ས་རཱ་མཐོ་སློབ། འཇམ་དབྱངས་སྦྱིན་པ།
ལོ་ཟླ་འདི་དག་གི་རིང་ལ་རྒྱ་ནག་པོར་རྒོལ་བའི་སྲོག་གཟན་གྱི་མེ་ལྕེ་དམར་པོ་བོད་ས་གང་སར་མཆེད་མོད། ནམ་ཞིག་རང་གི་ཉེ་འཁོར་ཞིག་ལ་ལྷུང་ཡོང་བ་བསམ་པའི་ཟུར་ལའང་སྐྱེས་མྱོང་མེད། འོན་ཀྱང་། ཉེ་ཆར་ཕ་ཡུལ་ནས་རྒྱ་གཞུང་ལ་མེ་རྒོལ་གནང་སྟེ་སྐུ་སྲོག་ཤོར་མཁན་གྱི་རྒྱལ་གཅེས་དཔའ་བོ་ཐུབ་དབང་སྐྱབས་ནི་(༢༠༡༢།༡༠།༢༦)ཕྲན་ལ་བཀའ་དྲིན་ཆེ་བའི་བློས་ཐུབ་གྲོགས་པོ་ཞིག་གི་ཚ་བོ་ཡིན་པས། ངས་གྲོགས་པོ་ཁོང་ལ་ཆེད་དུ་སེམས་གསོ་ཞིག་ཞུ་དགོས་བསམས་ཀྱང་ཁ་པར་མི་འགྲོ་བས་འབྲེལ་བ་བྱེད་ཐུབ་མ་སོང་། དེའི་ཕྱིར་ད་བར་དུ་དོན་དེ་སེམས་ལ་ལྷུང་ནས་བསྡད་ཡོད། ཟླ་འདིར་ཆུ་གཉེར་བཞིན་ཟམ་མི་ཆད་པའི་དཔའ་རྒོད་ཚོའི་ཁ་གྲངས་ཙམ་མཛུབ་རྩེར་འདྲེན་ཞོར་ཉིན་མ་རེ་རེ་བཙན་ཚུགས་ཀྱིས་ཕྲག་ནས་གཡུགས་ཐབས་བྱས། འོན་ཏེ་ཟླ་འདིའི་ཚེས་ཉེར་བརྒྱད་ཉིན་གྱི་ཞོགས་པར་ཡང་བསྐྱར་ཕ་ཡུལ་ནས་མེ་རྒོལ་གནང་བ་གོ་ཐོས་བྱུང་ལ། གནས་ཚུལ་གསལ་པོ་རྒྱུས་ལོན་བྱེད་སྐབས་སྤུན་ཆུང་སངས་རྒྱས་བཀྲ་ཤིས་ཡིན་པ་ཤེས། ཁོང་ནི་ངའི་ཕ་སྤུན་གྱི་བུ་ཡིན་སྟབས་སྤུན་མཆེད་ངོ་མ་མིན་ནའང་། འཇིག་རྟེན་འདིར་ལས་དབང་གིས་ང་ལ་བུ་སྤུན་ངོ་མ་ཞིག་མེད་པས་ངས་ཁོང་ཚོར་བུ་སྤུན་ངོ་མ་ཞིག་གི་འདང་བརྩེ་བཅངས་ཡོད། ཁོང་ཉིད་ཕྱི་ལོ་༢༠༡༢ཟླ་༡༡ཚེས་༢༧ཉིན་གྱི་དགོང་མོའི་བོད་ནང་གི་ཆུ་ཚོད་བཅུ་གཅིག་ཙམ་གྱི་སྟེང་། ཤིན་ཏུ་བཟོད་པར་དཀའ་བའི་མེ་ལྕེའི་ཀློང་དུ་ཞུགས་ཏེ་གདུག་རྩུབ་ཅན་གྱི་གཞུང་གང་ལ་ཆེས་ཚད་མཐོ་བའི་ངོ་རྒོལ་གནང་རྗེས་དཔའ་བོ་གཞན་དག་དང་འདྲ་བར་སྐུ་སྲོག་ཤོར་ཡོད་འདུག མེར་མ་བསྲེགས་གོང་དེར་ཁོང་གིས་༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཀྱི་ཡོད། ༸པཎ་ཆེན་སྣང་བ་མཐའ་ཡས་གཙོ་བྱས་པའི་ཆབ་སྲིད་བཙོན་མ་རྣམས་ཀློད་གྲོལ་གཏོང་དགོས་ཞེས་དགོས་འདུན་འབོད་ཚིག་སྐོར་ཅིག་བསྒྲགས་ཡོད་པའང་དེར་ཡོད་མི་ཚོས་དངོས་སུ་གོ་ཐོས་བྱུང་འདུག གནས་ཚུལ་ཤེས་རྟོགས་བྱུང་རྗེས་ང་རང་སློབ་ཚན་དག་ལས་དོ་སྣང་ཆེ་ཤོས་སྙན་ངག་འཛིན་གྲྭར་ཞུགས་ཡོད་མོད། ངས་དགེ་རྒན་བློ་གྲོས་དཔལ་བཟང་གི་གསུང་སྐད་མ་ཐོས་ལ། ནག་པང་གི་ཡི་གེ་དག་ཀྱང་མ་མཐོང་། ངས་གསལ་འགྱུར་ཞིག་འབྲི་དགོས་བསམ་མོད་དེའང་མགོ་སྔ་ཚང་བ་ཞིག་འབྲི་མ་ཐུབ། ངའི་གོ་བ་ནི་སངས་རྒྱས་བཀྲ་ཤིས་མེར་འཚིག་བཞིན་པའི་ཚག་སྒྲ་རེད་ལ། ངས་མཐོང་བ་ཡང་ཁོང་གི་ཕ་ནམ་ཁོ་སོགས་རང་གཤིས་དྲང་བའི་ངའི་ཨ་ཁུ་ཨ་ནེ་དང་། ཕུ་ནུ་ཉེ་འཁོར་དག་རེད། ངས་སྐད་ཆ་ཞིག་བཤད་དགོས་བསམ་མོད། ཁོང་ཚོས་བཀྲག་མདང་ཉམ་ཞིང་ངོ་ཤ་ལྷོད་དེ་མདུན་ཕྱོགས་གང་ཞིག་ལ་ཅེར་འདུག་པས་ངས་ཀྱང་མགྲིན་པ་བརྣངས་ནས་གྲེ་གསང་མ་ཐུབ། ཞོགས་པ་དེར་འཛིན་ཁང་གྲུ་བཞིའི་ནང་འཁྱག་ནའང་ངའི་ལུས་ཡོངས་ངར་ནས་ཨ་མཆོག་གཉིས་ཀྱང་ཚ་བེར་བེར་ཆགས་སོང་། ཕ་ཡུལ་ལ་ཤོར་བཞིན་པའི་སེམས་པ་འདི་ཅི་ནས་ཀྱང་འགོག་ཐབས་བྲལ་རུང་། བསམ་བློ་ཡན་ཡན་ཞིག་ལས་གཏིང་ཚུགས་སུ་གཏོང་རྒྱུ་ནི་མིག་ཆུ་འདྲེན་པའི་རྒྱུ་ཁོ་ན་རེད། ངས་འཛིན་གྲོགས་ཚོའི་མདུན་ནས་སྦམ་མདོག་གི་གཤིས་ཀ་རེ་བཅོས་ནས་ཆུ་ཚོད་ཡོལ་ཐབས་བྱས། འཛིན་གྲྭར་དགོངས་པ་ཞུས་ཏེ་ཅང་མ་འགོར་བར་སངས་རྒྱས་བཀྲ་ཤིས་ཀྱི་པར་ཞིག་འབྱོར་བྱུང་། “སངས་རྒྱས་བཀྲ་ཤིས་ལག་ཆགས་ཏེ་གཟུགས་འཕགས་པས་ཀྱང་རིང་ཡིན་ནི་རེད།” ཟེར་བ་དངོས་གནས་བདེན་པ་འདྲ། ད་ལྟ་ངའི་སེམས་ནང་གི་སངས་བཀྲ་ལས་ལོགས་སུ་མཁུར་ཚོས་ལ་དམར་མདངས་རྒྱས་ཤིང་། ཕོ་ཉམས་དོད་པོའི་ན་གཞོན་དར་མ་ཞིག་ཆགས་འདུག ཡིན་ན་ཡང་། འདྲ་པར་འདིས་ང་ལ་ཧ་ཅང་རྒྱུས་མངའ་ཡོད་པའི་ཚོར་སྣང་ཞིག་སྟེར་ཏེ། འདྲ་པར་འདི་ལས་ཨ་ཁུ་གྲོས་ལོ་དང་འབྲུག་དགའ་(གྲོས་ལོ་ནི་ང་ཚོའི་ཕ་སྤུན་དང་འབྲུག་དགའ་ཁོའི་བུ་རེད)དག་ཀྱང་རང་བཞིན་གྱིས་མཐོང་ཡོང་གིན་འདུག དེ་ནི་འདིའི་སྟེང་རུས་མཐུན་གྱི་འདྲ་རྟགས་ཤིག་མངོན་ཡོད་པས་ལོས་ཡིན། ཁྱེད་ཀྱི་འདྲ་པར་འདི་ནི་རྒྱལ་བོ་རབ་གསལ་གྱིས་གླང་ཆེན་མཐོང་བ་ཇི་བཞིན་ངས་ཀྱང་གསར་བ་གསར་བར་མཐོང་བས་ཡང་ཡང་བལྟ་དགོས་མོད། འོན་ཏེ། ཡང་ཡང་དྲན་མི་ཕོད་པ་ཞིག་རེད། གང་ལྟར་ཁྱེད་རང་བཞུད་ཟིན་ཡང་འདྲ་པར་འདི་ངས་གཏན་དུ་ཉར་རྒྱུ་ཡིན།
སངས་རྒྱས་བཀྲ་ཤིས། ངས་ཁྱོད་ལ་གཅིག་འདྲི། ཁྱེད་ཀྱིས་ལམ་འདི་ཅིའི་ཕྱིར་བདམས་པ་ཡིན། ཨ་བུ་(ཇོ)འཕགས་པ་ད་ལྟ་སྡུག་བསྔལ་གྱིས་རབ་ཏུ་མནར་ཏེ་མིག་ཆུ་འགོག་ཐབས་མེད་པ་ཨེ་རིག “མྱི་ཆེན་སྡུག་བསྔལ་ཁོག་ན་ཡོད་”ཅེས་པ་ལྟར་ཨ་ཕ་ནམ་ཁོས་མིག་ཆུ་ཁོག་མིད་བརྒྱབ་སྟེ་ཡ་ཁོག་ན་སྡུག་ག་ཚོད་ཅིག་ཡོད་པ་ཨེ་ཤེས། ད་དུང་ཨ་མ་སྒྲོལ་མ་འཚོ་དང་ཨ་ཆེ་ཚེ་རིང་སྒྲོལ་མ་སོགས་བཤད་ཅི་ལ་དགོས། ཉེ་སྔོན་ཨ་བུ་འཕགས་པར་ཟུར་དུ་སྦྲ་ཕུབས་(གཉེན་སྒྲིག་བྱས་ཏེ་ཁྱིམ་སྐྱོང་བ)ཡོད་པས་ད་ལྟ་ཕ་ཁྱིམ་དུ་མེད་ལ། ཨ་ཆེ་ཚེ་རིང་སྒྲོལ་མའང་སྔོན་ནས་གནས་ལ་སོང་ཟིན་པས། ད་ནི་ཕ་མས་མིག་གིས་ལྟ་ས་དང་སེམས་ཀྱིས་རེ་ས། ཚེ་འདིའི་ལག་རྟེན་དང་ཕྱི་མའི་ཡུལ་སྲུང་། ཁོག་གི་སྙིང་དང་གཅེས་པའི་བུ་ཁྱེད་ལས་གཞན་མེད་པ་ཁྱེད་ཀྱིས་བརྗེད་ག་ལ་སྲིད། ངས་ཡང་བསྐྱར་དྲན་འཛིན་གྱི་གཞུ་མོ་ནང་དུ་བཀུག་དུས། ཁྱོད་ལ་ཁག་མི་འདུག ཁྱེད་ཀྱིས་མཐོང་བའི་སྒེར་དང་སྤྱིའི་བདེན་པ་དང་འདོད་འདུན། ཐོབ་ཐང་དང་རང་དབང་བཅས་ནི་གང་ལས་ཀྱང་རྩ་ཆེ་ལ། ཡོངས་ལས་ཀྱང་རིན་ཐང་བྲལ། མཐའ་ན་གཅེས་པའི་སྲོག་མེ་ལ་བསྟབས་པ་ལས་ཀྱང་ངོ་།།
ཡུལ་མི་ཚོས་ཀྱང་ཁྱེད་ལ་འཁང་ར་བྱེད་མི་སྲིད། སྤྱིར་ཡིན་ན། འཇིག་རྟེན་དཀར་ངོགས་འདི་ནས་ངའང་ཕྱིར་ལོག་ཆོག་པའི་ཉིན་མ་ཞིག་ཡོད་ངེས་ལ། དེ་དུས་ངས་ཁྱེད་ཕ་བུ་ཚོར་བཀའ་དྲིན་ཞུ་དགོས་པ་ཞིག་དང་ཞུ་བསམ་པ་ཞིག་ཀྱང་ཡོད་མོད། ད་དེ་ཚོ་གླེང་རིན་མི་འདུག་པས་གཡུགས་ཞོག ཚེས་ཉེར་དགུ་ཉིན་ངས་ཁྱོའི་ཕ་རྒན་ལ“དེང་སྐབས་བོད་ཁམས་ཡོངས་ལ་སྡུག་གི་མུན་པ་འཐིབས་ཡོད་པ་ལས། འདི་ང་ཚོ་གཅིག་པུའི་མགོར་ལྷུང་བ་ཞིག་མ་རེད། འདི་ནས་༸རྒྱལ་བ་རིན་པོ་ཆེར་སྔོན་རྟེན་ཕུལ་ཡོད། སང་ཉིན་མི་མང་པོ་འཛོམས་ནས་མཆོད་འབུལ་རྒྱས་པ་ཞིག་ཀྱང་གནང་གི་འདུག་ལ། ངས་ཀྱང་གཙུག་ལག་ཁང་ལ་མཆོད་མེ་ཕུལ་ཡོད་”ཅེས་བཤད་ཡོད་ལ། དེ་ནི་ཁོང་གི་སེམས་ལ་དྲོད་ཐིག་ཅིག་ལྷུང་བའི་རེ་བ་ཡིན། འོན་ཀྱང་། དེ་མ་ཐག་བདུད་ཀྱིས་ཆོ་འཕྲུལ་བསྟན་པ་ལྟར་ཁ་པར་གྱི་འབྲེལ་མཐུད་ཆད་སོང་། མ་གཞི་ཁྱེད་ཀྱིས་བདམས་པའི་ལམ་དཀར་པོ་དེར་ཕ་རྒན་གྱིས་ཀྱང་བསམ་ཤེས་ཀྱིས་སྡུག་རུས་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་། དེའི་ཕྱིར། ཁྱེད་ཉིད་ཕ་ཡུལ་ལ་ཞེན་ཆགས་མེད་པར་རང་དབང་གི་གནས་སུ་བདེ་བར་བཞུད།
དཔའ་བོ་དཔའ་མོའི་ནང་མི་སྤུན་མཆེད་རྣམས་ཀྱི་དཀའ་སྡུག་འདི་ཇི་ལྟར་ཅི་བ་བཞིན་དེ་ལྟར་བོད་མི་རེ་རེའི་སེམས་ནང་རྒྱལ་ཞེན་དང་སྙིང་སྟོབས་ཆེ་ཆེར་འཕེལ་ནས་དཔའ་བོའི་ཕུགས་བསམས་བསྒྲུབས་རྒྱུ་དམས་བཅའ་ཕུལ་དགོས་་་་་་