛད་པར་བལྟས་ན་ཐེ་ཚོམ་གྱི་དྲི་བ་ཞིག་སྐྱེ་འོང་བར་འདུག་པས་མཁས་པ་རྣམས་ཀྱིས་དཔྱད་པར་བྱ་བའི་གནས་སོ།།
མཁྱེན་ཡངས་རྣམས་ནས་དོ་ཧ་ཞེས་པའི་མིང་ཚིག་སྐོར་ལ་བགྲོ་གླེང་གནང་ཡོང་དུས་ང་ནི་ངོ་ནས་སྐྱིད་པོ་ཞིག་རེད་ལ་ཡིད་སྨོན་ཡང་ཤོར་གི སྔོན་ཆད་རྒྱ་བོད་མིང་མཛོད་སྒྲིག་དུས་ཁ་བརྡ་དྲ་རྒྱ་འདི་ཡོད་ན་མིང་མཛོད་བཟོ་མཁན་གྱི་ཚོགས་པ་དེར་ངོ་ནས་མིང་ཚིག་ཕུན་སུམ་ཚོགས་པ། འགྲེལ་བཤད་ཕུན་སུམ་ཚོགས་པ། དཔེར་བརྗོད་ཕུན་སུམ་ཚོགས་པ་རེག་ཡོད་ཀྱི་རེད་ཡ། ཡང་ཁ་ཤས་ཀྱིས་བློ་བཅོས་བྱེད་མཁན་ཡང་མང་པོ་འདུག ཁུངས་གཅིག་ཀྱང་མ་མཐོང་པར་ཚོད་ཚོད་ལ་ཅིག་བཤད་བསྡད་མཁན་དེ་ཚོ་རིག་གཞུང་གི་ཆ་ཤས་ཞེན་པ་དཀར་པོས་ལེན་གྱི་ཡོད་པས་ན་དགའ་བསུ་ཞུ།།
རང་རྒྱ་གར་སྐད་ཐ་ལ་ཐོ་ལེ་ཞིག་ཤེས་ནི་རེད། སྒོག་པ་ཉོ་རུ་འགྲོ་དུས་ཚོང་པ་ལ། ཀེ་ཏུ་ན་ཧེ་ཟེར་ནས་དྲིས་ན་ཕྱིར་དོ་ཧེ་ཟེར་གི་རེད། ནང་དོན་ལ་གཉིས་རེད་ཟེར་བ་རེད། དོ་ཧ་ཟེར་བ་དེ་དོ་ནི་གཉིས་དང་། ཧ་ནི་ཧེ་སྟེ་རེད་ཅེས་པའི་དོན་ཡིན་ནམ། མདོར་ན་གླུ་དེ་ཚིག་རྐང་གཉིས་ཅན་རེད་ཅེས་པའི་དོན་འ་ཡིན། ས་ར་ཧས་རྣལ་འབྱོར་གྱི་གླུ་བླངས་པས་ན། མི་ཚོས་དེ་ཚིག་རྐང་གཉིས་ཅན་རེད་ཟེར་བ་འ་ཡིན། འོན་ཀྱང་གོང་དུ་ཁ་ཤས་ཀྱི་དོ་ཧ་སྐོར་གསུམ་གྱི་མཚན་འགྱུར་ལུང་དྲང་པ་ལྟར་ན་མི་ཟད་པ་ཡིན་དགོས་ཚོད། འདི་ནི་ངོ་ནས་ལུང་ཁུངས་བཙུན་རེད་བྱ། འོན་ཀྱང་དོ་ཧ་ལ་མི་ཟད་པར་བསྒྱུར་ན་དགག་ཚིག་དགོས་པ་ལ་དགག་ཚིག་མེད་པས་ན་དོག་པ་ཡང་ཟ་གི
ཇ་ཕོར་པ་གང་དོ་ཟེར་བ་བོད་ཡུལ་ཡོངས་ན་ཡོད་དགོས་བསམ་པ་ལགས། དེ་འདྲ་མི་ཟེར་བའི་བོད་ཀྱི་ཡུལ་ལུང་ཡོད་དམ། ཞེས་དང་། ལོ་ཙཱ་་བ། ཞེས་པའི་ཙ་ཡིག་རིང་པོར་བྲིས་པ། ཚིག་དེ་ན་ལེགས་སྦྱར་སྒྲ་ཇི་ཙམ་ཡོད། བ་ཞེས་པའི་དོན་གང་ཡིན་ནམ། བདག་གིས་འདི་སྐོར་བྲིས་ནས་བཀྲམས་ཀྱང་། འདི་སྐོར་ལ་འཐད་མི་འཐད་ཀྱི་ལན་ཞིག་ཅི་་ཡང་མ་བྱུང་ལགས། དོ་ཧའ་ཞེས་ཧ་ཡིག་རིང་པོར་ཡོད་པ་ཚིག་གཞན་དང་མཚམས་སྦྱར་ན། རིང་པོ་དེ་ཐུང་བར་ཆགས་པ་འོང་ངེས། ཚིག་འདི་ཧིན་དི་ཚིག་མཛོད་ན་། མ་གཏོགས་ལེགས་སྦྱར་ཚིག་མཛོད་ན་ཕལ་ཆེར་མེད་པ་འདྲ། བྲམ་ཆེན་པོ་ས་ཧ་ར་པའི་དོ་ཧ་མཛོད་ཅེས་པ་ཡིན་ཤས་ཆེ། ཧིནད་བོད་སྐད་གཉིས་ཤན་སྦྱར་བྱས་པ་ཞིག་མཇལ་མྱོང་བ་ལས་དམཻགས་བསལ་གྱི་དོན་འདི་འདྲ་ཡོད་ཅེཨ་བཤད་མི་ཤེས་པ་ཡིན། བསྟན་འགྱུར་དཀར་ཆག་ན་གྲུབ་ཐོག་རྣམས་ཀྱི་དོ་ཧའི་བསྟན་བཅོས་ཁ་ཤས་ཡོད་འདུག དེ་དག་གང་རུང་ལ་གཟིགས་ཏེ། གསུང་མཁན་དེ། གྲུབ་ཐོབ་ལ་འགྱུར་བར་སྨོན་ནོ།།
མཐའ་ཞེས་པ་དོན་ལྔ་ལ་འཇུག་ཚུལ། རྣམ་བཤད་རིག་པ་ལས། མཐའ་ནི་ཟད་དང་མཇུག་ཆ་དང་།།ཉེ་དང་ཕྱོགས་དང་སྨད་པའོ།། ཞེས་པ་ལྟར་འཁོར་བ་ཟད་པ་ལ་འཁོར་བའི་མཐར་སོན་ཞེས་པ་ལྟ་བུ་དང་པོ་དང་། ཚེའི་མཇུག་ལ་གནས་པ་ལ་ཚེའི་མཐའ་ལ་གནས་ཞེས་པ་ལྟ་བུ་གཉིས་པ་དང་། དགེ་འདུན་གྱི་རྒན་རབས་ཤིག་གི་ཉེ་འཁོར་དུ་སྡོད་པ་ལ་རྒན་པའི་མཐའ་ལོགས་སུ་འདུག་ཅེས་པ་ལྟ་བུ་གསུམ་པ་དང་། ཕྱོགས་གཅིག་ཏུ་འཛིན་པའི་ལྟ་བ་ལ་མཐའ་གཅིག་ཏུ་འཛིན་པའི་ལྟ་བ་ཞེས་པ་བཞི་པ་དང་། སྨད་པར་འོས་པའི་མི་ལ་མི་མཐའ་མ་ཞེས་པ་ལྟ་བུ་ལྔ་པ་ཡིན་ནོ།།
སྲིད་མཐའ་ཞེས་པའི་མཐའ་ནི་ཟད་པ་དང་མཇུག་ཆ་ལའང་འཇུག་ཏེ། མངོན་རྟོགས་རྒྱན་ལས། ཤེས་པས་སྲིད་ལ་མི་གནས་ཤིང་།།སྙིང་རྗེས་ཞི་ལ་མི་གནས་པ།། ཞེས་པ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྲིད་པའི་མཐའ་ལ་མི་གནས་བ་དང་སྙིང་རྗེ་ཆེན་པོས་ཞི་བའི་མཐའ་ལ་མི་གནས་བར་བཤད་པ་ལྟ་བུའོ།།སྲིད་མཐའ་ལ་མི་གནས་ཚུལ་ནི། ལས་ཉོན་གྱིས་དབང་གིས་འཁོར་བར་སྐྱེ་བ་མི་ལེན་པ་དེ་ཡིན་ནོ།།ཞི་མཐའ་ཞེས་པ་ནི་ལས་ཉོན་དང་སྙིང་རྗེ་གང་གིས་ཀྱང་འཁོར་བར་སྐྱེ་བ་ཆད་པའི་མྱང་འདས་ཡིན་ནོ།།འདིའི་མཐའ་ནི་སྨད་པ་ལ་བྱེད་དེ། ཞི་མཐའ་ལ་མི་གནས་ཚུལ་ནི་བྱང་སེམས་རྣམས་སྙིང་རྗེ་དབང་གིས་བསམ་བཞིན་འཁོར་བར་སྐྱེ་བ་ལེན་པ་ལ་བཤད་དོ།།
བྱང་སེམས་རྣམས་སྐྱེ་བ་ལེན་ཚུལ་བཞི་བཤད་དེ། མདོ་སྡེ་རྒྱན་ལས། བློ་ལྡན་རྣམས་ཀྱིས་ལས་དང་ནི།། གཞན་ཡང་སྨོན་ལམ་དག་དང་ནི།།ཏིང་ངེ་འཛིན་དང་དབང་འབྱོར་པའི།།དབང་གིས་སྐྱེ་བ་ཡིན་པར་འདོད།།
ཞེས་གསུངས་པ་ལྟར་བྱང་སེམས་སོ་སྐྱེ་ཕལ་ཆེ་བ་ལས་ཉོན་དབང་གིས་སྐྱེ་བ་ལེན་པར་ངེས་ཤིང་། ས་དང་པོ་ཐོབ་པ་ནས་བྱང་སེམས་འཕགས་པ་རྣམས་སྨོན་ལམ་གྱིས་དབང་གིས་སྐྱེ་བ་ལེན། དཔེར་ན་འཁོར་བསྒྱུར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་སྨོན་ལམ་གྱི་སྟོབས་ཀྱིས་མི་ཕལ་བ་དང་དུད་འགྲོ་སོགས་ཀྱི་སྐྱེ་བ་འཛིན་བྱེད་དུ་བསྒྱུར་བ་ལྟ་བུའོ།། ཏིང་ངེ་འཛིན་གྱི་དབང་གིས་སྐྱེ་བ་ལེན་པ་ནི་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ཏིང་ངེ་འཛིན་གྱི་སྟོབས་ཐོབ་པ་རྣམས་ཀྱིས་རང་རྒྱུད་ལ་གཟུགས་དང་གཟུགས་མེད་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་མང་དུ་ཡོད་ཀྱང་དེའི་དབང་དུ་མ་སོང་བར་འདོད་པའི་སས་བསྡུས་ཀྱི་ལས་འགའ་ཞིག་ཏིང་ངེ་འཛིན་གྱིས་བསྒྱུར་ནས་སྐྱེ་བ་ལེན་པ་ལྟ་བུའོ།། དབང་འབྱོར་བའི་དབང་གིས་སྐྱེ་བ་ལེན་པ་ནི་སྐྱེ་བ་ལ་དབང་ཐོབ་པ་རྣམས་ཀྱིས་སྐྱེ་བ་བཞེས་ཚུལ་ལོ།།
སྐྱེ་བ་ལེན་ཚུལ་དེ་བཞི་ཁོ་ནར་མ་ངེས་ཏེ། དགྲ་བཅོམ་སྔོན་སོང་དང་བྱང་སེམས་ས་བརྒྱད་པ་ཡན་ཆད་ལ་མ་རིག་བག་ཆགས་ཀྱི་སས་བསྐྱེད་པའི་ཟག་མེད་ལས་ཀྱི་དབང་གིས་སྐྱེ་བ་ལེན་ཚུལ་ཡང་བཤད་དོ།།
ལོ་ཙཱ་བ། ལོ་ཙཱ་པ། བོད་སྐད་ལ་འཇིག་རྟེན་མིག་ཞེས་བསྒྱུར་ཡོད་པ་འདྲ། འདི་ལ་སྒྲ་སྒྲུབ་ཀྱི་སྟེང་ནས་གོ་དོན་ཟབ་མོ་ཞིག་ཡོད་ངེས་ཀྱང་རྨོངས་རྟུལ་བ་བདག་གིས་ཤེས་མ་སོང་། བ་ཡིག་མཐའ་ཅན་ནི་བདག་པོའི་སྒྲ་ལ་འཇུག་གམ་སྙམ།
མིག་བརྒྱད་པས་སུ་ལ་བཤད་ཀྱིན་ཡོད།