འདུས་བྱུང་ཕུན་ཚོགས་ཚེ་རིང་གིས་མཚམས་སྦྱོར་བྱས།
གྲོང་ཁྱེར་ཧྥིརང་ཧྥར་ཊིར་གནས་ཡོད་པའི་རིག་དངོས་གཤམ་སྟོན་ཁང་དང་། རྗར་མེ་ནི་བོད་ཀྱི་ཁང་པ་གཉིས་མཉམ་ལས་ཟུང་འབྲེལ་ཐོག་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་ལྔ་ནས་ཕྱི་ཟླ་དྲུག་པའི་ཚེས་བདུན་བར་“སངས་རྒྱས་ཀྱི་སྐུ་བྱིན་ཅན་བརྒྱ་དང་བརྒྱད་མཇལ་བ།“ ཞེས་པའི་འགྲེམས་སྟོན་ཞིག་གཉེར་བཞིན་ཡོད།
ད་ཐེངས་ཀྱི་རིག་དངོས་འགྲེམས་སྟོན་འདིའི་ནང་དུ་སྤྱི་ལོའི་དུས་རབས་དང་པོ་ནས་ད་ལྟའི་བར་གྱི་ཚབ་མཚོན་རུང་བའི་སྐུ་འདྲ་དང་། ཞལ་ཐང་བཅས་ལས་གྲུབ་པའི་སྟོན་པ་སངས་རྒྱས་ཀྱི་སྐུ་བྱིན་ཅན་བརྒྱ་དང་བརྒྱད་ཡོད་ཅིང་། འགྲེམས་སྟོན་འདིའི་བརྗོད་བྱ་གཙོ་བོ་བཞི་རུ་བགོས་ཡོད།
དང་པོ། སངས་རྒྱས་ཀྱི་སྐུ་དང་། སྐུ་རྣམས་ཀྱི་བཟོ་དབྱིབས་མི་འདྲ་བཞེངས་ཡོད་པའི་རྣམ་པ། གཉིས་པ། སངས་རྒྱས་ཆོས་ལུགས་དར་ཁྱབ་ཡོད་པ་དང་། དར་ཁྱབ་བྱུང་བའི་ས་ཁུལ་ཁག་གི་རིག་གཞུང་གིས་ཤན་ཤུགས་ཐེབས་པ་དང་། བླངས་པ་ཁག་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། གསུམ་པ། ས་ཁུལ་དེ་རྣམས་ཀྱི་དད་ལྡན་པ་ཚོས་སྐྱབས་ཡུལ་དང་། དད་པའི་རྟེན་སྐལ་ལ་ཇི་ལྟར་ཉར་ཚགས་གནང་ཕྱོགས། དེ་བཞིན་ཕ་མེས་ཡང་མེས་ཀྱིས་རྩ་ཆེར་འཛིན་པའི་རིག་དངོས་ལ་གཅེས་ཉར་གནང་སྟངས། ད་དུང་དེང་སྐབས་གོ་ལ་གཅིག་གྱུར་གྱི་དུས་སྐབས་སུ་སྟོན་པ་སངས་རྒྱས་ཀྱི་སྐུ་གཟུགས་བེད་སྤྱོད་ལོག་པར་སྤྱོད་བཞིན་ཡོད་ཚུལ། བཞི་པ། དུས་རིམ་སོ་སོའི་ནང་ནང་བསྟན་དར་རྒུད་ཇི་ལྟར་བྱུང་ཚུལ་དང་། རྩ་རླག་གང་འདྲ་ཕྱིན་ཡོད་མེད། དེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པའི་སྐོར་བཅས་ཡིན།
སྐུ་འདྲ་དེ་རྣམས་ཀྱི་འབྱུང་ཁུངས་དང་། བཟོ་དབྱིབས་རྣམས་སངས་རྒྱས་ཆོས་ལུགས་རྒྱ་ཁྱབ་ཏུ་དར་ས་དང་། དར་མྱོང་ཡོད་པའི་རྒྱལ་ཁབ་ཁག་ཏེ་རྒྱ་གར། པ་ཀི་སི་ཊན། ཨབ་རྒ་ནི་སི་ཏན སིང་ག་ལ། བལ་ཡུལ། བོད། རྒྱ་ནག །ཉི་ཧོང་། ཀོ་རི་ཡ། འབར་མ། ཐེ་ལན་ཌི། ཀམ་བོ་ཊྲ། ཕི་ནི་ཕེན་སོགས་ནས་རེད།
སྐུ་དེ་ཚོའི་ཁྲོད་ནས་ཆེས་རྙིང་ཤོས་ཁ་ཤས་ཡོད་པ་ནི། དུས་རབས་དང་པོ་དང་གཉིས་པའི་མཚམས་སུ་རྒན་ཌ་ར་ས་ཁུལ་དུ་བཞེངས་པ་དང་། སྐུ་འདྲ་འདིའི་བཞེངས་སྲོལ་ལ་རྒན་ཌ་ར་བཞེངས་སྲོལ་ཞེས་འབོད་མུས་རེད་ལ། ཡང་Greco-Buddhist art སྒྱུ་རྩལ་ལག་ཤེས་ཀྱང་འབོད་སྲོལ་འདུག སྐུ་འདྲ་དེ་ཚོ་ནི་སྟོན་པ་སངས་རྒྱས་མིའི་རྣམ་པར་བཞེངས་པའི་འདྲ་སྐུ་ཐོག་མའི་གྲས་དང་། གོང་ཞུས་རྒྱལ་ཁབ་སོ་སོ་ནས་བྱུང་བའི་སྐུ་དེ་རྣམས་ཀྱི་བྱོན་ནི་གཅིག་ལས་གཅིག་ ལེགས་པ་དང་མཚར་བ་ཤ་སྟག་རེད་བཞག
སྐུ་འདྲ་དང་། ཞལ་ཐང་དེ་རྣམས་དེ་སྔོན་ཡུ་རོབ་གླིང་དུ་གདན་འདྲེན་ཞུས་ཤིང་། མང་ཆེ་བ་མི་སྒེར་པ་སྒྱུ་རྩལ་རིག་དངོས་གསོག་སྒྲུབ་གནང་མཁན་དང་། དེ་མིན་རིག་དངོས་གཤམ་སྟོན་ཁང་གཞན་གཉིས་ནས་གནས་སྐབས་གཡར་བ་བཅས་ལས་སྒྲུབ།
སངས་རྒྱས་ཆོས་ལུགས་དང་། ཆོས་ལུགས་དེ་དང་འབྲེལ་བའི་སྒྱུ་རྩལ། དེ་བཞིན་ཆོས་ལུགས་དེ་དར་ཁྱབ་ཕྱིན་པ་དང་། འགྲོ་སའི་ས་ཁུལ། ས་ཁུལ་དེ་ཚོར་གཉུག་མར་གནས་པའི་མི་རིགས་ཚོའི་ལེགས་བྱང་ལ་མཁས་པར་སྨྲ་བ་ཁག་གིས་བརྩམས་ཆོས་སྤེལ་བ་རྣམས་རྗར་མན་དང་། དབྱིན་སྐད་ཤན་སྦྱར་ཐོག་དཀར་ཆག་གཅིག་པར་དུ་བསྐྲུན་ནས་སྤྱི་ཟླ་བཞི་པའི་ནང་འདོན་སྤེལ་ཞུ་འཆར་ཡོད།
འགྲེམས་སྟོན་དེར་དམིགས་པའི་དཀར་ཆག་གི་རྩོམ་ཡིག་ལ་ཆ་མཚོན་ན། བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་ཆེད་རྩོམ་“དད་པ་དང་བྱིན་རླབས་འཇུག་ཚུལ། བོད་བརྒྱུད་ནང་བསྟན་གྱི་སྒྱུ་རྩལ་སུམ་བརྒྱ་བཞི་བཅུ་ཡི་གོ་དོན་སྐོར“ དཀར་ཆག་གི་སྔོན་གླེང་དེ་ཡང་བྲག་གཡབ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བྲིས་གནང་འདུག དེ་བཞིན་སྒྱུ་རྩལ་ལོ་རྒྱུས་སྨྲ་བ་Dr. Martin Brauen མཆོག་གི་ཆེད་རྩོམ་ “ཚོང་རྫས་སྣོད་སྟེང་ལ་སྤྱོད་པའི་སངས་རྒྱས་ཀྱི་སྐུ།the Buddha in the shopping bag“ ཆོས་ལུགས་ཚན་རིག་སྨྲ་བ་Dr, Karsten Schmidt མཆོག་གི་ཆེད་རྩོམ་“སངས་རྒྱས་ཞུ་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་དགོས་སམ།“ བོད་རིག་པ་དང་ རྒྱ་གར་རིག་པ་སྨྲབ Prof. Dr. J. u. Hartmann མཆོག་གི་“སངས་རྒྱས་ཀྱི་སྐུ་ཡི་གཟུགས་ཇི་ལྟར་བཞེངས་པའམ་བྲིས་རྒྱུན་ཆགས་ལུགས། དེ་བཞིན་ཉི་ཧོང་རིག་པ་སྨྲ་བ་དང་། སྒྱུ་རྩལ་ལོ་རྒྱུས་སྨྲབ་“Dr. Stephan v. d. Schulenburg „སངས་རྒྱས་ཆོས་དང་འབྲེལ་བའི་ཤར་ཕྱོགས་པའི་འཇིག་རྟེན།“ ཡང་Dr. Amy Heller „ཧེ་མ་ལ་ཡིའི་ཡུལ་ལུང་ལ་དར་བའི་གསང་སྔགས་དང་འབྲེལ་བའི་སྒྱུ་རྩལ།“ བོད་རིག་པ་སྨྲ་བ་དང་། སྒྱུ་རྩལ་བ། Elke Hessel „གསང་སྔགས་ཀྱི་ལྷ་སྐུའི་ནང་དོན་གོ་ནོར་དུ་སྤྱོད་པའི་རྣམ་པ།“ སངས་རྒྱས་ཆོས་ལུགས་ཐོག་གི་ཚན་རིག་སྨྲ་བ་Dr. Volker Zotz “ སངས་རྒྱས་རྗར་མེ་ནི་རུ་བྱོན་དུས་སུ། “ ལ་སོགས་པ་དང་། དེ་མིན་གྱི་བརྩམས་ཆོས་གཞན་ཁག་ཅིག་བཅས་ཤོག་གྲངས་ལྔ་བརྒྱ་ཅན་གྱི་དེབ་གཟུགས་ཤིག་ཡོད།
བོད་ཀྱི་ཁང་པས་གནས་སྐབས་རིང་བོད་ཀྱི་མཆོད་ཁང་ཆུང་ཆུང་ཞིག་རིག་དངོས་གཤམ་སྟོན་ཁང་དེའི་ནང་ཆེད་མངགས་བཞེངས་ཡོད་། དེ་བཞིན་འགྲེམས་སྟོན་སྐབས་སུ་མཛད་རིམ་མི་འདྲ་བ་མང་པོ་གོ་སྒྲིག་ཞུས་ཡོད་པའི་ཁོངས་སུ། སློབ་ཕྲུག་ཚོར་ཆེད་དུ་དམིགས་པའི་འགྲེལ་བཤད་ཀྱི་ལས་རིམ་དང་། མཁས་པ་ཁག་གི་གཏམ་བཤད་ཀྱང་ཡོད། འགྲེམས་སྟོན་དབུ་འབྱེད་ཉིན་མོར་སྐུ་མགྲོན་བརྒྱད་བརྒྱ་ལྷག་ཕེབས་ཡོད་ཅིང་། འགྲེམས་སྟོན་གྱི་མཛད་སྒོ་དང་། ལས་རིམ་བཅས་རྗར་མེ་ནི་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཆེན་པོ་བྱེད་བཞིན་འདུག་ལ། འགྲེམས་སྟོན་གོ་སྒྲིག་བྱེད་མཁན་ལ་ཡང་རླུང་འཕྲིན་ཁང་མི་འདྲ་བ་དུ་མས་བཅར་འདྲི་ཡང་ཡང་ཞུས་དང་ཞུ་མུས་རེད་འདུག ཐེངས་འདིའི་འགྲེམས་སྟོན་ནི་རྗར་མེ་ནི་གནམ་གྲུའི་ལས་ཁུངས་དང་། མི་སྣ་སྒེར་པ་ཁག་གཅིག་ནས་དཔལ་འབྱོར་གྱིས་རོགས་རམ་གནང་སྟེ། རྗར་མེ་ནི་བོད་ཀྱི་ཁང་པ་དང་། གྲོང་ཁྱེར་རིག་དངོས་གཤམ་སྟོན་ཁང་གཉིས་ནས་གོ་སྒྲིག་བྱས་པ་ཞིག་ཡིན།
གཞན་ཡང་དྲྭ་ཐག་འདི་མནན་ན་འགྲེམས་སྟོན་འདིའི་སྐོར་གྱི་བརྙན་པར་ཞིག་ཡོད་དོ།།
ནང་པ་ཚོར་གཏམ་བཟང་རེད་་། སངས་རྒྱས་སྐུ་འཁྲུངས་ནས་ལོ་ཉི་སྟོང་ལྔ་བརྒྱ་ལྦག་ཙམ་འགྲོ་གི་ཡོད་ན་ཡང་སངས་རྒྱས་ཀྱི་གསུང་པའི་ཆོས་ལ་འགྱུར་བ་གང་ཡང་ཕྱིན་ཡོད་པ་མ་རེད་། དེ་མིན་དེང་སང་གི་ཆབ་སྲིད་པ་དང་ཚན་རིག་པ་ སོགས་ཀྱིས་སྔ་དྲོ་བཤད་་པའི་་སྐད་ཆ་ཕྱི་དྲོ་འགྱུར་འགྲོ་གི་འདུག་ག་།
འགྱུར་ལྡོག་མེད་པའི་ནང་པའི་བསྟན་པ་ལ་།
ངེས་པ་སྙེད་ནས་ཚུལ་བཞིན་བསྟེན་ན་དགའ་།
མཐུན་མོང་ལམ་སྦྱང་གནོད་དུ་གྱུར་པ་ན་།
ཐེག་པ་ཀུན་གྱི་མཆོག་གྱུར་རྡོ་རྗེའི་ཐེག་།
སངས་རྒྱས་སྐུ་འདྲ་སྐུ་ཡི་རྟེན། །
ཆོས་གསུང་དཔེ་ཆ་གསུང་གི་རྟེན། །
མཆོད་རྟེན་ཡོད་ཚད་ཐུགས་ཀྱི་རྟེན། །
སྐུ་གསུང་ཐུགས་རྟེན་རྟག་བརྟན་ཤོག །