སྐྱོ་བྲག་དགའ་དབང་།
སངས་རྒྱས་སྤྲུལ་པའི་སྐུ་གདུལ་བྱ་སེམས་ཅན་མ་དག་པ་རྣམས་ཀྱི་ངོར་སྣང་བ་ལ་བཟོ་སྐྱེ་མཆོག་གི་སྤྲུལ་སྐུ་རྣམ་པ་གསུམ་དུ་དབྱེར་ཡོད་པ། ཆགས་མེད་རི་ཆོས་ལས། བསྡུ་ན་མདོ་ཡི་ལུགས་ལ་རྣམ་པ་གསུམ། །མཆོག་གི་སྤྲུལ་སྐུ་སྐྱེ་བ་སྤྲུལ་སྐུ་དང་། །བཟོ་ཡི་སྤྲུལ་སྐུ་རྣམ་པ་གསུམ་དུ་གསུངས། །ཞེས་པ་ལས།
བཟོ་ཡི་སྤྲུལ་པའི་སྐུ་ནི། ཆགས་མེད་རི་ཆོས་ལས། གངས་ཅན་བོད་ཡུལ་བྱེ་བ་ཕྲག་བརྒྱ་ན། །ཇོ་ཤཱཀ་རྣམ་གཉིས་བྱེ་བ་ཕྲག་བརྒྱ་སྟེ། །དེ་འདྲའི་རྟེན་རྣམས་བཟོ་ཡི་སྤྲུལ་སྐུ་ཟེར། །ཞེས་སྐུ་རྟེན་གཙོ་བོ་རྣམས་ཡིན་པར་གསུངས་པ་དོན་ལའང་གནས་པར་འཁུམས་ཏེ། རྟེན་གསུམ་བཞེངས་ཚུལ་དཔལ་འབྱོར་རྒྱ་མཚོ་ལས། མཁས་རྨོངས་སྤྱི་ལ་ལྟོས་ན་ནི། ལྷ་སའི་ཇོ་བོ་རིན་པོ་ཆེ་ལྟ་བུས་འགྲོ་དོན་མཛད་པ་ཙམ། གླེགས་བམ་གྱིས་བྱེད་པར་དཀའ་བས། སྐུ་གཟུགས་ཉིད་འགྲོ་དོན་ཆེ་བར་སྣང་ངོ་། །ཞེས་པ་བཞིན། གང་ཟག་སུས་ཀྱང་འགྲན་པར་མི་ནུས་པའི་ཕྲིན་ལས་རྨད་པོ་ཆེ་མངའ་བ་མངོན་སུམ་ཡིན་པའི་ཕྱིར་རོ། །
གང་ལྟར་རྒྱུད་གསུམ་པ་ལས། སངས་རྒྱས་བཅོམ་ལྡན་ཡོན་ཏན་བསམ་མི་ཁྱབ། །དམ་པའི་ཆོས་ཀྱི་ཡོན་ཏན་བསམ་མི་ཁྱབ། །འཕགས་པའི་དགེ་འདུན་ཡོན་ཏན་བསམ་མི་ཁྱབ། །དཀོན་མཆོག་བསམ་མི་ཁྱབ་ལ་མངོན་དད་པའི། །རྣམ་སྨིན་བླ་ན་མེད་པའང་བསམ་མི་ཁྱབ། །ཅེས་དཀོན་མཆོག་གི་ཡོན་ཏན་དང་དད་པའི་རྣམ་སྨིན་བསམ་གྱིས་མི་ཁྱབ་པ་ཡིན་ཅིང། དེ་ཡང་མདོ་ལས། གང་ཞིག་བཞུགས་ལ་མཆོད་པ་དང་། །མི་གནས་མྱ་ངན་འདས་པ་ལ། །སེམས་ནི་མཉམ་པར་དྭང་བ་ཡིས། །བསོད་ནམས་ལ་ནི་ཁྱད་པར་མེད། །ཅེས་སངས་རྒྱས་ཞལ་བཞུགས་པ་ལ་མཆོད་པ་ཕུལ་བ་དང་། ཞལ་མི་བཞུགས་ཀྱང་རྟེན་གྱི་དྲུང་དུ་མཆོད་པ་ཕུལ་བ་ལ་རང་གི་དད་པ་མཉམ་པ་ཡོད་ན་བསོད་ནམས་ཀྱང་མཉམ་པར་ཐོབ་པ་དང་། སངས་རྒྱས་ལ་ཞལ་ཟས་ཕུལ་བའི་ཆོ་འཕྲུལ་ནི། སྤྱོད་འཇུག་འགྲེལ་ཆེན་ལས། འབུལ་བ་པོ་དག་ནི་སྟོན་པས་བདག་གི་བསོད་སྙོམས་ལོངས་སྤྱད་དོ་སྙམ་ནས་དགའ་བ་སྐྱེ་ལ། སྟོན་པ་ནི་བཞེས་པར་མི་མཛད་མོད་ཀྱང་འབུལ་བ་པོ་ལ་བསོད་ནམས་ཚད་མེད་པ་འཐོབ་ཅིང་། ཁ་ཟས་དེ་གནས་གཙང་མའི་ལྷའི་བུ་ཞིག་གིས་རིན་པོ་ཆེའི་གཞོང་པར་ཁྱེར་ཏེ་སངས་རྒྱས་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སོང་ནས་སེམས་ཅན་རྣམས་ཚིམ་པར་བྱེད་ཅིང་། དེ་ཟོས་སོ་ཅོག་ཕྱིར་མི་ལྡོག་པ་འཐོབ་པར་འགྱུར་བ་དང་། ཞེས་པ་དག་ལ་བསམས་ནས། ད་ལོར་ང་ཚོ་མཉམ་གནས་བྱུང་བ་དག་གིས་རྒྱ་གར་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེའི་ནང་དུ་བཞུགས་པ་སངས་རྒྱས་ཀྱི་སྐུ་བརྙན་རྟེན་མ་ཧཱ་བོ་དྷི་ལ། གོས་ཆེན་སེར་པོའི་ན་བཟའ་དང་། བཟའ་བཅའི་འབྲུ་སྣ་དང་། སྨན་སྣ་དང་། ཤིང་ཐོག་ལ་སོགས་པས་ལྷུང་བཟེད་ཕྱུར་བུར་བཀང་བ་དག་ཕུལ་ཏེ། སངས་རྒྱས་ཀྱི་བཀས་བཅད་པ་རྒྱུན་ཆགས་གསུམ་པའི་མདོ། དད་པ་དང་དག་པའི་སྣང་བ་འབའ་ཞིག་གིས་བཏོན་པ་ཡིན་ལ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། ཀུན་དགའ་བོ། གལ་ཏེ་སེམས་ཅད་མྱ་ངན་ལས་འདའ་བའི་སྐལ་བ་མེད་པ་ཞིག་གིས། སངས་རྒྱས་ལ་དམིགས་ནས་ཐ་ན་མེ་ཏོག་གཅིག་ནམ་མཁའ་ལ་འཐོར་ན་ཡང་། དེ་མྱ་ངན་ལས་འདའ་བའི་འབྲས་བུ་ཅན་ཡིན་ཏེ། མྱ་ངན་ལས་འདས་པ་ཀླས་པ་དང་། མྱ་ངན་ལས་འདས་པའི་མཐས་གཏུགས་པར་ང་སྨྲའོ། །ཞེས་གསུངས་པས་ན། མེ་ཏོག་ཁ་དོག་སྣ་ཚོགས་པ་འདྲ་མིན་དུ་མ་ཞིག་ཀྱང་མཎྜལ་གྱི་ཚུལ་དུ་ཕུལ་ཏེ། མཐར་དཔལ་ལྡན་བླ་མའི་སྐུ་ཚེ་ཞབས་པད་བརྟན་པ་དང་། སངས་རྒྱས་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང་། མཁའ་མཉམ་སེམས་ཅན་བདེ་ཞིང་སྐྱིད་པ་དང་། དྲིན་ཅན་ཕ་མའི་དགེ་རྩ་དགོངས་རྫོགས་ཡོང་བའི་སྨོན་འདུན་རྩེ་གཅིག་ཏུ་བགྱིས་པས་མི་ཚེ་དོན་ཡོད་པ་བྱུང་ངོ་། །
རྒྱུ་དངོས་པོ་གསོག་ཡ་ལ་ཉིན་མཚན་མེད་པར་སྡུག་རུས་བརྒྱབ་པ་ལས། དཀོན་མཆོག་ལ་མཆོད་ནས་འབད་འབུངས་འབྲིང་ཙམ་བྱས་ན། རྒྱུ་གསོག་རྒྱུ་ལས་སླ་བ་མེད་དམ་སྙམ་པ་ཞིག་འདུག་པས་་་་་་