སྙན་བཟང་གཡུང་དྲུང་ཚེ་རིང་།
ཉི་འོད་ཁྲོད་བཀྲག་མདངས་ཀྱིས་འཚེར་བའི་པོ་ཏཱ་ལའི་གསེར་ཏོག་མཐོང་རྒྱུ་མེད་ལ།
དད་འདུན་ཁྲི་སྟོང་གི་གསོལ་འདེབས་བཞེས་ཀྱིན་པའི་ཇོ་ཤཱཀ་རྣམ་གཉིས་ཀྱང་མེད།
ཐ་ན་ཁྲོམ་སྲང་དུ་སྣམ་བུ་དང་འབྲི་མར་བཙོང་མཁན་ཚོའི་ཀུ་ཅོའང་ཐོས་རྒྱུ་མེད་མོད།
ངྷ་རམ་ས་ལ་ནི་བོད་ཀྱི་ལྷ་ས་གཉིས་པ་མ་རེད་ཅེས་སུ་ཞིག་གིས་བརྗོད་ནུས་ཨང་།
ཡིན་ནའང་། ངྷ་ས་ནི་རྗེ་འབངས་ཚོའི་དཀའ་ཚེགས་ཀྱིས་བཞེངས་སྐྲུན་གནང་བ་མིན་ལ།
བཙན་པོའི་རྟ་དམག་ཀྱང་རི་བོ་འདིའི་ཉག་ག་བརྒྱུད་ནས་གཤར་མ་མྱོང་།
བཅིངས་འགྲོལ་དམག་པོ་ཏཱ་ལའི་མདུན་ཐང་དུ་ཤར་ཤར་དུ་བསྐྱོད་ཅིང་།
རྒྱང་རིང་གི་ལྷོ་རུ་བགྲོད་པའི་སྐྱིད་ཆུ་ཕྲ་མོ་དངངས་ཤས་བཞུར་སྐབས།
རྒྱལ་བ་རིན་པོ་ཆེ་དང་སྐུ་འཁོར་བརྒྱ་ཕྲག་ཧ་ཅང་སྐྱོ་ལྷང་ལྷང་གིས་བྱེར་ཞིང་།
དམག་འཁྲུག་ཅིག་གི་ཤུལ་དུ་ལུས་པའི་རི་གྲོང་འདིར་ཁེངས་སྐྱུང་གིས་ཕེབས་ནས།
བཙན་བྱོལ་བོད་གཞུང་འབོད་པའི་ལས་ཁུངས་ཁ་ཤས་ཨམ་འདམ་གྱིས་བཞེངས་པས།
ངྷ་རམ་ས་ལའང་ན་ཟུག་ཁྲོད་དུ་ཨམ་གཙིགས་ཀྱིས་སྡོད་པའི་རྒྱལ་ས་ལྷ་ས་ཇི་བཞིན།
ཉིན་མཚན་མེད་པར་བོད་པ་ཚོར་བྱ་ར་མཛད་ནས་ངལ་གསོ་ཕྲན་བུ་ཙམ་ཡང་གནང་མ་མྱོང་།
རྒྱལ་བ་རིན་པོ་ཆེ་ད་དུང་ཡང་ངྷ་རམ་ས་ལར་ཧ་ཅང་ཞི་དུལ་གྱིས་བཞུགས་ནའང་།
མི་ལོ་ལྔ་བཅུའི་རྒྱལ་ཕམ་ཁྲོད་སྐུ་ངལ་མེད་པར་འཛམ་གླིང་ལ་གུས་ཕྱག་གིས་ཕེབས་ནས།
བཙན་བྱོལ་དུ་བཀྲེས་སྐོམ་དང་སྒྱིད་ལུག་གིས་འགྲོ་བའི་བོད་པ་ཚོར་ལྟོ་གོས་སློང་བཞིན།
མི་རིགས་འདིའི་འཐབ་རྩོད་དང་བདེན་དཔང་གི་ལོ་རྒྱུས་ཡོད་ཚད་གཅལ་དུ་བཀྲམས་པས།
ད་ལྟ་དབུ་སྐྲ་དཀར་ཞིང་རྒས་ཉམས་ལྷུག་གེའི་གཉེར་རིས་རེ་རེ་དཀའ་ཚེགས་ཀྱིས་བབས་མོད།
ད་དུང་རྒྱས་སྤྲོས་མེད་པའི་ཕོ་བྲང་དུ་ཐག་རིང་གི་མཇལ་བ་ཚོར་མཇལ་ཁ་གཏོང་ཞིང་།
འཚང་ཁ་ཤིག་ཤིག་ཤིག་གིས་བྱིན་རླབས་སློང་མཁན་ཚོར་ཆོས་སྒྲ་བར་མེད་དུ་སྒྲོག་ལ།
ནུབ་ཕྱོགས་སུའང་འགྲོ་དོན་ཡོད་པས་དད་འདུན་འབུམ་ཕྲག་གི་མཆོད་སྤྲིན་ཁྲོད་བཞུགས་ཏེ།
སོ་ཁ་ཐག་ཐག་འཐམ་པའི་འཇིག་རྟེན་གྱི་འགྲོ་བ་ཡོངས་ལ་གསོལ་བ་དྲག་ཏུ་འདེབས་བཞིན།
ཁ་བཏགས་དང་སྤོས་ངད་ཀྱི་ྐློང་ནས་རང་གི་བཞུགས་སྒར་དུ་ཞེན་ཆགས་ཀྱིས་ལོག་ནའང་།
ངྷ་སའི་ཕོ་བྲང་ནི་ནོར་བུ་གླིང་ག་མིན་ལ་བཀྲག་མདངས་འབར་བའི་པོ་ཏཱ་ལའང་མིན་པས།
རྒྱལ་བ་རིན་པོ་ཆེས་གནའ་ནས་འཕྲེད་དུ་ཉལ་བའི་ཁུ་ནུ་རི་རྒྱུད་ཀྱི་རྔམ་བརྗིད་ལ་གཟིགས་ཏེ།
ལྷ་དང་ལྷ་མོས་བསྐོར་བའི་ཕ་ཡུལ་དུ་ཕེབས་འདོད་ཀྱིས་ཐུགས་དགོངས་ཧ་ཅང་སྐྱོ་ནའང་།
སྐོར་ལམ་དུ་མ་ཎི་སྐོར་བའི་རྒན་རྒོན་ཚོས་གངས་ཅན་སྐྱིད་གཤོང་ལ་དངན་པ་རེ་འཐེན་ནས།
སྐུ་དྲག་ཚོའི་ཁས་ལེན་དང་འཇོན་ཐང་ལ་འཁང་ར་གཏོང་བཞིན་བག་ཕེབས་ཀྱིས་བགྲོད།
གངས་ཅན་སྐྱིད་གཤོང་གི་ཁང་བརྩེགས་མང་པོས་རང་ཉིད་ཀྱི་སྒོ་ཆེན་ཆེས་ཆེར་ཕྱེ་ཞིང་།
སྐུ་དྲག་ཚོ་བྲེལ་སྣང་མེད་པར་ཧ་ཅང་སོས་དལ་གྱིས་ལས་ཁུངས་ཕྱོགས་སུ་གོམ་ཁ་བསྒྱུར།
པེ་ཅིན་གྱི་ཁ་གཏད་དུ་ལངས་པའི་བོད་གཞུང་ནི་འོད་སྟོང་གི་ཕ་ཡུལ་འཚོལ་མཁན་ཡིན་པས།
བཀའ་བློན་ཚོས་སྒམ་ཉམས་དོད་པོས་ལམ་དབུ་མའི་སྲིད་ཇུས་ཁ་བཏགས་བཞིན་བསྲིངས་ཏེ།
གནའ་བོའི་རྒྱ་ནག་གི་རྩ་ཁྲིམས་ནི་མིའི་རིགས་ཀྱི་བདེ་སྐྱིད་དང་མངོན་འདོད་དུ་རློམ་ནའང་།
སྤྱི་འཐུས་ཚོས་བཀའ་བློན་རྣམ་པའི་ཕྱག་ལས་ཀྱི་འགལ་འཛོལ་ལ་བསམ་བློ་མི་གཏོང་བར།
དོན་དག་ཕྲན་ཚེགས་ཀྱི་དོན་དུ་ཁྱོད་ཤི་ང་གསོན་གྱི་རྒྱལ་ཕམ་ཤུགས་ཀྱིས་རྩོད་བཞིན་ཡོད་པས།
གནའ་ནས་ད་བར་དུ་ཕ་ཡུལ་གྱི་ཆག་འཇིགས་དང་ཉེན་ཁ་ཅི་ཡང་སྐྱོབ་ཐུབ་མེད་མོད།
ཁྲག་དྲི་ཤུགས་ཀྱིས་འཕྱོ་བའི་རྒྱང་རིང་ནས་ཞི་རྒོལ་གྱི་འབོད་སྒྲ་ལྷང་ལྷང་དུ་གྱེར་ཐེངས་རེར།
སྐུ་དྲག་ཚོ་ཧ་ཅང་སྒམ་པོའི་ངང་ཚོགས་འདུར་ཕེབས་ཤིང་བརྗིད་ཉམས་ཀྱིས་བཞུགས་ཏེ།
རྒྱུན་ལྡན་དུ་འབྱོན་པའི་གསུང་སྐད་དག་མར་ཁུ་ལྟར་འཁྱིལ་ཞིང་མར་ཁུ་ལྟར་འཛགས་ནས།
གཤམ་དུ་རྣ་བ་བློག་པའི་སྐྱེས་བུ་ཚོའི་ཕྱུ་པ་དང་ཨ་ལྕག་ཚོའི་པང་གདན་ལ་འགོ་བཞིན་ཡོད་ལ།
དེ་རིང་ཡང་སྡུག་རྩུབ་འབབ་པའི་གངས་ཐང་དུ་དཔའ་བོ་དཔའ་མོའི་སྐུ་སྲོག་འུར་འུར་འབར་བས།
སྐུ་དྲག་ཚོས་ཚོགས་ཆེན་ཛ་དྲག་ཏུ་འཚོགས་ནས་དཔའ་རྟུལ་ཚོའི་མཚན་བྱང་ཡང་ཡང་ྐློག་བཞིན།
ཞི་བར་མཆེད་པའི་མེ་ལྕེ་འདིའི་ངན་ཁེག་ཡོད་ཚད་ཐག་རིང་གི་རྒྱ་གཞུང་ལ་འགེལ་གྱིན་འདུག
ད་ལྟ་མེག་ལོར་ཡང་ཉི་ཟེར་གྱིས་བསྐྱེད་པའི་ཁང་བརྩེགས་བརྒྱ་ཕྲག་སྟོང་ཕྲག་གིས་གྲུབ་ཅིང་།
སྒོ་བྱང་གི་དག་ཆ་ནོར་བའི་མགྲོན་ཁང་དང་ཟ་ཁང་དག་གིས་ཧ་ཅང་གུས་ཕྱག་ངང་།
རྒྱང་རིང་ནས་ཕེབས་པའི་མགྲོན་པོ་ཚོའི་དངུལ་ཞོ་དང་གཏོང་ཕོད་ལ་སྒུག་འདུག་ལ།
ཚོང་ལས་ཙག་ཙིག་གཉེར་མཁན་ཚོས་རང་སོ་སོའི་རྣམ་དཔྱོད་རྩལ་དུ་བཏོན་ནས།
མཐའ་འཁོར་གྱི་མི་ཚོགས་ལ་ཉེས་པ་མེད་པའི་འཛུམ་དཀར་གྱི་ཁུགས་པ་སྟོན་ཅིང་།
སྲང་ལམ་གཡས་གཡོན་གྱི་ལམ་འགྲོ་བ་རྣམས་དངངས་སྐྲག་དང་འཁང་ར་མེད་པར།
བཙལ་ན་རྙེད་རྒྱུ་དང་བལྟས་ན་མཐོང་རྒྱུ་ཡོད་པའི་མ་འོངས་པའི་ཆེད་དུ་སྙེག་གིན་འདུག
འཕྲོ་རིམ་འཕྲོར་གློ་བུར་དུ་འཁྱུག་གིན་པའི་ཆང་ཁང་དག་གི་གློག་འགྱུའི་འོག་ཏུའང་།
སྐྲ་རིང་འཕྱོ་བའི་ཕོ་གསར་ཚོས་ཕྱི་གླིང་རྨོ་རྨོའི་མདུན་ནས་བརྩེ་དུང་སློང་ཞིང་།
ཁྱོ་ག་ཕྱི་རྒྱལ་དུ་ཡོད་པའི་བུད་མེད་ཀྱིས་རང་གི་དགའ་རོགས་ལ་གསང་གཏམ་བརྗོད་བཞིན།
རྒྱང་རིང་གི་མགྲོན་ཤོག་ལ་རེ་སྒུག་ཁྲི་སྟོང་གིས་དུས་ཚོད་དང་སྐར་ཆ་བརྩི་མོད།
བརླན་ཤིག་ཤིག་གི་ཁྲོད་དུ་ཉལ་ཆས་ཧྲལ་ཧྲུལ་གྱོན་པའི་བདག་མེད་འཁྱམས་པོ་ཚོས།
རྒྱ་གར་ནག་སིང་བའི་ཐུབ་ཚོད་དང་དབྱུག་པའི་བར་ན་སྐྱབས་བཅོལ་གྱི་ན་ཟུག་མྱོང་བས།
ལམ་གྱི་གྲུ་ཟུར་དུ་བག་ལེབ་བཙོང་མཁན་གྱི་ཨ་ལྕག་དེའི་མགྲིན་པ་རྨང་ནས་བརྣངས་ཤིང་།
བཙན་བྱོལ་གྱི་དཀའ་སྡུག་ལེབ་མོ་ཚ་ལམ་ལམ་གྱི་མིག་ཆུ་དང་ལྷན་དུ་བཞུར་ཡོང་།
དོ་དགོང་ང་ཟླ་འོད་མེད་ལ་སྐར་འོད་མེད་པའི་ནུབ་ཕྱོགས་རྒྱ་མཚོའི་ཁ་གཏད་དུ་བསྡད་ནས།
ཐ་མག་ཤུགས་ཀྱིས་རྔུབ་ཀྱིན་གནམ་ས་ཐིག་གིས་བཅད་པའི་རྒྱང་རིང་ལ་ཡུན་རིང་ཅེར་དུས།
སྐབས་རེར་སྨུག་ཞགས་འཁྱིལ་ཞིང་མཚམས་རེར་ཁ་བ་འབབ་པའི་ངྷ་སའི་ཡུལ་ལྗོངས་ཧྲིལ་བོ།
ངའི་སྙན་ངག་གི་སྙིང་ཁོང་དང་སྤྱི་གཙུག་ཏུ་གསལ་ལྷང་ལྷང་དུ་བཀྲག་མདངས་ཀྱིས་འབར་བྱུང་།
ཨ། ངྷ་ས། ལྷ་ས། སངས་རྒྱས་ཀྱི་སྐུ་མཁར་འདི་སྐྱོ་ལྷང་ལྷང་གི་བོད་ཀྱི་རྒྱལ་ས་མིན་པས།
ད་ནི་ང་ཚོས་རི་སྒང་འདི་ལ་གྱེས་ཕྱག་ཕུལ་ནས་ཕྱིར་རང་གི་ཕ་ས་ཕ་ཡུལ་དུ་ལོག་རན་ཡོད་ལ།
སུས་ཀྱང་འདུལ་མ་ཐུབ་པའི་གཞིས་ལུས་མི་མང་གིས་སྐྱབས་འཇུག་ནན་གྱིས་ཞུ་བཞིན།
རྒྱལ་བ་རིན་པོ་ཆེའི་ལོག་ཕེབས་ལ་སྐུ་ཡི་མཆོད་མེ་རེ་རེ་དྲག་ཏུ་སྦར་བཞིན་ཡོད་ནའང་།
རང་བཙན་རྦད་ཀྱིས་བརླགས་པའི་བཙན་བྱོལ་བ་ཚོས་སྐྱབས་བཅོལ་གྱི་གཏམ་རྒྱུད་ཁུར་ནས།
བོད་གཞིས་ལུས་མི་མང་གི་སྙན་ལམ་དུ་རྒྱལ་ཁའི་གླུ་དབྱངས་ཅི་ཞིག་བསྒྲོག་རྒྱུ་ཡིན་ནམ།
གྲོགས་པོའི་སྙན་ངག་བཀླགས་ཟིན། ཡིན་ནའང། ཚིག་ཕྲེང་མཐའ་མ་དེར་རང་བཙན་བརླག་པའི་ཞེས་བྲིས་འདུག བཙན་བྱོལ་བོད་མི་ཚོས་རང་བཙན་བརླག་པ་མ་རེད། བཙན་བྱོལ་བོད་མི་ཚོར་བརླག་རྒྱུའི་རང་བཙན་ཁོ་རང་ཡོད་པ་མ་རེད། རང་བཙན་རྒྱ་ཡིས་བརླག་ནས་ཡུལ་ལུང་བཙན་འཕྲོག་བྱས་རྗེས་བཙན་བྱོལ་དུ་བྲོས་པ་བདེ་འབྱོར་བྱུང། བདེ་འབྱོར་བྱུང་ནས་བོད་འདི་འཇིག་རྟེན་ཧྲིལ་བོར་ཁྱབ་བསྒྲགས་འདི་འདྲ་ཞིག་བྱ་ཐུབ་པ་བྱུང་བ་ནི་བཙན་བྱོལ་བོད་མི་ཞེས་པ་ཞིག་ཡོད་པས་རེད་ལ། མ་གཞི་ནས་སྔ་མོར་སོ་སོའི་ལུང་པར་ཡོད་སྐབས་ཀྱང་རང་བཙན་ཟེར་བ་འདིའི་གོ་དོན་ཆ་ཚང་ཞིག་བོད་པ་རང་གིས་རྟོགས་འདོད་བྱས་མེད་པ་འདྲ། རྗེས་སུ་རྒྱལ་སྤྱིའི་ཁྲིམས་དོན་ལྷན་ཚོགས་ཚིག་ཐག་ཆོད་པོས་འཛམ་བུ་གླིང་གིས་གསར་དུ་ངོ་ཤེས་པའི་བོད་ཀྱི་གནས་བབ་ལ་མཐའ་སྡོམ་རྒྱག་སྐབས། བོད་ནི་ཁྲིམས་དོན་ཡོངས་གྲགས་ཀྱི་རང་བཙན་རྒྱལ་ཁབ་ཅིག་མིན་ཡང་ནང་དོན་དུ་རང་བཙན་རྒྱལ་ཁབ་ཅིག་རེད་ཅེས་བཤད་ཡོད་ཚོད་འདུག
རང་བཙན་བརླག་མཁན་ངོ་མ་དེ་བཙན་བྱོལ་བོད་གཞུང་གི་མིང་གནས་མེད་པར་གཏོང་མཁན་དེ་རེད། རྒྱ་ཡིས་འཕྲོག་ཀྱང་བོད་ཀྱིས་ངོས་ལེན་ཤོར་ཡོད་པ་མ་རེད་ལ། བཙན་བྱོལ་བོད་གཞུང་མེད་པར་བཟོས་ནས་ཆ་ཚང་བློས་གཏོང་འདོད་ཀྱི་བསམ་བློ་འཆིང་ཡོད་པ་རེད། ཡིན་ནའང་། བོད་མིས་རང་ལུས་མེར་མཆོད་ཀྱིས་བོད་ཀྱི་བདག་དབང་ཤོར་དུ་བཅུག་ཡོད་པ་མ་རེད། ཨ་རིའི་གྲོས་ཚོགས་འཐུས་མིས་ཀྱང་དེ་ལུགས་གསལ་བོར་རྟོགས་ཡོད་པ་རེད། དེ་ནི་གཞུང་འབྲེལ་གྱི་སྐད་ཆ་གསོན་པོ་ཞིག་རེད།
བོད་སིལ་བུར་འཐོར་རྗེས་བོད་ཀྱིས་རང་གི་རང་བཙན་གྱི་གནས་བབ་བརླག་ནས། ནང་ཁུལ་འཁྲུག་འཛིང་གིས་བསྐྱལ་བ་ནི་བསུབ་ཐབས་མེད་པ་ཞིག་རེད། བྱས་ཙང་བོད་འདི་རང་བཙན་གཙང་མ་རེད་ཟེར་བ་དེ་སིལ་བུའི་རྗེས་ནས་མཛུབ་མོ་འཛུགས་ཡུལ་ཅིག་གང་ན་ཡོད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་པོའི་སྐབས་ཀྱི་མངའ་ཐང་དེའི་ནང་གི་རང་དབང་ཐམས་ཅད་སླར་གསོ་གནང་རྒྱུར་འཐབ་རྩོད་བྱེད་པ་ལ། བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཞིག་གིས་དགོས་ཕན་མེད་ལ། དེ་བས་ཀྱང་མངའ་དབང་ཆུང་བའི་དགའ་ལྡན་ཕོ་བྲང་གཞུང་དེ་དེ་བས་ཀྱང་གལ་མི་ཆེ་ཁར། སྲིད་སྐྱོང་སྟག་བྲག་གི་སྲིད་དབང་དེར་དེ་བས་ཀྱང་ཧ་ལས་ཤིང་ཧོན་འཐོར་དུ་འཛིན་གྱི་མེད། ༧གོང་ས་ཆེན་པོས་དགོངས་འཆར་བཏོན་པ་བརྒྱུད་སྤྱི་ལྷན་ནས་སྲིད་སྐྱོང་བློ་སེང་ལ་རྩིས་སྤྲད་ཟིན་པའི་སྟག་བྲག་གི་མངའ་དབང་དེ་ཆོལ་ཁ་གསུམ་ལ་ཁྱབ་རྒྱུར་ཁྲིམས་ཐོག་ནས་རྟིང་རྣོན་ཞིག་མི་འགྱངས་བར་ཡོང་རེ་ཤིན་ཏུ་ཆེ།།
ཤར་ཁུག་གིས་ག་དུས་ཡིན་ཀྱང་རང་བཙན་མིན་རབ་དང་རང་བཙན་ཟེར་མཁན་དེ་རྒྱལ་བའི་བཀའ་དང་འགལ་འགྲོ་རབས་
བཤད་དེ་བཙན་བྱོལ་གྱི་སྤྱི་ཚོགས་ཆུང་ངུ་འདིའི་ཞི་བདེ་དང་མཐུན་འབྲེལ་རྩ་གཏོར་བྱེད་འདོད་ཡོད་པ་ནི་ཟུར་ལྟས་ལེབ་མཐོང་
རེད། ཁོ་པའི་དམིགས་ཡུལ་དང་ལས་དོན་ནི་ཁྲག་མདོག་གི་དར་དམར་དེ་བཙན་བྱོལ་བོད་གཞུང་དང་སྐྱབས་མགོན་རིན་པོ་
ཆེའི་ཕོ་བྲང་གཙོའི་དགོན་སྡེ་ཁག་དང་གཞིས་ཆགས་ཁག་བཅས་ཀྱི་ཁང་ཐོག་ཏུ་བསྒྲེང་ཐུབ་པའི་རེ་ངན་དེ་ཙམ་ལས་བོད་སྤྱི་ལ་
ཕན་པའི་བསམ་བློ་དང་དམིགས་ཡུལ་གང་ཡོད་པ་མ་རེད་འདོད།
ལོ་རྒྱུས་ཀྱི་གླེགས་བམ་ཀུན་ལ་མཇལ་གྱིན་མཇལ་གྱིན། ང་ལ་བཙན་པོ་ལྷ་སྲས་དར་མའམ་རྒྱལ་བོ་གླང་དར་མའི་རྗེས་ནས་བོད་འདི་ཡོངས་རྫོགས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་ཟེར་རྒྱུའི་བརྗོད་སྤོབས་བྲལ་བ་མ་ཟད། ཆུང་དུས་ཀྱི་མི་རིགས་ཀྱི་ལར་ཞེན། སུ་གང་གིས་སྒུལ་མི་ཐུབ་པའི་བོད་འདི་རྒྱལ་ཁབ་ཅིག་ཡིན་སྙམ་པའི་འདུ་ཤེས་དེ་འཛམ་གླིང་སྤྱི་སྲོལ་གྱི་ཆབ་སྲིད་ཡོ་འཁྱམ་དང། ཁྲིམས་ཐོག་གི་ངོས་འཛིན་བཅས་ཀྱིས་རྨེག་མེད་དུ་བཏང་སོང། ངའི་སེམས་ནང་གི་བོད། ངའི་ཡབ་མེས་གོང་མ་རྣམས་པ། ངས་ཁྱེད་རྣམ་པར་སྐུར་བ་བཏབས་པ་མིན་པར། ད་ནི་ངས་རང་ལྗིད་རང་གིས་ལོན་ལ་རེ་བ་ཤིན་ཏུ་ཆེན་པོ་འདུག
འོ་ན་རྒྱ་ནག་དེ་ཧྲང་རྒྱལ་རབས་ནས་ཧན་ཤར་ནུབ་དང་ཁྲོན་ཆིག ཆིན་དང་རྒྱལ་རབས་གསུམ་སོགས་ནས་ཁྲོ་ལྷོ་བྱང་། བསེ་ཐང་རྒྱལ་རབས་ནས་ཞེ་དགུ་ལོར་ཚུགས་པའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་ལ་རྒྱ་དེ་ཡོངས་རྫོགས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་རེད་ཟེར་རྒྱུའི་བློ་སྤོབས་ཡོད་དམ། འོ་ན་གླང་དར་ཡན་ལ་རང་བཙན་གཙང་མ་ཡིན་པའི་སྒྲུབ་བྱེད་ཅི་ཞིག་ཡོད།
སྙན་བཟང་ལགས་སྙན་ངག་གོ་བདེ་ལ་ཚིག་གིས་སྡེབ་སྦྱོར་དང་གང་ཅིའི་ཐད་ནས་བློ་ལ་འབབ་པ་ཞིག་བྲིས་འདུག་མུ་མ྄ཐུད་ནས་བྲིས་དང་མུ་མཐུད་ནས་ཀློག་གི་ཡིན།
གླང་དར་ཡན་ལ་རང་བཙན་གཙང་མ་ཡིན་མིན་གྱི་རྩོད་རྙོག་བོད་མི་རིགས་ཀྱི་མདུན་ལ་ཟགས་མི་འདུག རྩོད་རྙོག་ཟེར་བ་དེ་མདུན་ལམ་དང་འབྲེལ་བ་ཡོད་པའི་རྩོད་རྙོག་ཡིན།
ཁྱོད་ལ་ལོ་རྒྱུས་དང་མ་འབྲེལ་བའི་མདུན་ལམ་ཞིག་གང་ནས་ཡོང་བ་རེད། གོང་གི་དྲི་ལན་ཆ་ཚང་གནང་རོགས། བོད་ཀྱི་ལོ་རྒྱུས་ཁྱོད་ལྟ་བུ་ཞིག་གི་རྩེད་སྤྱད་མ་རེད།
སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལགས།
ངས་ཁྱེད་ལ་ཚིག་འགའ་ཞུས་ཆོག་པ་ཞུ། ཁྱེད་ཀྱིས་གནའ་རབས་ཀྱི་ལོ་རྒྱུས་ལ་ཞེ་དྲག་བསམ་བློ་མ་གཏོང་། ༡༩༥༩ལོར་བོད་མི་ཚོས་བོད་རང་བཙན་ཤོར་སོང་ཞེས་སྐད་རྒྱག་སྐབས་ཀྱི་བོད་དེ་ལྷ་སའི་མཐིལ་གྱི་སྡེ་པ་གཞུང་རེད། སྡེ་པ་གཞུང་འདི་ལ་མཚོན་ནའང་རེས་འགར་རང་བཙན་དང་རེས་འགར་རང་བཙན་མིན་པའི་ལོ་རྒྱུས་བྱུང་ཡོད་པ་དང་། མདོ་སྟོད་སྨད་བཤད་མ་དགོས་པ་རེད། བོད་སིལ་བུར་འཐོར་རྗེས་ཁམས་ལྕགས་ལ་རྒྱལ་པོ་གཙོས་པའི་བེ་རི་རྒྱལ་པོ་དང་། སྡེ་དགེ་རྒྱལ་པོ། ནང་ཆེན་རྒྱལ་པོ་སོགས་ཀྱིས་ཁམས་ཕྱོགས་དབང་བསྒྱུར་བ་དང་། ཙོང་ཁ་རྒྱལ་པོ་གཙོས་པའི་སྐྱབས་མགོན་མང་པོ་ཞིག་གིས་མདོ་སྨད་ཀྱི་ཡུལ་ལུང་མང་པོ་དབང་བསྒྱུར་བ་རེད། སྐབས་རེར་མདོ་སྟོད་སྨད་གཉིས་དགའ་ལྡན་ཕོ་བྲང་གི་མངའ་ཞབས་སུ་ཡོད་པ་ནས་མེད་པའི་བཟོ་འདྲ་པོ། མཚམས་རེར་ལྷ་འདྲེ་གང་ཡིན་མི་ཤེས་པའི་རྒྱ་ནག་གོང་མ་རིམ་གྱོན་གྱིས་ཀྱང་ཇུས་གཏོགས་གནང་བའི་ལོ་རྒྱུས་ཡོད་པ་རེད། འདི་དག་ང་ཚོས་འཐུས་ཤོར་བཏང་བ་ལས་ངན་ཁེག་གཞན་ལ་འགེལ་གྱི་མེད་པ་རེད། ཡིན་ནའང་མདོ་སྟོད་སྨད་གཉིས་ཀར་དབུས་གཙང་ལས་སྐད་དང་ཡི་གེ ཆོས་དང་གོམས་སྲོལ་སོགས་ལོགས་ཀ་ཞིག་མེད་ལ། ཐམས་ཅད་རྩག་སྐྱ་གོན་ནས་གཡག་ལ་ཞོན་མཁན་དང་། བཞོ་ལུང་བཏགས་ནས་འབྲི་མོ་བཞོ་མཁན་ཡིན་པ་འདི་གནད་འགག་ཆེན་པོ་རེད། འདི་ནི་ང་ཚོའི་བདེན་པའང་རེད།
ཡང་གཅིག་བཤད་ན། སྐབས་རེར་བོད་འདི་སོག་པོ་དང་མན་ཇུའི་དབང་འོག་ཏུ་ཤོར་ཡོད་པ་དང་། སིམ་ལའི་ཆིངས་ཡིག་སོགས་ཀྱིས་བོད་ཕྱེད་ཀ་བཏང་འདུག་པས། ད་ནི་ང་ཚོར་བདེན་པ་མི་འདུག་སྙམ་ན་རྦད་དེ་ནོར་བ་རེད། ངས་འཛམ་གླིང་གི་ལོ་རྒྱུས་མི་ཤེས་ཀྱང་། གོ་ཐོས་ལྟར་ན་འཛམ་གླིང་གི་རྒྱལ་ཁབ་ཕལ་མོ་ཆེ་གཅིག་འོག་གཅིག་ཏུ་སྡོད་དགོས་པའི་ལོ་རྒྱུས་མང་པོ་བྱུང་ཡོད་པ་འདྲ། ཨ་ལེ་ཁུ་ཟི་སན་ཌིར་དང་ཇིན་གར་རྒྱལ་པོ་སོགས་ཀྱིས་ཡུལ་ལུང་ག་ཚོད་ཅིག་དབང་དུ་བསྡུས་པ་རེད། ཨིན་ཇིའི་རྒྱལ་པོ་དང་རྒྱལ་མོ་རིམ་བྱོན་གྱིས་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་ཅི་ལྟར་བཏང་ནའང་། ཕྱིས་སུ་རྒྱལ་ཁབ་དེ་དག་ལ་རྒྱལ་རབས་ལོ་རྒྱུས་དང་། ཆོས་དང་རིག་གཞུང་ལོགས་ཀ་ཞིག་ཡོད་སྟབས་ཕྱིས་སུ་རང་བཙན་རྒྱལ་ཁབ་ཏུ་གྱུར་ཡོད། ང་རང་སྡོད་སའི་རྒྱལ་ཁབ་ཧྥ་རན་སི་འདི་ལ་མཚོན་ནའང་སྐབས་རེར་ཨ་རབ་དང་རྗར་མན་སོགས་ཀྱིས་ཆབ་འོག་ཏུ་བསྡུས་ཤིང་། མཚམས་རེར་རྒྱལ་ཁབ་གཅིག་གྱུར་མེད་པར་རྒྱལ་ཕྲན་གྱི་ཚུལ་དུ་གནས་དགོས་བྱུང་མོད། ད་ལྟ་རང་བཙན་རེད། དཔེར་ན། མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་སྐབས། འཛམ་གླིང་ན་རྒྱལ་ཁབ་ལྔ་བཅུ་ལྷག་ལས་མེད་ཀྱང་ད་ལྟ་རྒྱལ་ཁབ་ཉིས་བརྒྱ་ལྷག་ལ་ཟིན་ཡོད། འདི་དག་ལ་ཐུགས་བསམ་བཞེས་རོགས། འདི་དང་འདིས་མཚོན་པའི་བརྗོད་གཞི་ཁག་རིམ་གྱིས་རྩོམ་ཡིག་གི་ལམ་ནས་ཞུས་ཆོག ཐུགས་རྗེ་ཆེ།