ནམ་མཁའ།
བདུད་བཞི་བཅོམ་ལ་མཉམ་བཞག་མཚོན་གྱི་འཁོར་ལོ་འདི།།
བྱང་ཆུབ་ཤིང་གི་དྲུང་དུ་བསྐོར་བའི་འབྲས་བུ་ལ།།
མཚན་དཔེ་རི་མོས་བརྒྱན་པའི་ཤཱཀྱ་ཐུབ་པའི་སྐུ།།
རྩྭ་མཆོག་གྲོང་ནས་མྱ་ངན་འདས་པ་དེ་ལ་འདུད།།
ངས་འདི་གར་ཤཱཀྱ་ཐུབ་པ་མྱ་ངན་ལས་འདས་བའི་སྐུ་འདྲ་བོད་ལ་བཞེངས་སྲོལ་མེད་པའི་དོགས་སློང་བྱེད་འདོད་པ་ལས་དགག་སྒྲུབ་བྱ་འདོད་མེད། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་རྒྱལ་ཁབ་མ་འདྲ་བ་མང་པོ་ཞིག་ལ་དར་ཡོད། དཔེར་ན་སིངྒ་ལ་དང་ཐེ་ལེན་ཊི་། ཝེ་ཏི་ནམ། ཐ་ན་རྒྱ་ནག་སོགས་མང་པོར་དར་ཡོད། ལུང་པ་དེ་དག་ན་བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་པའི་སྐུ་འདྲ་མང་པོ་མཐོང་རྒྱུ་ཡོད་པས་ང་ཚོས་ལུང་པ་དེ་དག་རུ་ཡོད་མེད་དོགས་པ་ཅི་ཡང་བྱེད་དགོས་དོན་མི་འདུག་མོད། འོན་ཀྱང་བོད་ཀྱི་སེ་འབྲས་དགེ་གསུམ་གཙོ་བྱས་བའི་མདོ་སྟོད་སྨད་ཀྱི་དགོན་པ་དག་ན་བདག་ཅག་གི་སྟོན་པའི་སྐུ་མྱ་ངན་ལས་འདས་བའི་སྐུ་འདྲ་ཞིག་ད་ལྟའི་ཆར་མཐོང་མྱོང་མཁན་དཀོན་པོ་རེད་སྙམ། དེས་རྐྱེན་ཕྲན་གྱིས་འདིར་དོགས་སློང་ཕྲན་བུ་ཞིག་བྱེད་འདོད་བྱུང་། དོགས་སློང་འདི་ཡང་ཤེས་འདོད་ཀྱི་དབང་གིས་ཡིན་པ་དྲ་གྲོགས་ཚོས་མཁྱེན་པར་མཛོད།
སྤྱིར་བདག་ཅག་གི་སྟོན་པ་འཁྲུངས་རབས་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཞལ་ཐང་སོགས་མང་པོ་ཡོད། དེ་དག་གི་ནང་དུ་སྟོན་པ་འཁྲུངས་ཚུལ་ནས་མྱ་ངན་ལས་འདས་པའི་བར་རི་མོ་མདོར་བསྡུས་ཙམ་ཞིག་མཆིས་མོད། འོན་ཀྱང་བོད་རང་གི་སྟོན་པའི་སྐུ་བརྙན་བཞེངས་སྲོལ་ཞིག་ལ་སྟོན་པ་མཉམ་བཞག་གི་སྣང་བརྙན་མ་གཏོགས་མྱ་ངན་ལས་འདས་པའི་སྐུ་རྒྱལ་ཁབ་གཞན་ན་ཡོད་པ་བཞིན་མི་འདུག སྤྱིར་སྟོན་པའི་བསྟན་པ་ང་ཚོ་བོད་ལུང་པ་ལས་ཐེག་དམན་གྱི་བསྟན་པ་དར་བའི་གོང་གི་རྒྱལ་ཁབ་དེ་དག་ལ་སྔོན་དུ་དར་ཡོད། རྒྱལ་ཁབ་དེ་དག་ལ་སྟོན་པ་མྱ་ངན་ལས་འདས་བའི་སྐུ་བརྙན་བཞེངས་སྲོལ་དར་ནས་དུས་རབས་མང་པོ་ཕྱིན་ཡོད། སྤྱིར་སྟོན་པའི་མཛད་རིམ་ཆ་ཚང་ཞིག་བཞེངས་དགོས་ཚེ། ངེས་བར་དུ་སྟོན་པ་མྱ་ངན་ལས་འདས་བའི་སྐུ་འདྲ་བཞེངས་དགོས་པར་འདོད། འོན་ཏེ་བོད་ཀྱི་མི་རྣམས་རྣམ་རྟོག་ཤུགས་ཆེན་ཡོད་པས་སྟོན་པ་མྱ་ངན་ལས་འདས་པའི་སྐུ་འདྲ་བཞེངས་ན་རྟེན་འབྲེལ་མི་ལེགས་པར་བསམ་པ་ཡིན་སྲིད།
ནང་པའི་གཞུང་ལུགས་མང་པོ་ན་ཡང་སྟོན་པས་བདུད་བཞི་བཅོམ་ཚུལ་གསུངས་ཡོད། དེ་ཡང་བྱང་ཆུབ་ཤིང་དྲུང་དུ་སང་ཉིན་ཐོ་རངས་ལ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་ཡོད་ན། དེ་རིང་དགོང་མོ་ལྷའི་བུའི་བདུད་བཅོམ་པ་དང་། དེ་ནས་ཐོ་རངས་ཀྱི་དུས་སུ་ཉོན་མོངས་བའི་བདུད་བཅོམ་པ་རེད། ཐ་མ་རྩྭ་མཆོག་གྲོང་ནས་ཕུང་པོའི་བདུད་དང་འཆི་བདག་གི་བདུད་བཅོམ་ཚུལ་སོགས་གསུངས་ཡོད་པས་དེར་རྣམ་རྟོག་ཞིག་སྐྱེས་དགོས་དོན་མི་འདུག་སྙམ།
མ་ཟད་གཞུང་ལུགས་མང་པོ་ཞིག་ན་སྟོན་པའི་སྐུ་གཟུགས་དེ་སྡུག་བདེན་གྱི་ཕུང་པོ་ཡིན་མིན་ལ་རྩོད་པ་ཡང་མང་པོ་ཡོད། བདག་ཅག་གི་སྟོན་པའི་མཛད་པ་བཅུ་གཉིས་ཞེས་ཐུན་མོང་གི་སྣང་ངོར་མཛད་པ་བསྟན་པའི་ནང་གི་ཐ་མ་དེ་རྟག་འཛིན་ཅན་གྱི་སྣང་ངོར་མྱ་ངན་ལས་འདས་པ་བསྟན་པ་འདི་རེད། འོན་ཀྱང་བོད་མི་རྣམས་རྣམ་རྟོག་གིས་འཕོངས་སྟེ། མཛད་པའི་ཐ་མའི་སྐུ་འདྲ་ཞིག་བཞེངས་པ་ལ་ཡང་རྟེན་འབྲེལ་སོགས་འགྲིག་མིན་གྱི་དབང་གིས་མ་བཞེངས་ཚེ་ཆ་མ་ཚང་བ་ལྟ་བུ་འདུག་སྙམ། གང་ལྟར་བདག་ཅག་གི་སྟོན་པའི་བསྟན་པ་དར་སའི་ལུང་པ་གཞན་དང་བསྡུར་ནས་བཤད་ན། ང་ཚོ་བོད་པ་ཚོ་ལུང་པ་གཞན་ལས་རྣམ་རྟོག་གི་མཇུག་མ་རིང་པོ་ཞིག་གང་ནས་དར་མིན་མི་ཤེས་ཀྱང་དེའི་བག་ཆགས་ཤུགས་ཆེན་ཞིག་བོད་མི་རྣམས་ཀྱི་སེམས་སུ་འཇགས་འདུག་པ་འདི་ཡ་མཚར་བ་ཞིག་རེད། འདི་ནི་ཆོས་ལུགས་ཀྱི་ཤུགས་རྐྱེན་ཞིག་ཡིན་ནམ་མི་རིགས་ཀྱི་གཤིས་ཀ་ཞིག་གང་ཡིན་མི་ཤེས།
ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་སྟེ་དཔྱད་ན། བོད་མི་རྣམས་མི་རིགས་གཞན་ཞིག་ལས་རི་བོང་ཅལ་འདྲོགས་ཀྱི་རྗེས་འབྲངས་ལ་ཡང་དགའ་མཁན་ཞིག་རེད། དཔེར་ན། མི་སྐད་གྲགས་ཅན་ཞིག་གིས་བཤད་ཚེ་དེ་བདེན་པར་འཛིན་པ་དང་བཟུང་ནས་དེའི་ལྡོག་ཕྱོགས་སུ་བཤད་ཚེ་མཁས་བླུན་ཆ་ཚང་གིས་དགག་སྒྲུབ་ཚ་བོ་རེ་སྤྲོད་ཀྱི་ཡོད།
ངས་འདིར་དཔེ་མཚོན་ཞིག་གི་སྒོ་ནས་བཤད་ན། བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་སྟོན་པའི་སྐུ་བརྙན་དེ་བཤད་རྒྱུན་ཞིག་ལ། བདག་ཅག་སྟོན་པ་དགུང་ལོ་བཅུ་གཉིས་ཀྱི་ཚད་ཞིག་ཡིན་ཚུལ་བོད་མི་རྣམས་ཀྱི་རྣ་ལམ་དུ་བྱང་ཡོད། གཙུག་ལག་ཁང་གི་སྟོན་པའི་སྐུ་བརྙན་དེ་རབ་བྱུང་གི་རྟེན་ཅན་གྱི་སྐུ་བརྙན་ཞིག་ཡིན་པ་ཚང་མས་གསལ་བོར་མཐོང་ཡོད། གལ་སྲིད་དེ་ལྟར་ཡིན་ན་བདག་ཅག་སྟོན་པ་དགུང་ལོ་བཅུ་གཉིས་ཀྱི་དུས་སུ་ད་རུང་ཁྱིམ་པའི་རྟེན་ཅན་ཡིན་པས་བཤད་ཚུལ་དང་གནས་ཚུལ་གཉིས་འགལ་བ་ཡིན་མོད། ང་ལྟ་བུ་ཞིག་གིས་འདི་ལྟར་བཤད་ན་དད་པའི་རྗེས་འབྲངས་པ་ཚོ་ང་ལ་ཚིག་པ་ཟ་སྲིད། འོན་ཀྱང་ཚིག་པ་ཟོས་ཀྱང་དངོས་པོའི་གནས་ཚུལ་དང་བཤད་ཚུལ་གཉིས་འགལ་ཡོད། དེ་མིན་གཞན་ཞིག་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འབྲང་བ་ང་ཚོའི་དུས་རབས་འདི་ལ་ཡང་། དགེ་ཆོས་ལགས་ཀྱིས་གངས་སེང་མེད་ཚུལ་ཞིག་གསུངས་དུས་ཆ་ཚང་གིས་དེའི་རྗེས་སུ་འབྲངས་སྟེ། གངས་སེང་ཟེར་བ་ཞིག་མེད་ཚུལ་བོད་ནང་གི་སློབ་ཆེན་གྱི་དགེ་རྒན་དང་། ཤེས་ཡོན་པ་ཚང་མས་མ་བགྲོས་གཅིག་མཐུན་ལྟ་བུར་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུ་ནས་བཟུང་། དེ་རིང་ད་རུང་དགེ་ཆོས་ཀྱི་གསུངས་རྒྱུན་ལ་དད་མོས་བྱེད་ཀྱི་ཡོད། ཡིན་ཡང་དེང་སང་གངས་ནང་ན་དོམ་དཀར་བོ་ཡོད་པ་མངོན་སུམ་དུ་མཐོང་ཡོད། མ་ཟད་སྟག་དཀར་བོ་ཡང་མང་པོ་མཐོང་ཡོད། དེ་ཡིན་ན་རིག་པས་དཔྱད་ན་གངས་སེང་གངས་ནང་དུ་ཡོད་ཆོག་པ་མ་ཟད། མདོག་ཀྱང་དཀར་བོ་ཡིན་ན་ཆོག་པས་ཚངས་དབྱངས་རྒྱ་མཚོས་གསུངས་པ་དང་འགལ་མེད་དུ་གྱུར་ཡོད།
དེས་རྐྱེན་མཁས་པ་ཚོས་བཤད་ཚུལ་ལ་མགོ་བོ་གུག་གུག་དང་ཐལ་མོ་སྦྱར་རྐྱང་བྱས་ན་རང་མགོ་རང་གིས་སྐོར་བ་དང་གཅིག་མཚུངས་རེད། མཁས་བའི་གསུང་ཚུལ་ལ་རིག་པས་དཔྱད་རྒྱུ་གལ་ཆེན་ཡིན་སྟབས་བདག་ཅག་གི་སྟོན་པས་ཀྱང་དཔྱད་པ་བྱེད་དགོས་ཚུལ་གསལ་བོ་བྱས་ཏེ་གསུངས་ཡོད་པ་འདིར་འབྲི་དགོས་བ་མི་འདུག་སྙམ། རྟོན་པ་བཞི་ཡི་ནང་ཡང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཅེས་གསུངས་བ་འདི་ཅི་འདྲའི་གནད་ལ་འཁེལ་བ་ཞིག་རེད། གང་ལྟར་གོང་གི་དོགས་པ་འདི་དག་དྲ་ཐོག་གི་དཔྱད་བརྗོད་པ་ཚོས་བདག་ལ་གསལ་བྱེད་ཞིག་གནང་ཐུབ་པའི་རེ་བ་ཤིན་ཏུ་ནས་ཆེ། ལྷག་པར་དུ་ཡང་གདན་ས་ཁག་གི་དགེ་བཤེས་གསེར་རི་འདྲ་བོ་ཚོས་གསལ་བྱེད་རེ་གནང་ཚེ་དེ་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་གང་ན་ཡོད།
རིག་པའི་གཏམ་ལས་འཁྲུངས་བའི་བུ་མོ་འདི།།
དད་པའི་རྗེས་འབྲང་ཚོགས་ཀྱིས་མི་འདོད་ཀྱང་།།
དཔྱོད་ལྡན་རིག་པའི་བུ་ལ་བག་མར་སྦྱིན།།
ཆོས་ཀྱི་རྗེས་འབྲང་བུ་ཆུང་སྐྱེ་བར་འདོད།།
༢༩/༡༠/༢༠༡༢ལ་བྲིས།
དེ་གཅིག་པུས་ག་ལ་ཚད། སྟོན་པ་བཞེངས་པའི་སྐུ་བརྙན་ཡང་བོད་དུ་བཞེངས་སྲོལ་མེད། ད་དུང་སྒྲིན་པོའི་བློ་ཅན་ཡིན་མདོག་བྱེད་ན་དགེ་ཚུལ་སློང་རྣམས་ཀྱི་ན་བཟའ་ཐའི་ལེན། བར་མ་སོགས་དང་མི་འདྲ་བ་ཇི་རེད་ཅེས། དེ་དང་དེ་འདྲའི་དྲི་བ་བརྒྱ་ཕྲག་ཅིག་དྲིས་ཐུབ་མོད། ཕན་ཡོན་ཅི་འདུག
ལྐུགས་པ་ཁྱོད་ཀྱིས་བོད་པའི་བྲིས་པས་མཛད་པ་བཅུ་གཉིང་ཞལ་ཐོང་མཇལ་མྱོང་བ་འདྲ་་་་་
བོད་རྣམས་རྣམ་རྟོག་ཆེ་བ་བདེན་མོད་ཀྱང་། བདུད་བཞི་དུས་གཅིག་ལ་བཅོམ་པའི་ལུགས་ཀྱང་ཡོད་ལ།
ལྷ་སའི་གཙུག་ལག་ཁང་གི་སངས་རྒྱས་སྐུ་དེ་སངས་རྒྱས་ལོ་ཚད་མ་ཡིན་པར་སྐུ་དེ་ཡི་ཆེ་ཆུང་གི་ཚད་དེ་ལོ་ངོ་བཅུ་གཉིས་ལོན་པའི་ཆེ་ཚད་ལས་སྦྱར་བས། རབ་ཏུ་བྱུང་མ་བྱུང་གི་དྭོགས་པ་དེ་ཡང་རང་ཞི་ལ་འགྲོ གངས་སམ་འཁྱག་རོམ་གྱི་དོམ་དཀར་དེ་སེང་གེར་འདོད་པ་དགེ་ཆོས་སམ་སུ་གང་གིས་ཀྱང་ཁས་ལེན་དཀའ་ཙམ་མི་འདུག་གམ།
ཚིག་རྩུབ་འབྲི་བ་ལས། བཅུ་གཉིང་ཞལ་ཐོང་། འདི་དག་དག་པར་བྱས་ཏེ། འབྲི་བ་གལ་ཆེ་བར་མཐོང་ངོ་།
ཡག་པོ་བྲིས་འདུག །གངས་སེང་ཡོད་མེད་ཀྱི་བོད་ཀྱི་དཔྱད་གཏམ་དག་གིས་གནས་ཚུལ་རྗེན་པར་མ་མཐོང་ཡང་འཁྱགས་པའི་དུས་རབས་ནས་ཚན་རིག་གི་བརྗོད་པ་དངོས་ཀྱི་གངས་ཀྱི་སེངྒེ་དང་གངས་ཀྱི་གླང་ཆེན་སོགས་ཡོད་པ་དེང་སང་མིག་མཐོང་ལག་ཟིན་དུ་གྱུར་ཡོད། འོན་ཀྱང་སྟོན་པ་དགུང་ལོ་བཅུ་གཉིས་པའི་ཚད་ཅེས་པ་འདི་ལ་སྐུའི་གཟུགས་བརྙན་ཆེ་ཆུང་གི་ཚད་ཡིན་པ་ལས་དབུ་སྐྲ་ཡོད་མེད་དང་ཁྱིམ་པའི་རྣམ་ཅན་ཡིན་མིན་ལ་ཚད་གཞི་བཞག་པ་མ་རེད། ཁྱེད་ཀྱིས་(བདག་ཅག་སྟོན་པ་དགུང་ལོ་བཅུ་གཉིས་ཀྱི་དུས་སུ་ད་རུང་ཁྱིམ་པའི་རྟེན་ཅན་ཡིན་པས་བཤད་ཚུལ་དང་གནས་ཚུལ་གཉིས་འགལ་བ་ཡིན་མོད། ང་ལྟ་བུ་ཞིག་གིས་འདི་ལྟར་བཤད་ན་དད་པའི་རྗེས་འབྲངས་པ་ཚོ་ང་ལ་ཚིག་པ་ཟ་སྲིད། འོན་ཀྱང་ཚིག་པ་ཟོས་ཀྱང་དངོས་པོའི་གནས་ཚུལ་དང་བཤད་ཚུལ་གཉིས་འགལ་ཡོད། དེ་མིན་གཞན་ཞིག་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་འབྲང་བ་ང་ཚོའི་དུས་རབས་འདི་ལ་ཡང་།) བཤད་པ་འདི་དངོས་པོའི་གནས་ཚུལ་དང་འགལ་འདུག་པས་ངོ་སྤྲོད་པར་བྱ་སྟེ། སངས་རྒྱས་ལ་ཁྱིམ་པ་ཡིན་མིན་དང་རབ་བྱུང་བ་ཡིན་མིན་གྱི་རྣམ་དབྱེ་མེད་དེ། གང་ལ་གང་འདུལ་དེ་ལ་དེ་སྟོན་ཡིན་པའི་ཕྱིར། བཙུན་མོ་དང་མཉམ་པར་སྦྱོར་ནས་འཁོར་ལོ་སྒྱུར་བའི་ཆ་ལུགས་ཅན་གྱིས་འབྲས་བུ་རྡོ་རྗེ་ཐེག་པ་སྟེ་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བ་དང་རབ་བྱུང་གི་རྣམ་པ་ཅན་གྱིས་རྒྱུ་མཚན་ཉིད་ཐེག་པ་སྟེ་ཤེར་ཕྱིན་མདོ་ལ་སོགས་པ་ཆོས་འཁོར་རིམ་པ་གསུམ་བསྐོར་བར་མཛད་པ་ཡིན་པའི་ཕྱིར། ཡོངས་སུ་གྲགས་པ་དང་མ་གྲགས་པ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་དང་འཕྲིན་ལས་རྣམས་ང་ཚོས་ཤེས་པ་སོར་གང་ཙམ་ལས་ཡར་མ་འཕགས་པ་ཞིག་གིས་དཔྱོད་པའི་ཡུལ་ལས་འདས།
ནམ་མཁའ་ནས་སྔོན་མེད་ལེགས་བཤད་ཅིག་སྤེལ་བ་དགའ་ནས་ཡོད། འོན་ཀྱང་དཔྱོད་གཞི་འདི་དག་ཆུང་ཚགས་ཤིག་དང་དེ་ཙམ་གྱིས་དོན་སྙིང་ལྡན་པ་ཞིག་མིན། གལ་ཆེ་ས་ནི་སྟོན་པས་གསུངས་ཟིན་པའི་བརྗོད་བྱ་རྣམས་དོན་ལ་གནས་མིན་ཐོག་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རྒྱུ་འདི་ལས་གལ་ཆེ་བ་ཞིག་མེད། དེ་ཡང་རྟེན་འབྲེལ་དང་རྒྱུ་འབྲས། འདུ་བྱས་རྣམས་མི་རྟག་པ་དང་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་གསུངས་པ་རྣམས་ཕལ་ཆེར་དོན་ལ་གནས་པ་ཇེ་གསལ་དུ་བཏང་དང་གཏོང་བཞིན་པའི་ཐོག་ཇི་ཙམ་བརྟགས་ཀྱང་དེ་ཙམ་གྱིས་ར་འཕྲོད་ཐུབ་པ་ཞིག་རེད། ཡིན་ན་ཡང་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་འདི་གཉིས་ནི་ནང་བསྟན་གྱི་རྨང་གཞི་གཙོ་བོ་ཡིན་ཡང་དོན་ལ་གནས་མིན་ངས་དེ་སྔོན་དེ་གཉིས་ཡང་དག་པར་བསྒྲུབ་ཐུབ་ཀྱི་མེད་པའི་སྐོར་གསལ་བཤད་བྱས་པ་བཞིན་ཕལ་ཆེར་དོན་དངོས་ཐོག་གནས་རྒྱུར་ཁག་པོ་བྱས་པ་རེད། རྣམ་འགྲེལ་ལས། གཙོ་བོའི་དོན་ལ་མི་བསླུ་ཕྱིར། གཞན་ལ་རྗེས་སུ་དཔོག་པ་ཡིན། ཞེས་དང་། འབྲས་མེད་ཕྱིར་ན་རྫུན་མི་གསུངས། ཞེས་གསུངས་པ་བཞིན་མང་པོ་ཞིག་ལ་ཡིད་ཆེས་བྱེད་དགོས་པ་གསུངས་ནའང་། གོང་གི་གནད་དོན་གཉིས་ནི་ཡིད་ཆེས་ལ་དག་ཡ་མེད་པ་ཞིག་རེད། ཚོད་དཔག་གི་རིགས་པ་རྣམས་ཀྱང་ཁུངས་མ་འཁྱོལ་མཁན་ཤ་སྟག་ཅིག་རེད། གངས་སེང་ནི་ད་ལྟར་ཡོད་ཀྱང་ཆོག་ལ། སྔོན་དུ་ཡོད་ཀྱང་ད་ལྟར་རྩ་སྟོང་སོང་བ་ཡང་ཡིན་ཆོག ངེས་དོན་གྱི་སྟོན་པ་ནི་ཆོས་དབྱིངས་ཡེ་ཤེས་ཀྱི་སྐུ་གཅིག་པུ་ལས་མེད་ལ་དག་པའི་གདུལ་བྱའི་ངོར་འོག་མིན་གྱི་ལྷ་སྐུ་ཡིན་ལ་མ་དག་པའི་གདུལ་བྱའི་ངོར་སྤྲལ་སྐུའི་རྣམ་ཅན་དུ་འདོད་པ་དང་དེ་ཡང་རང་བྱུང་གིས་བསྙེན་པར་རྫོགས་པ་ཡིན་པས་མཛད་པ་བཅུ་གཉིས་ནང་རབ་བྻུང་དང་ཁྱིམ་པའི་མཛད་པ་ཁོ་ན་ཡིན་པས་སྡེ་པ་འོག་མ་དང་ཡུལ་ལུང་གཞན་གྱིས་འགྲེལ་བཤད་བྱེད་ཚུལ་མི་འདྲ་བ་ཡོད་པར་ཁ་ན་ན་བར་བཤད་ནས་རྩོད་པ་རྒྱག་ཐུབ་ཀྱི་མེད་པ་རེད།
དེ་ནི་ཐེག་ཆེན་པས་སངས་རྒྱས་པའི་མཛད་པ་དེ་ཁོ་ན་ལྷག་མེད་མྱང་འདས་སུ་འདོད་པས་མྱ་ངན་ལས་འདའ་བ་དེ་དམིགས་བསལ་གལ་ཆེན་དུ་མི་བརྩི། ཉན་ཐོས་ཚོས་མྱ་ངན་ལས་འདའ་བ་དེ་འབྲས་བུ་མཐར་ཐུག་ཏུ་འདོད་པས་མྱ་ངན་ལས་འདའ་བཞིན་པའི་སྐུ་བརྙན་རྩ་བ་ཆེན་པོར་འཛིན་སྲོལ་བྱུང་། བོད་ཀྱི་སངས་རྒྱས་པས་ཀྱང་མྱ་ངན་ལས་འདའ་བཞིན་པའི་སྐུ་བརྙན་དེ་གཏན་ནས་མི་བཞེངས་པ་ནི་མིན། སྟོན་པའི་མཛད་པ་བཅུ་གཉིས་བྲིས་འབུར་སོགས་བཞེངས་སྐབས་མྱ་ངན་ལས་འདའ་བཞིན་པ་བཞེངས་སྲོལ་ཡོད། ངའི་བསམ་པར་མཛད་པ་ཐམས་ཅད་ཀྱི་ནང་ནས་ཆོས་འཁོར་བསྐོར་བའི་མཛད་པ་དེ་རྩ་་ཆེན་རེད་བསམ།
ལྷ་སའི་ཇོ་བོ་འདི་རྒྱ་བཟའ་ཀོང་ཇོས་ཁྱེར་ཡོང་ཟེར་བ་མི་བདེན་པ་འདྲ་བས་ལོ་ཤས་སྔོན་ལ་ངས་ཁ་བརྡ་དྲ་སྟེང་འདིར་དེའི་སྐོར་གྱི་རྩོམ་ཡིག་ལྟ་བུ་ཞིག་བཀོད་ཡོད།
མ་གཞི་ནཻ་པ་ལིའི་རྒྱལ་སྲས་ཤིག་གི་སྐུ་བོད་པ་ཚོས་བཟོས་སྡད་པ་ལ་སྙིང་པོ་ཅང་འདུག་གམ།
ཁག་པོ་བྱས་པ་རེད། འདི་ལ་འགའ་རེས་ཁེགས་པོ་ཞེས་འབྲི། ལ་དྭགས་པའི་ཁ་སྐད་དུ། ཀགས་པོ། ཟེར། སྒྲ་མི་འདྲ་བ་འབྱུང་བའི་ཁུངས་བཙལ་དགོས་ན། དཀའ་བ། ཞེས་པ་མ་ཡིན་ནམ། དེ་ལས་གཞན་ཞིག་ཡོད་ན། ཁུངས་་སྐྱེལ་གྲོགས་མཛོད། ཅེས་སོ།
སྐུ་ཞབས་མེ་དཀར་ལགས། ནེ་པ་ལིའི་རྒྱལ་སྲས་བོད་པས་བཞེངས་ན་མི་འགྲིགས་དོན་ཁྱོད་ལ་བཤད་རྒྱུ་ག་རེ་ཡོད། ཡང་དག་པའི་རིག་གནས་ལ་ཡུལ་ལུང་དང་རྒྱལ་ཁོངས་ཀྱི་ས་མཚམས་མེད་པ་ཤེས་སོང་ངམ།
འདི་བཞེངས་བ་ལ་གལ་གནད་ཆེན་པོ་གསུམ་ཡོད། ལོ་རྒྱུས་རིག་གནས། སྒྱུ་རྩལ་ལག་ཤེས། ཆོས་ལུགས་ལྟ་གྲུབ་བཅས་སོ།།
མཛད་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་སོགས་གཅིག་ཀྱང་མི་ཤེས་མོད།མགོ་རྔ་གཉིས་སུ་ཚིག་བཅད་སྙན་མོ་གཉིས་འདུག
འདི་འཕྲོ་བརླག་གསུམ་ཡོད་དེ། དུས་ཚོད་འཕྲོ་བརླག རྒྱུ་ནོར་འཕྲོ་བརླག བསམ་བློ་འཕྲོ་བརླག
ཤོད་རྒྱུ་ཕ་བསད་བུ་ལ་ཡོད།
གནམ་མཁས་དཔྱད་བརྗོད་ཚ་བོ་དང་གསར་བ་གཉིས་ཀྱིས་གྲུབ་ནས་གདའ། རྗེས་འདེད་མཁན་ཚོ་རྒན་མོ་གྱོད་འཛིང་ཞིག་དང་འདྲ་བར་ཚ་ཐབ་སྒང་གི་ཐབ་ཆས་འཕྱར་ནས་འགོག་རྒོད་བྱེད་ཀྱིན་འདུག་ན། དེ་འདྲིའི་རྫོབ་རྟགས་མ་སྟོན། གནས་ལུགས་ཤོད། སྙིང་རྗེ་བའི་གནས་ལུགས་བཤད་སྟངས་ཤིག་འདི་ལྟ་སྟེ་༼སངས་རྒྱས་ལ་ཁྱིམ་པ་ཡིན་མིན་དང་རབ་བྱུང་བ་ཡིན་མིན་གྱི་རྣམ་དབྱེ་མེད་དེ། གང་ལ་གང་འདུལ་དེ་ལ་དེ་སྟོན་ཡིན་པའི་ཕྱིར། ༽ཆེས་དགོད་སྤྲོ་བ་ཞིག་རེད་དམ།
དྲ་གྲོགས་ལྷན་རྒྱས་འདིར་ཕེབས་ནས་གླེང་མོལ་ལྷུག་པོར་གནང་བ་ཤིན་ཏུ་བཀའ་དྲིན་ཆེ།ལྷག་པར་དུ་རྣམ་དཔྱོད་ཅན་འགའ་རེ་ཡིས་རིག་པ་རྣོ་བོ་སྒོ་ནས་དཔྱད་པ་ལ་དེ་བས་ཀྱང་དགའ་སོང་། ཕྲན་གྱིས་དོག་སློང་ཕྲན་བུའི་སྐུ་འདྲ་བཞེངས་ལུགས་འདི་ཐུན་མོང་བའི་སྣང་ཚུལ་གཞི་བཞག་སྟེ་བཤད་པ་ཡིན། གང་ལྟར་དོག་པའི་ཀློང་ནས་ཅུང་ཟད་ཕར་འདས་ཙམ་བྱུང་བས་ཁྱེད་ཅག་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བསྐྱབ་སོང་བསོད་ནམས་གཟུགས་ཡོད་ན། །
སྟོང་གསུམ་དེ་ཡང་སྣོད་དུ་ཆུང་། །ཞེས་པ་ཡང་གསུངས་འདུག
ཅང་མེད་ཀི་ཡ།
ཆོས་ནོར་གཉིས་ཀ་མེད་ཀི། བློ་རིག་གཉིས་ཀ་མེད་ཀི།
དོན་སྙིང་གཉིས་ཀ་མེད་ཀི། མཐོང་ཐོས་གཉིས་ཀ་མེད་ཀི།
སྤོབས་མཐའ་ལགས།
ལྷ་སའི་ཇོ་བོ་འདི་རྒྱ་བཟའ་ཀོང་ཇོས་ཁྱེར་ཡོང་ཟེར་བ་མི་བདེན་པ་འདྲ་སྟངས་ཁུངས་གསུངས་རོགས་གནོངས་དང་། ཁོང་མོས་བསྣམས་མེད་སུས་བོད་ལ་འཁྱེར་བ་རེད་དམ། ལགས།
སངས་རྒྱས་མྱ་ངན་ལས་འདས་བའི་སྐུ་འདྲ་བོད་ལ་བཞེངས་སྲོལ་མེད་པ་འདི།དེ་རིང་མ་གཏོགས་ཡིད་ལ་ཡང་མཉམ་འཇོག་དོན་སྣང་ཁྱོན་ནས་བྱས་མི་འདུག རྣམ་རྟོག་གིས་མ་བཞེངས་ཡིན་མིན་མི་ཤེས་ར་གང་ལྟར་བོད་པའི་དགོན་པ་ནས་མཐོང་མ་མྱོངས། ལྷ་སའི་གཙུག་ལག་ཁང་གི་ཇོ་སྐུ་བཟོ་བོ་བིཤོ་ཀརྨས་བཞེངས་བ་དང་དེ་ཡང་སྟོན་པ་ཞལ་བཞུགས་དུས་བཞེངས་བའི་སྒྲུང་སྙན་མོ་ཞིག་ཡོད་སྙམ།གསལ་བོ་ཞིག་མི་དྲན་མོད།དེ་དུས་སངས་རྒྱས་སྐུ་གཟུགས་ཆུ་ནང་ལ་ཤར་ནས་དེར་བལྟས་ནས་བཞེངས་པ་རེད་ཟེར་བའི་བཤད་རྒྱུན་ཞིག་ཡོད་བསམ།ད་གང་ཤེས་ཆ་ཚང་ལྷ་སྒྲུང་འདྲ་བོ་མང་པོ་ཡོད།བསམ་ཚུལ་དང་པོ་དེ་དྲི་བ་ཞིག་རེད་འདོད།
བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
ཇོ་བོ་ཤྰཀྱ་མུ་ནེ། སངས་རྒྱས་ཤྰཀྱ་ཐུབ་པ་དགུང་གྲངས་བཅུ་གཉིས་ལ་ཕེབས་པའི་སྐུ་ཚད་དང་མཐུན་པའི་ལྷ་སྐུ་ཞིག་སྟེ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་རྒྱ་བཟའ་ཀོང་ཇོའི་རྟེན་སྐལ་ལ་བོད་དུ་གདན་དྲངས་ཏེ་ད་ལྟ་ལྷ་ས་གཙུག་ལག་ཁང་དུ་བཞུགས་པའི་སྐུ་ངོ་མཚར་ཅན་ཞིག
རྒན་འཇམ་དཔལ་ལགས།ལ་དྭགས་ཀྱི་དགོན་པ་དག་ན་སངས་རྒྱས་ཀྱི་སྐུ་མྱ་ངན་འདས་བའི་འདྲ་སྐུ་ཡོད་དམ།འདི་ཕྲན་གྱིས་ཤེས་འདོད་ཀྱི་དབང་གིས་དྲི་བ་ཞིག་ཡིན་པས་ཞལ་ལན་ཞིག་གནང་བའི་རེ་བ་ཆེ།ཕྲན་ནི་ལ་དྭགས་སུ་འགྲོ་མྱོངས་མེད།
ནམ་མཁའ་ལགས། ༢༠༠༩ ཡན་ལ་དྭགས་ལ་ནི་དེ་འདྲ་མིན་འདུག ད་ལྟ་ནི་གང་ཤེས། ལར་བོད་ལ་མེད་ལ་ལ་དྭགས་ལ་ཡོད་པ་ནི་འཇུ་ལེ་ཙམ་རེད། གཞན་ཁྱད་པར་ཅང་མེད།
ཧཧཧ། ནམ་མཁའི་དོགས་སློང་འདི་དོགས་སློང་གལ་ཆེན་ཞིག་རེད། བོད་མི་རིགས་འདི་རྣམ་རྟོག་ཤུགས་ཆེ་དྲག་པའི་དབང་གིས་ཡག་ག་རྐྱང་རྐྱང་མ་གཏོགས་སྡུག་ག་ཞིག་མཐོང་ཐོས་མ་བྱུང་ན་བསམ་གིན་ཡོད་པ་དང་། དེ་འདྲའི་རིགས་ལ་གཡོལ་གང་ཐུབ་བྱེད་གི་རེད།
བོད་མི་ཕལ་ཆེ་བའི་སེམས་སུ་སངས་རྒྱས་བཅོམ་ལྡན་འདས་ཞིང་གཞན་དུ་སྐུ་གཤེགས་པ་ཟེར་པ་དང་། བདེ་བ་ཅན་གྱི་ཞིང་ཁམས་ལ་ཕེབས་པ་ཟེར་པ། རྫུ་འཕྲུལ་ལ་བརྟེན་ནས་མི་མངོན་ནམ་མཁའི་དབྱིངས་སུ་གཤེགས་པ་རེད་ཟེར་ན་སེམས་དགའ་བ་དང་། སེམས་ནས་དང་བའི་དད་པ་ལྷག་པར་དུ་སྐྱེ་གི་རེད། གལ་སྲིད་ཁྱེད་ཀྱིས་བཅོམ་ལྡན་འདས་རྩ་མཆོག་དྲུང་དུ་ཉལ་ནས་སྐུ་གྲོངས་པ་རེད་ཟེར་བཤད་ན་ཡིད་མི་ཆེས་པ་དང་དད་པ་ཡང་ཇེ་ཞན་ལ་སོང་སྟེ་སེམས་མི་བདེ་བར་ལོག་གི་རེད།
དོན་དག་འདི་དངོས་ཡོད་རེད། རྣར་མི་འགྲོ་ན་བོད་པ་རྒན་ཁོག་མི་བརྒྱ་ཐམ་པར་སྐད་ཆ་དྲིས་ཚེ་བརྒྱ་ཆའི་དགུ་བཅུ་དེ་འདྲ་འདོད་མཁན་ཤ་སྟག་ཡིན། སོང་ཙང་བོད་མིའི་གཤིས་ཀ་དང་མི་འཚམ་པའི་རིགས་དར་སྤེལ་མ་བཏང་བ་ཡིན་རྒྱུ་རེད།
ས་སྐུ་ཞིག་བཞེངས་ནས་ཉི་མ་དག་པར་བྱིན་རླབས་བྱས་ནས་འདུག་པ་ལས་སྟོན་པ་བཀའ་དྲིན་ཅན་གི་གསུངས་བའི་བཀའ་བསྟན་འགྱུར་གཙོ་བྱས་རྒྱ་བོད་མཁས་གསུངས་དེ་དག་ལ་སློབ་སྦྱོང་ཡག་པོ་ཞིག་བྱས་དེ་ཉམས་ལེན་བྱས་ན་ལེགས་པར་འདོད། སྟོན་པ་སེམས་ནས་དྲན་རྒྱུ་མ་གཏོགས་ལྷ་ཁང་གསེར་ཁང་རྒྱ་ཆེན་ཞིག་ལ་འགྲོ་སོང་མང་པོ་ཞིག་གཏོང་བ་ལས་སློབ་གྲྭ་ཡག་པོ་ཞིག་རྒྱབ་དེ་མི་རིགས་འདིའི་མི་རབས་རྗེས་མ་དག་ལ་ལག་རྗེས་རེ་བཞག་ན་མི་ནི་རེད།
དགེ་ཆོས་ཀྱིས་སེངྒ་ལར་ལྟོས། འཛིན་རིམ་བཅིུས་ཀྱི་སློབ་ཕྲུག་དག་ལ་དྲིས་ཀྱང་སངས་རྒྱས་མྱང་འདས་ཀྱི་སྐུ་བོད་ལ་མེད་དོན་ཤེས་ངོས་སོ།།
ནམ་མཁའ་ལེགས། བོད་ལ་མེད་པ་ཞིག་དེར་པ་མེད་པ་མེ་དཀར་གྱིས་བྲིས་པ་ལྟར་ཡིན། འཇུ་ལེ། ཞེས་པ་ན། སྔར་ འཇུ། ཟེར། ང་ལ་ངོ་ཤེས་ཨ་རི་པ་འཇུ་རིགས་ཤིག ༡༩༧༦ ཁོང་མར་ཡུལ་གྱི་གྲོང་ཡུལ་དག་ལ་སྐོར་བ་ན། འཇུ་ འཇུ་ འཇུ་ ཟེར་བ་ཐོས་ནས་སེམས་ལ་ང་འཇུ་ཡིན་པ་མི་འདི་དག་གིས་ཇི་ལྟར་ཤེས་སྙམ་བྱུང་ཟེར། ལེ་ ཞེས་པ་ལེགས་ཀྱི་ཟུར་ཆག་ཡིན་འདུག བོད་དབུས་གཙང་སོགས་ལ་ལེགས་ཞེས་པ་ལགས་ལ་གྱུར། བོད་ཀྱི་སྒྲ་མང་པོར་ཨ་ཡིག་ཨེ་ཡིག་དང་། ཨེ་ཡིག་ཨ་ཡིག་ཏུ་གྱུར། ཁ་སྐད་དུ། ལེགས་ལ། ལ་ཞེས་པ་སྒྲའི་འབྱུང་ཁུངས་བཙལ་དགོས་ན། ཕལ་ཆེར་བོད་གངས་ཅན་ན་དཀོན་པོ་མ་ཡིན་ནམ། ང་ལ་སྒྲའི་ནུས་པས་དཀའ་བ་སླ་བར་བཟོས། Word Power Made Easy ཨིན་དེབ་ཅིག་ཡོད། དེ་ཡིས་མིང་ཚིག་རྣམས་ཀྱི་འགྱུར་ཚུལ་སྟོན་པས། བོད་ཚིག་རྣམས་ཀྱི་འགྱུར་ཚུལ་ཤེས་པ་ལ་ཡང་ཕན།
འཇུ་ཞེས་པ་དཔེ་ཆོས་རིན་ཆེན་སྤུངས་པ་ན། ལ་དྭགས་པ་བཀོལ་བ་ཇི་ལྟ་བ་བཞིན་འདུག བསྟན་བཅོས་འདིའི་མཛད་པ་པོ། བཀའ་གདམས་པའི་བླ་མ་པོ་ཏོ་པ་བོད་འཕེན་པོ་ནས་ཡིན་པ་ཐོས། དེ་བདེན་ནམ། བདེན་ན། ད་ལྟ་ལུང་པ་དེ་ན། འཇུ། ཟེར་བ་ཡོད་མེད་ཤེས་འདོད་ཡོད། ཅེས་སོ།།
དྲ་མཆན་༧སྤོབས་མཐའ་ལགས་ཀྱིས་གསུངས་པ་དེ་རིག་པ་བློ་ལ་འབབ་པ་ཞིག་བྱུང་སོང་བས་བཀའ་དྲིན་ཆེ།ཡིན་ཡང་བོད་ཀྱི་གཙོ་བོ་ཐེག་ཆེན་གྱི་ཆོས་ཉམས་ལེན་གྱི་དབང་གིས་མི་བཞེངས་པ་ཡིན་ཚེ།སྤྱིར་སངས་རྒྱས་ཀྱི་བསྟན་པ་གནས་ཡོད་མེད་གཙོ་བོ་འདུལ་བའི་སྡེ་གནས་ཡོད་མེད་ལ་བལྟ་དགོས་ཚུལ་ཞིག་གསུངས་ཡོད་བསམ་སོང་།གལ་སྲིད་དེ་ལྟར་ཡིན་ན་འདུལ་བའི་སྡེ་སྣོད་ཀྱི་ཐེག་པ་གཙོ་བོ་ཉན་ཐོས་ཀྱི་ཐེག་པ་རེད།གསང་བསྔགས་ཀྱི་སྡོམ་པ་ཡང་ཡོད་མོད་རྨང་གཞི་ཉན་ཐོས་ཐེག་པའི་ལུགས་ཀྱི་སོ་ཐར་གྱི་སྡོམ་པ་དེ་ཡིན་ནམ།གསལ་བོ་མི་ཤེས་བས་སྐུ་ཉིད་ཀྱིས་ཐུགས་བསམ་བཞེས་རོགས།ངས་བཤད་པའི་དོག་པ་དེ་སྐུ་བཞེངས་སྲོལ་ཡོད་མེད་ཀྱི་ཁྱད་པར་ཡིན་ལགས།གྱན་ཐང་སོགས་སུ་དེ་འདྲའི་སྐུ་བྲིས་ཡོད་པ་མཐོང་མྱོངས།ང་ཚོས་དེང་སང་བཞེངས་བཞིན་པའི་སྟོན་པའི་སྐུ་འབམ་སྐུ་དང་གསེར་སྐུ་སོགས་མི་བཞེངས་བའི་དོག་པ་ཙམ་ཁྱེད་ཅག་གི་སྤྱན་ལམ་དུ་ཕུལ་བ་ཡིན།གལ་སྲིད་ཁྱེད་ཅག་གི་ཐུགས་སུ་མི་བདེ་བ་འདྲ་བྱུང་ཡོད་ན་དགོངས་འགལ་མེད་པར་ཞུ།
ནམ་མཁའ་ལགས་དང་གཞན་རྒན་འཇམ་དཔལ་ལགས་ཀྱིས་གཙོས་སྤུན་གྲོགས་ཚོ་སྐུ་ཁམས་བཟང་།
བོད་རྟེན་འབྲེལ་ལ་མངའ་བརྙེས་པ་ཡིན་པས། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་ན་ནམ་གནས་ཀྱི་བར་དུ་མདོ་སྔགས་ཡོངས་སུ་རྫོགས་པ་མ་ཚང་བ་མེད་པ་བོད་དུ་གཏན་ཆགས་པར་གནས་རྒྱུའི་རྟེན་འབྲེལ་ལ་དགོངས་ནས་དམ་པ་གོང་མ་རྣམས་ཀྱིས་འདི་ལ་རྩལ་འདོན་མ་བྱས་པ་རེད་སྙམ།
གངས་སེང་གི་སྐོར་ལ་དགེ་ཆོས་ཀྱིས་གསུངས་པ་དེ། མ་མཐོང་ཕྱིར་ན་མེད་པ་མིན།། ཞེས་པའི་རིགས་པས་ལྷག་ལྡན་གྱི་གཏན་ཚིགས་ཡིན་ཀྱང་བདེན་པའི་ཆ་འགའ་མཆིས་ཏེ། གདོང་ལྔས་གཏེགས་པའི་སེང་ཁྲི་རྒྱ་གར་གྱིས་བརྐོས་པ་དང་བྲིས་པ་དག་ན་དེང་སང་མཐོང་བའི་སེང་གེ་དེ་རང་ཡིན་ཏེ། ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མི་འཇིགས་པ་བཞིའི་སྒོ་ནས་སངས་རྒྱས་མཚོན་པའི་སེང་གེ་བཞི་ལྟག་སྤྲོད་ཅན་ད་ལྟའི་རྒྱ་གར་གྱི་རྒྱལ་རྟགས་འདི་ཡང་ནགས་གནས་ཀྱི་སེང་གེ་དེ་རེད་མོད། དེ་བོད་བྲིས་ན་གཡུ་རལ་ཅན་ཞིག་འབྲི་རྒྱུར་ངེས། གཞན་ཡང་སྔོན་བོད་ཀྱི་སྦུར་བཟོ་དང་བྲིས་ཐང་། ལྡེབས་བྲིས་ཕལ་ཆེ་བར་སེང་གེ་བྲིས་ན་གངས་སེང་རྐྱང་་བྲིས་པ་དེ་ནི་དཔེ་བལྟ་རྒྱུ་རྒྱ་གར་ལ་བལྟ་ཁུལ་བྱས་ཀྱང་རི་མོའི་རྒྱུ་རྩལ་ཕལ་ཆེ་བ་དང་པོ་རྒྱ་ནག་ནས་བླངས་པ་ཡིན་སྟབས་དེའི་ཤན་ཞུགས་པ་སྨོས་མ་དགོས་པ་རེད། དེ་ལ་རྩོམ་པ་པོ་མང་པོས་སེང་གེ་ངོ་མ་གངས་སེང་དང་དེང་སང་མཐོང་བ་དེ་དག་འདམ་སེང་རེད་ཅེས་ཁྱད་པར་འབྱེད་དོ།།
འོན་ཀྱང་མཐའ་དག་དེ་ལྟར་འདོད་དོ་ཞེས་ཁ་ཚོན་བཅད་པར་མི་འོས་ཏེ། རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྣམ་འགྲེལ་ཊཱིཀྐའི་བར་སྐབས་ཀྱི་ཚིགས་བཅད་ཅིག་ནང་འདི་ལྟར།
རི་དྭགས་རྒྱལ་པོ་ནགས་མཐར་ངུར་སྒྲ་འབྱིན།།
ཝ་སྐྱེས་གྲོང་མཐར་གནས་ནས་ལྟས་ངན་སྒྲོག།
མཁས་པ་རིགས་པའི་གནམ་ལྕགས་ཐོག་ལྟར་འཕེན།།
བླུན་པོ་ལྟག་ཆོད་དུག་མདའ་མདེའུ་འཕེན།།
ཞེས་སེང་གེ་ནགས་ན་གནས་པར་གསུངས་འདུག་པས། དེས་མཁས་པ་གཞན་ཡང་རྒྱ་གར་མཁས་པའི་བཞེད་ཚུལ་གཙིགས་ཆེར་འཛིན་པ་དག་སེང་གེ་ནགས་ན་གནས་པར་འདོད་པ་ཡོད་དམ་སྙམ་སྟེ་དཔྱད།
དེ་ལྟ་ན་ཡང་གངས་སེང་མཐོང་བར་རང་ཉིད་ཀྱིས་ཁས་བླངས་པ་ཡང་ཡོད་དེ། དཔེར་ན་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་གངས་སེང་གཟིགས་ཚུལ་རྣམ་ཐར་དུ་གསལ་བ་དང་། རྡོ་རིང་བསྟན་འཛིན་དཔལ་འབྱོར་བས་ཀྱང་ནང་རང་ཉིད་ཀྱིས་སེང་གེ་མཐོང་ཚུལ་གསལ་བར་བྲིས་པས་མཚོན་ནོ།། ཞེས་ཞུས་ན།་་་་་་་་་་་་་་་་་་་
ཀྱང་་་་དང་་་་ནང་གྱི་བར་ ཅེས་པ་ཆད་འདུག་པས་འཇུག་རོགས།
ཧ་ཡོ། གུག་ཤད་ནང་ཡི་གེ་བཞག་ན་དྲྭ་ངོས་སུ་གསལ་གྱིན་མི་འདུག ངས། ཀྱང་་་་དང་་་་ནང་གྱི་བར་གུག་ཤད་ནང་འཇུག་རྒྱུ་ནི།
དགའ་བཞི་བའི་མི་རབས་ཀྱི་བྱུང་བ་བརྗོད་པ། ཅེས་པ་ཡིན།
སེངྒེ་ནགས་ན་གནས་པ་རྩོད་པ་མེད་ཀྱང་། གངས་སེང་ཞེས་པའི་ཚིག་དེ་ཐོག་མ་ག་དུས་དར་བ་དེ་བརྟག་རྒྱུ་ཞིག་ཏན་ཏ་ན་ཡོད་འདུག་སྙམ་ལགས།
ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན།དང་པོར་བོད་ལ་བསྟན་པ་དར་དུས་ཉན་ཐོས་ཐེག་པའི་འདུལ་བའི་སྡེ་སྣོད་འཛིན་པའི་རབ་བྱུང་གི་རྟེན་ཅན་བྱུང་ཡོད་དམ།གལ་སྲིད་བྱུང་མེད་ཚེ།གསངས་སྔགས་ཐེག་པའི་བསྟན་པ་དར་བའི་སངས་རྒྱས་མྱ་ངན་ལས་འདས་བའི་སྐུ་འདྲ་བཞེངས་སྲོལ་མེད་པ་ཡིན་ནམ།འདི་ལ་དཔྱད་པ་ཅུང་ཟད་རེ་གཏོང་རྒྱུ་འདུག་སྙམ། སྲོང་བཙན་སྒམ་པོའི་སྐབས་ཐོག་མར་སངས་རྒྱས་ཤྰཀྱ་ཐུབ་པའི་སྐུ་འདྲ་བཞེངས་བའི་སྲོལ་དར་བ་ཡིན་ནམ།འདི་དག་དྲ་གྲོགས་ཚོས་དཔྱད་པ་བྱེད་རོགས་ཞུ།གང་ལྟར་དོག་པ་ཕྲན་བུ་དྲ་གྲོགས་མང་པོས་གླེང་མོལ་བྱེད་ཀིན་དོག་གཞི་མ་འདྲ་བ་མང་པོ་ཞིག་སླེབས་སོང་བས་འདིར་བྲིས་པ་ཡིན། ཐུགས་རྗེ་ཆེ།འོ་གོང་གི་རྒན་འཇམ་དཔལ་ལགས་ཀྱིས་གསུངས་ལན་གནང་བ་བཀའ་དྲིན་ཆེ།ཀརྡོ་ཕྱག་གཉེར་ལགས་ཀྱི་གསུངས་དེ་ལ་ཡང་གནད་འགག་འདུག གངས་སེང་ཞེས་བའི་མིང་དེ་་ག་དུས་ནས་བྱུང་བ་ཡིན་ལ་གང་ལྟར་མཆོག་ཉིད་ཕེབས་ནས་གླེང་མོལ་གནང་བ་ཧ་ཅང་དགའ་སོང་བས་ཐུགས་རྗེ་ཆེ་ཞུ།
ངས་མཆན་ལ་དགའ་བསུ་མེད་པའི་རྒྱུ་མཚན་གང་ཡིན་ནམ། ངས་དཔེ་ཆ་མང་པོ་བཀླགས་ནས་ཚང་མར་བློ་བསྐྱེད་ཡོང་ཕྱིར་དཀའ་བ་ཆེན་པོས་བྲིས་པ་ཡིན། མི་ཆུང་མི་རང་ཡིན་ཙ་ན་དེ་ལ་མཐོང་ཆུང་མ་བྱེད་རོགས།
ཁོང་ཁྲོ་ལངས་ནས་འབྲེལ་སྒྲ་དང་བྱེད་སྒྲ་ཡང་ནོར་འདུག དགོངས་དག་ཞུ།
མཁྱེན་ཡངས་དབྱངས་ཅན་འབངས་ལགས།ཁྱེད་ཀྱི་མཆན་ལ་དགའ་བསུ་མེད་པ་རྩ་བ་ནས་མིན་དྲ་གྲོགས་ཚང་མ་དགའ་བསུ་ཡོད།ཁྱེད་ཀྱི་མཆན་ལས་བདག་ལ་ལྷག་པར་དོག་གཞི་ཡག་པོ་ཞིག་བསླངས་སོང་བས་གངས་སང་སེང་དང་འདམ་སེང་འབྲི་ལུགས་ཀྱི་ཁྱད་པར་ཆེན་པོ་ཞིག་དང་།ལྷག་པར་དུ་སྐུ་འདྲ་བཞེངས་ལུགས་ཀྱི་དགོངས་དོན་ཡང་ཁྱེད་ཀྱི་གསུངས་དེ་བདེན་པ་རེད་སྙམ་ཡོད།ང་ནི་མགོ་བོ་འཐོམས་ཞོར་འབྲི་མཁན་ཞིག་ཡིན་པས་བརྗེད་པ་རེད།གོང་གི་དྲ་མཆན་པ་གཅིག་ཀྱང་མ་ལུས་བར་གནས་ལུགས་རེ་གསུངས་བས་ཤིན་ཏུ་དགའ་ཡོད།ལྷག་པར་དུ་དབྱངས་འབངས་ལགས་ཀྱི་སེངྒེ་འབྲི་ལུགས་ཀྱི་ཁྱད་པར་ལེགས་པོ་ཞིག་གསུངས་སོང་བས་དེ་རིང་བར་དུ་ངས་འབྲི་ལུགས་ཀྱི་དབྱེ་བ་ཡག་པོ་མི་ཤེས་བས་སྐུ་ཉིད་ལ་ཐུགས་རྗེ་ཆེ།གང་ལྟར་འདིར་ཕེབས་པའི་དྲ་མཆན་པ་ཡོངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ལ་རི་མོ་སྔ་ཤོས་དེ་གཉའ་ཁྲི་བཙན་པོའི་ཡུམ་བུ་བླ་སྒང་ནང་གི་ལོག་རིས་དག་ལ་ངོས་འཛིན་གྱི་འདུག སྟོན་པའི་སྐུ་བརྙན་བཞེངས་ལུགས་ཀྱི་ཐོག་མ་སྲོང་བཙན་ནས་བྱུང་བ་ཡིན་ནམ་མི་ཤེས་བས་དྲ་གྲོགས་དབྱངས་ཅན་འབངས་སོགས་ཀྱིས་དཔྱད་པར་མཛོད།
མ་མཐོང་ཕྱིན་ན་མེད་པ་མིན། སེང་གེའི་འོ་མ་ཡོད་པ་སྨན་བླ་གཉྀས་པ་གཡུ་ཐོག་གི་རྣམ་ཐར་ནང་གསུངས་ཤག
སྟོན་པས་བོད་ཀྱི་གྲྭ་པའི་སྟོད་འགག་རྒྱན་དྲུག་མནབས་པའི་ཐང་ཀ་ཞིག་བཞེང་ན་འདོད།
སེང་གེའེ་ལ་རྒྱུས་ཆེར་མེད་པའི་སྔོན་བོད་པས་གངས་ནང་ལ་གནས་པའི་དོམ་དཀར་བོ་འདི་ལ་གངས་སེང་དཀར་པོ་ཟེར་གྱི་མེད་འགྲོ།
བོད་མི་རིགས་ལ་མི་འགྱུར་པའི་རང་གཤིས་བརྟན་པོ་གཉིས་ཡོད།
དེ་གཉིས་ནི། ཕྱི་ནུར་དང་ཕྱི་ལྟ་གཉིས་སོ།
གཞན་གཅིག་ཡོད་པ་ནི་མདུན་ལ་ཁྱོན་ནས་མི་ལྟ་བ་དེ་ཡིན།
དེ་ཡི་ནང་དུ་ལོ་རྒྱུས་དང་གྲུབ་མཐའ། ཆབ་སྲིད་དང་ཆོས་འབྱུང་སོགས་འདུས་ཡོད།
རྒྱལ་ཚབ་དར་མ་རིན་ཆེན་གྱིས་རྣམ་འགྲེལ་ཊཱིཀྐའི་བར་སྐབས་ཀྱི་ཚིགས་བཅད་ཅིག་ནང་འདི་ལྟར།
རི་དྭགས་རྒྱལ་པོ་ནགས་མཐར་ངུར་སྒྲ་འབྱིན།།
ཝ་སྐྱེས་གྲོང་མཐར་གནས་ནས་ལྟས་ངན་སྒྲོགས།
མཁས་པ་རིགས་པའི་གནམ་ལྕགས་ཐོག་ལྟར་འཕེན།།
བླུན་པོ་ལྟག་ཆོད་དུག་མདའ་མདེའུ་འཕེན།།
དབྱངས་ཅན་འབངས་ལེགས་ཀྱིས་རྒྱལ་ཚབ་རྗེའི་ཚིགས་བཅད་སེངྒེའི་སྒྲ་སྒྲོགས་དེ་དྲ་རྒྱཪ་བཀོད་པར་བཀའ་དྲིན་ཆེ། བླ་མ་མཁས་པའི་མཆོག་དེ་ལ་མཁས་གྲུབ་རྗེས་བསྟོད་པ་འདི་ལྟ་སྟེ།
དཔལ་ལྡན་ཡོན་ཏན་ཚོགས་ཀྱི་བྱེད་པོ་ཡིས།
མི་འཇིགས་སེངྒེའི་ཁྲི་ལ་དབང་བསྐུར་བ།
རྒྱལ་བ་གཉིས་པའི་རྒྱལ་ཚབ་ཆོས་ཀྱི་རྗེ།
མི་ཕམ་བླ་མ་གཉིས་པ་རྒྱལ་གྱུར་ཅིག།། ༡ །།
ཅེས་དང་།
སྐྱེ་བོ་ཡོན་ཏན་མེད་ལ་འང་།
ཡོན་ཏན་ལྷག་པར་སྒྲོ་བཏགས་ནས།
གཅམ་བུའི་ཁོ་ནའི་ངག་གིས་ནི།
མགུ་བ་ལྷུར་ལེན་ཚིག་ཏུ་སྨྲ།། ༡༥ །།
དར་མ་རིན་ཆེན་ཞབས་སྙན་པར་སྨྲ་བ་ཞིག་བཞུགས་པར་ངེས། བསྟོད་པ་འདི་ལོ་ཆུང་དུས་བློ་འཛིན་ཡང་ཡང་སྐྱོར་ཀྱང་། ད་སྐབས་ཚིགས་གཅིག་གཉིས་མ་གཏོགས་མི་ཁྱོར། དབུ་མ་རིན་ཆེན་འཕྲེང་བའི་དར་ཊིཀ་དེ་བོད་ཀྱི་བླ་མས་མཛད་པ་ལེགས་ཤོས་སུ་མཐོང་། རྣམ་འགྲེལ་ཊཱིཀཱ་དེ་མཇལ་ཡོད་ཀྱང་། ཀློག་མ་མྱོང་བས། བར་སྐབས་ཀྱི་ཚིགས་བཅད་དེ་ཀློག་ཐུབ་པ་ཡང་སྐལ་བ་བཟང་ངོ་སྙམ།
ཞར་དུ་སྒྲའི་དག་ཆ་འགའ་རང་ཅག་གི་བློ་ལ་ངེས་དགོས་ཏེ། ལོག་དང་ལོགས། སྒྲོག་དང་སྒྲོགས༐ སྔོན་ཡང་འཇུག་གསལ་བར་འབོད་པས ནོར་བའི་འཇིགས་པ་མེད། དིང་སང་གཟབ་པར་མ་བྱས་ན། གོང་གི་སྒྲ་རྣམས་ལ་ཡང་འཇུག་ཡོད་མེད་ཀྱིས་གོ་བ་སོ་སོ་ཡོད་པ་དེ་དག་འདྲེས་ཤིང་འཛིངས་པའི་གཉེན་ཀ་མཆིས། ཞེས་སོ།
རྒན་ལེགས་ཁམས་བཟང་ལེ། འཇམ་བསྟོད་གང་བློ་མའི་ནང་། འབྲུག་ལྟར་ཆེར་སྒྲོགས་ཞེས་འདུག་པ་ལེ། འདི་དག་གམ་མི་དག ཉེ་རང་གིས་འོ་རྒྱལ་མཛད་འཚལ་ལེ།
རྒན་ལེགས་ཁམས་བཟང་ལེ། འཇམ་བསྟོད་གང་བློ་མའི་ནང་། འབྲུག་ལྟར་ཆེར་སྒྲོགས་འདུག་པ་ལེ། འདི་དག་གམ་མི་དག་ཉེ་རང་གིས་འོ་རྒྱལ་མཛད་འཚལ་ལེ།
རྒྱ་གར་གྱི་འདམ་སེང་དེ་རྒྱ་ནག་གི་རི་མོ་ལ་མཁས་པའི་བོད་ཀྱི་ལྷ་བྲིས་པས་གངས་སེང་ལ་བྲིས་པ་མིན་ནམ། གང་ལྟར་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་སྔོན་རྗེས་ལ་བཞེངས་པའི་སྟོན་པི་ཁྲི་ལ་བཀོད་པའི་སེང་གེ་དེ་ནི། འདམ་སེང་ད་ལྟ་ང་ཚོས་གཅན་གཟིག་ཁང་དུ་མིག་གི་སྤྱོད་ཡུལ་གྱི་སྟོད་ཙམ་ལ་སྤུ་རིང་ཡོད་ལ་སྨད་ལ་སྤུ་མེད་རྔ་མ་ཡང་སྤུ་མེད་རོང་པོ་ཡིན་པ་རྔ་མ་དེའི་རྩེ་མོར་སྤུ་སོབ་སོབ་ཡོད་པ་ད་ག་རང་རེད་འདུག
སྨན་གཞུང་ནས་བཤད་པའི་སེང་གེ་འོ་མ་དེ་ཡང་གངས་ཀྱི་སེང་གེ་རྐྱང་རྐྱང་ལ་སྦྱར་དགོས་ཡོད་མེད་མི་ཤེས། འདམ་སེང་གི་འོ་མས་སེང་གེའི་འོ་མར་གོ་མི་ཆོག་པ་སུས་བསྒྲུབ་ཐུབ་བམ། ཡང་ན། གསང་སེང་དེ་ཡང་སྔར་བྱུང་མྱོང་ཡང་ད་ནི། དི་ནོ་ས་རོས་ནང་བཞིན་རིགས་རྒྱུན་ཕྱི་མ་རྒྱུན་ཆད་པ་རེད་ཅེས་བསྒྲགས་ཐུབ་བམ།
སངས་རྒྱས་མྱ་ངན་ལས་འདས་བའི་སྐུ་འདྲ་བོད་ནང་གཏན་ནས་མི་བཞེངས་པ་ཡང་མིན་ཏེ། མཛད་པ་བཅུ་གཉིས་ཆ་ཚང་བཞེངས་ཕྱིན་དེ་ཡང་བཞེངས་དགོས་པའི་ཕྱིར། སྟོན་པའི་སྐུ་ཡར་བཞེང་ནས་ཡོད་ཡང་ལྷ་བབ་དུས་ཆེན་གྱི་འབྲི་སྐུ་དེ་མ་གཏོགས་ཕལ་ཤིན་ཏུ་ཉུང་ཡང་། འདིར་བོད་རྣམས་རྣམ་རྟོག་ཆེ་ཡང་འདིར་དེ་མི་བཞེངས་པའི་རྒྱུ་མཚན་རྣམ་རྟོག་མ་ཐུག་པར། སྟོན་པའི་སྐུ་བརྙན་གྱི་དགོས་མཁོ་ཐུག་པ་མིན་ནམ་སྙམ་ལགས།
ནམ་མཁའ་ལགས། བོད་ལ་སངས་རྒྱས་ཀྱི་སྐུ་འདྲ་ཐོག་མར་བཞེངས་སྲོལ་ནི་སྲོང་བཙན་གྱི་དུས་ཡིན་པར་ཐེ་ཚོམ་མི་འདུག ལྷ་ལྡན་གཙུག་ལག་ཁང་གི་དཀར་ཆག་ཏུ་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གི་ནང་རྟེན་ལ་སྟོན་པའི་སྐུ་བྲིས་འབུར་མང་པོ་བཞེངས་ཚུལ་གསལ་འདུག
ནམ་མཁའ་ལགས་ལ་ཁ་སང་དགོང་མོ་གང་བྱུང་ཚིག་ཙུབ་སྨྲས་པར་དགོངས་དག་ཞུ། སོ་སྐྱེ་རང་དགའ་བའི་རང་གཤིས་ཤིག་སྟེ། རང་རྒྱུད་ང་རྒྱལ་གྱིས་ག་ཚོད་ཁེངས་ཡོད་པའི་ཆ་ཙམ་ཞིག་ཕྱི་ལ་མངོན་པ་རེད། ང་རང་ལ་ཡང་དེའི་ངོ་ཆ་གསལ་པོ་ཞིག་འཕྲོས་སོང་བ་དེའི་རྐྱེན་ཁྱེད་ཀྱིས་བྱས་པས་ཁྱེད་ལ་དམིགས་གསལ་བཀྲིན་ཆེ་ཞུ།
ནམ་མཁའ་ལགས། སངས་རྒྱས་ཀྱི་བསྟན་པའི་གནས་ཚད་གླེང་སྲོལ་ལྔ་བརྒྱ་ཕྲག་བཅུ་དང་། ལྔ་བརྒྱ་ཕྲག་ལྔ། ལྔ་བརྒྱ་ཕྲག་གིས་སུ་འདོད་པ་སོགས་ཀྱི་བཤད་སྟངས་དེ་འདུལ་བའི་བསྟན་པ་གཞིར་བཞག་གིས་བཤད་པ་བདེན། ཡིན་ན་ཡང་བོད་དུ་བཙན་པོ་ཐོ་ཐོ་རིའི་དུས་སུ་བསྟན་པ་དར་བའི་དབུ་བརྙེས་པ་སོགས་ནི་འདུལ་བའི་བསྟན་པ་མིན། བོད་དུ་ཆོས་དར་བའི་ཐོག་མ་ལ་ཐེག་པ་ཆེན་པོ་གསང་སྔགས་བྱ་རྒྱུད་སོགས་རྒྱུད་སྡེ་འོག་མ་དག་ལས་མགོ་ཚུགས་ཡོད་འདུག དེ་ཡང་བོད་དུ་སྟོན་པ་མྱ་ངན་ལས་འདའ་བཞིན་པའི་སྐུ་བརྙན་བཞེངས་སྲོལ་མེད་པའི་རྒྱུ་མཚན་ལྟ་བུ་དེ་ཡིན་པར་ངེས། བོད་མིའི་མི་བཞེངས་པ་ལ་རྒྱུ་མཚན་ཞིག་ཡོད་པ་མ་གཏོགས་བོད་མི་རྣམ་རྟོག་ཆེ་བས་སྟོན་པ་འཆི་བཞིན་པ་ལ་ལྟ་འདོད་མེད་པ་སོགས་ནི་མིན།
ནམ་མཁའ་ལགས། བོད་མི་རབ་ཏུ་བྱུང་སྲོལ་ནི་བཙན་པོ་ཁྲི་སྲོང་གི་དུས་ནས་མགོ་ཚུགས་པ་རེད།
སྤྱིར་བཏང་ཡག་པོ་མི་འདུག་ཞུ་ག་ཐུབ། ཁམས་དང་མོས་པ་སོ་སོ་རེད། ཡིན་ནའང། གྲྭ་སའི་དགེ་བཤེས་གསེར་རི་འདྲ་བ་དག་གིས་གནད་དོན་གྱི་ཕྱི་ཤུན་པགས་པའི་རིགས་ལ་གླེང་སློང་བྱ་རྒྱུར་ཐུགས་མོས་གནང་གི་མ་རེད། དཔེར་ན། སྟོན་པ་དགུང་ལོ ༡༢ དང ༡༣ ག་ཚོད་ཡིན་ན་འདྲ་ལ། ཐ་ན་གཙུག་ལག་ཁང་གི་སྣང་བརྙན་དེ་ཁྲི་བཙུན་གྱིས་གདན་དྲངས་བ་དེ་མིན་ན་ཡང་གནད་འགག་ཅིག་མཐོང་གི་ཡོད་པ་མ་རེད། དེ་བཞིན། དགེ་ཆོས་ཀྱི་སྒྲོ་བཏགས་སེམས་ལ་དངོས་སུ་སྣང་བ་དེ། ད་ལྟ་དངོས་ཡོད་སེམས་ལ་ངོ་མར་སྣང་གི་ཡོད་ནའང། འདིའི་རིགས་འདི་ངས་བལྟས་ན་དེང་གི་བོད་རིག་པ་བ་ཟེར་བའི་སྐད་གྲགས་ཅན་དེ་ཚོར་ལས་ཀ་སྤྲད་ན་ཡག་གི་རེད། དགེ་བཤེས་གསེར་རི་འདྲ་བ་ཚོས་རབ་བྱུང་གི་ལུགས་སུ་བྱས་པའི་སྐུ་བརྙན་དེ་དགུང་ལོ་ག་ཚོད་ཡིན་མིན་ལ་རྩ་བ་ཉིད་ནས་ཞིབ་འཇུག་བྱ་ཡི་མ་རེད། བྱས་ཀྱང་ཕན་ཐོག་ཡོད་པར་གཟིགས་ཀྱི་མ་རེད། བོད་རིག་པ་བ་ཟེར་བ་ཚོས་འདི་འདྲ་བཙལ་ནས་ཕྱི་ཤུན་པགས་པའི་གླེང་སློང་བྱས་བསྡད་ཡོད་པ་རེད། བྱས་ཙང། ནམ་མཁས་ཀྱང་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་བའི་སྐད་ཆ་འདི་རིགས་ཐད་ཀར་བོད་རིག་པ་བ་ཟེར་བ་ཚོར་བསྐུར་བཞག་ན་ཡག་གི་རེད།
བོད་ཀྱི་པཎ་གྲུབ་དེ་ཚོའི་གནས་ཚད་ཎ་ལན་ཏྲའི་མགོན་པོ་ཀླུ་སྒྲུབ་སོགས་ཀྱི་དོ་ཟླ་མིན་ན་རྗེས་ལུས་མ་རེད་ཅེས་དེང་སང་ནང་པའི་མཁས་པ་ཡོངས་ཀྱིས་བཞེད་ཀྱི་ཡོད་པ་རེད། དེ་ཚོར་སྟོན་པའི་བསྟན་པ་ལག་མཐིལ་གྱི་རི་མོ་ལྟར་སོང་ཡོད་ན། མྱ་ངན་ལས་འདས་པའི་སྐུ་འདྲ་བཞེངས་རྒྱུར་རྣམ་རྟོག་ཅི་ལྟར་ལངས་པ་རེད། བོད་ཙམ་དུ་མ་ཟད། རྒྱ་ནག་ལའང་ཆོས་དར་སྲོལ་དང་ཆོས་ཀྱི་བྱེད་སྒོ་རྣམས་བླ་མའི་ངག་ལ་བརྟེན་ནས་ཐག་གཅོད་བྱུང་འདུག་ན། བོད་ལ་རྣམ་རྟོག་དེ་འདྲ་ཞིག་ཡོང་ཡོད་པའི་དབང་དུ་བཏང་ནའང། ཡོང་ཁུངས་ཅི་ལྟར་འཚོལ་གྱི་ཡིན། འཚོལ་གཞི་ཡོད་པ་མ་རེད། དེ་བས་ལས་ཀ་ཐོལ་བ་མ་བྱེད།
ལྷ་ས་ཇོ་བོ་སྐུ་ཡི་ཆེ་ཚད་དེ་་སངས་རྒྱས་དགུང་ལོ་བཅུ་གཉིས་ཀྱི་སྐབས་སུ་སྐུ་ཚད་ཆེ་ཆུང་ཅན་ཡིན་ཞེས་་་་སྔར་མཁས་པ་རྣམས་ཀྱི་གསུངས་པ་ལས་་་་་དེ་དགུང་ལོ་༡༢ཅན་གྱི་སངས་རྒྱས་སྐུ་འདྲ་ཡིན་པ་བཤད་པ་གང་ན་འདུག་གམ་་་་་འདྲེ་ཤར་སྒོ་་་དང་གླུད་ནུབ་སྒོ་ཡི་དཔྱད་པ་ལ་ཡི་རང་ག་ལ་བྱེད་་་་
མི་དགོས་ལྷ་སའི་ཇོ་བོ་དཔྱད་པ་དང་།།
དགོས་པའི་རང་གི་གནས་ལུགས་མི་དཔྱད་པ།།
དཔྱོད་པར་དཔྱད་པའི་གནས་སུ་མ་སོང་བ།།
དཔྱོད་པའི་ཚུལ་འདི་མཐོང་ནས་རྒོད་མོ་ཤོར།།
གང་ལྟར་འདིར་དྲ་གྲོགས་མང་པོས་གླེང་མོལ་ལྷུག་པོར་བྱས་སོང་བས་ཁྱེད་ཅག་ཡོངས་ལ་ཐུགས་རྗེ་ཆེ།
འདིར་རེ་རེ་བྱས་ནས་ལན་འདེབས་འབུལ་ཐུབ་ཀྱི་མི་འདུག་པས་དགོངས་འགལ་མེད་པར་ཞུ། མདོར་བསྡུས་ན།བོད་ལ་གསང་སྔགས་ཀྱི་བསྟན་པ་ནས་སངས་རྒྱས་ཀྱི་བསྟན་པ་དར་བ་འགོ་བཙུགས་སྟབས།བོད་ལ་སངས་རྒྱས་མྱ་ངན་ལས་འདས་བའི་སྐུ་འདྲ་བཞེངས་སྲོལ་མེད་པ་འདི་གཏན་ཚིགས་ཀྱི་སྒོ་ནས་བཤད་ན་གཞུང་ལུགས་དང་མཐུན་པ་ཞིག་རེད། གལ་སྲིད་བོད་ལ་ཉན་ཐོས་ཐེག་པའི་འདུལ་བའི་སྡེ་སྣོད་ནས་འགོ་བཙུགས་ཡོད་ཚེ་མྱ་ངན་ལས་འདས་བའི་སྐུ་འདྲ་བཞེངས་སྲོལ་དར་ཡོད་ངེས་རེད་སྙམ། ཡང་དྲི་བ་གཞན་ཞིག་ཡོད་པ་ནི།བོད་ལ་ཐོག་མར་སྟོན་པའི་སྐུ་བརྙན་དེ་ཇོ་ཁང་གི་ཤྰཀྱ་ཐུབ་པའི་སྐུ་འདྲ་གྲགས་ཚུལ་ལ་རྒྱ་ནང་ནས་གདན་འདྲེན་གནང་བ་དེ་དང་པོ་ཡིན་ནམ། གང་ལྟར་རི་མོའི་གཞུང་ལུགས་རྒྱ་ཆེན་པོ་དང་དེའི་རྒྱབ་ལྗོངས་སོགས་མང་པོ་ཞིག་གླེངས་སློང་བྱས་སོང་བས་ཤིན་ཏུ་དགའ།བོད་ལ་ཐོག་མར་རི་མོ་འབྲི་ལུགས་འདི་ལྡེབས་བྲིས་ནས་འགོ་བཙུགས་པ་ཡིན་ནམ།འདི་ནི་ངའི་གོང་གི་དོག་པ་ལ་འབྲེལ་བ་ཤུགས་ཆེན་ཞིག་མེད།ཞོར་འཕྲོས་ཙམ་ཡིན།
གང་ལྟར་དྲ་མཆན་པ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཞོར་དུ་ངའི་དྲ་གྲོགས་རྙིང་པ་ཐུ་བ་རྒྱ་མཚོ་ལ་དགོད་གཏམ་ཞིག་ནི།ཨ་རོ་ཁྱེད་ཀྱིས་སྐད་ཆ་བཙན་པོ་ཞིག་གསུངས་འདུག་མོད།གཟབ་གཟབ་བྱས་མ་གཏོགས་ཧཧཧཧ
ཡང་གཅིག་ཞུ་ན། རྒན་འཇམ་དཔལ་ལགས། ཁྱེད་དྲྭ་ནང་དུ་མཉམ་ཞུགས་ཀྱིས་ང་ཚོར་ཁ་ཡ་གནང་དུས་སེམས་ནང་སྤྲོ་བ་དང་སྤོབས་པ་དང་སེམས་ཤུགས་རྣམས་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་རྒྱས་ཀྱིན་འདུག་པས། ཁྱེད་ལྟ་བུ་ང་ཚོའི་ཁྱིམ་ཚང་འདི་དང་ནམ་ཡང་ཁ་མ་བྲལ་བའི་སྨོན་ལམ་འདེབས་སོ།། ཁྱེད་བར་སྐབས་གནས་མཇལ་ལ་ཕེབས་སྐབས། གུས་པས། རྗེ་བླ་མའི་རྩོམ་གྱི་ཆེ་བ་མདོ་ཙམ་གླེང་བ། ཞེས་པ་ཞིག་དྲྭ་བྱང་ http://www.khabdha.org/?p=35024 འདིའི་ནང་སྤེལ་ཡོད་ཀྱང་། དེ་དུས་རྒན་ལགས་བཞུགས་མེད་སྟབས་བགྲོ་གླེང་ཆ་མ་ཚང་བའམ། ཡང་ན་རྒན་ལགས་ལ་ཏན་ཏན་དམིགས་བསལ་ཞིག་གསུང་རྒྱུ་ཡོད་ཐག་ཆོད་རེད་སྙམ་དྲན་བཞིན་མཆིས་ལགས་ན། ཉིད་ནས་དགེ་སྐྱོན་ཡོ་སྲང་དང་། ད་དུང་གཤམ་མཆན་པ་འགའ་དང་གུས་པས་བགྲོ་གླེང་ཡང་རིམ་པར་བྱས་ཡོད་པས་དེ་དག་ལ་སྤྱན་རས་འཁྱུག་ཙམ་གཡོ་བ་ནས་དགོངས་འཆར་ལྷུག་སྩོལ་བཀྲིན་ཆེ་བར་ཞུ། གུས་པས་གོང་འཁོད་དྲྭ་བྱང་གི་མཆན་གཤམ་དེར་སྒུག་བཞིན་ཡོད་ན་རྒན་ལགས་ཀྱིས་གཙོས་མཆེད་གྲོགས་རྣམ་པ་ལན་གཅིག་བྱོན་པར་ཞུ།
དུས་བབ་ལས།
གསར་འགོད་པ། ཚེ་རིང་རྒྱལ་གྱི། དྲི་བ། བོད་པའི་སྲོལ་རྒྱུན་ལྷ་བྲིས་ལ་བྲིས་རྒྱུན་འདྲ་མིན་སྣ་ཚོགས་ཤིག་ཡོད་འདུག ཁྱེད་རང་གི་བྲིས་རྒྱུན་གྱི་ཁུངས་གཙོ་བོ་གང་ཡིན་ནམ།
ལྷ་བྲིས་པ་སྐལ་བཟང་དོན་གྲུབ་ལགས་ཀྱི། ལན། བོད་ཀྱི་ལྷ་བྲིས་རི་མོ་བྲིས་རྒྱུན་བྱུང་སྟངས་ཀྱི་ཐད་ནས། གཡུང་དྲུང་བོན་གྱི་བཤད་སྟངས་ལྟར་ན་ལོ་ ༣༩༠༠ ཡར་སྔོན་ནས། བོན་སྟོན་གཤེན་རབས་མི་བོ་ཆེ་ཡིས་བོན་ལུགས་ལྷ་བྲིས་སྒྱུ་རྩལ་དར་སྤེལ་མཛད་ཡོད་པར་བརྗོད། གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་བོ་ཐོག་མ་རུ་བརྩི་སྟངས་ཀྱི་ལུགས་ལྟར་ན། ཆོས་རྒྱལ་སྲོང་བཙན་སྒམ་པའི་སྐབས་སུ་ཕོ་བྲང་དམར་པོ་གཙོ་བྱས་པའི་མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་མང་པོ་བཞེངས་ཡོད་པ་ལྟར། ལྷ་ཁང་མང་པོ་བཞེངས་པ་ལ་ངེས་པར་དུ་ལྷ་བྲིས་དགོས་སྟབས། བལ་ཡུལ་དང་རྒྱ་ནག་སོགས་ཀྱི་ལྷ་བྲིས་གདན་དྲངས་ཏེ་མཉམ་རུབ་ཐོག་ལྷ་བྲིས་པའི་སྐོར་གྱི་བཤད་རྒྱུན་འདུག རྒྱལ་བོ་ཁྲི་སྲོང་ལྡེ་བཙུན་གྱི་སྐབས་སུ་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་གྱི་གཞི་དངོས་སུ་ཚུགས་ཡོད་འདུག དེའང་མཁན་སློབ་ཆོས་གསུམ་གདན་འཛོམས་ཐོག་བསམ་ཡས་མི་འགྱུར་གཙུག་ལག་ཁང་བཞེངས་གྲུབ་རྗེས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙུན་གྱིས་མཁན་ཆེན་བྷོ་དྷི་སྭ་ཏོ་ལ་ཐུགས་མོལ་གནང་པ་ལྟར། ཀུ་སྟག་ཚས་དང་རྨ་ས་ཀོང་། ལྕག་རོ་བཟའ་ལྷ་བུ། ལྕག་རོ་བཟའ་ནུ་ཆུང་སོགས་བོད་མི་རང་གི་ཉམས་འགྱུར་གཞིར་བཟུང་བའི་ཐོག་ནས། ལྷ་བྲིས་ཀྱི་ཐིག་རྩ་ནི་ཤཱ་རུའི་བུས་ཞུས་པའི་མདོ་དང་དེའི་རྒྱ་འགྲེལ་ལ་སོགས་པར་ཁུངས་གཏུགས་ཏེ། ལྷ་བྲིས་སྒྱུ་རྩལ་བ་རྒྱལ་ཚབ་བུ་ཅན་ལགས་ཀྱིས་བོད་དུ་ཞི་ཁྲོ་གཉིས་ལྡན་གྱི་ལྷ་བྲིས་རི་མོའི་སྲོལ་ཐོག་མར་སྤེལ་འདུག བྲིས་རྒྱུན་དེ་ལ་བལ་རིས་ཞེས་བརྗོད་ཀྱིན་འདུག དུས་རབས་བཅུ་གསུམ་པའི་ནང་བོད་ཀྱི་རི་མོ་མཁས་ཅན་བྱིའུ་སྒང་པས་རང་ལུགས་ཀྱི་བྲིས་རྒྱུན་བྱིའུ་སྒང་ལུགས་གསར་གཏོད་མཛད། དུས་རབས་བཅུ་བཞི་པའི་ནང་བྱིའུ་སྒང་ལུགས་ཀྱི་བྲིས་རྒྱུན་འཛིན་པ་རྡོ་བ་བཀྲ་ཤིས་རྒྱལ་བོ་ལགས་སུ། རང་ཉིད་ལས་ཀྱང་མཁས་པའི་ལྷ་བྲིས་དགེ་ཕྲུག་སྨན་གླིང་དོན་གྲུབ་རྒྱ་མཚོ་དང་མཁྱེན་རྩེ་ཆེན་མོ་གཉིམ་བྱུང་སྟེ། ཁོང་གཉིས་ཀྱིས་སོ་སོས་གསར་གཏོད་ཀྱི་རྣམ་པ་ལ་བརྟེན་ནས་སྨན་གླིང་ལུགས་དང་མཁྱེན་རྩེ་ལུགས་གཉིས་གསར་དུ་བཏོད་འདུག དུས་རབས་བཅུ་དྲུག་པའི་ནང་སྨན་བྲིས་ལུགས་ལ་མཁས་པའི་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་བྱུང་འདུག ཁོང་གིས་ཟུར་དུ་ཀརྨ་མ་སྒར་བྲིས་ཀྱི་ལུགས་གསར་གཏོད་མཛད་འདུག དེ་ལྟར་བོད་དུ་བྱིའུ་སྒང་ལུགས་དང་། སྨན་བྲིས། མཁྱེན་བྲིས། ཀརྨ་སྒར་བྲིས་བཅས་ལྷ་བྲིས་རྒྱུད་པ་བཞི་བྱུང་ཡོད་པ་རེད། དེ་རྗེས་དུས་རབས་བཅུ་བདུན་པའི་ནང་ཁམས་བྲག་མགོ་རུ་སྨན་བྲིས་ཀྱི་ལུགས་འཛིན་པ་སྤྲུལ་བའི་ལྷ་བཟོ་ནམ་མཁའ་རྒྱན་ཞེས་སྙན་གྲགས་ཅན་ཞིག་བྱུང་འདུག ཁོང་གིས་མཐོང་སྒྲིབ་ཀྱི་རིག་པ་སྤྱད་དེ་སྨན་བྲིས་ལ་སྔར་མེད་ཀྱི་གསོན་ཉམས་ཕུན་སུམ་ཚོགས་པ་སྣན་ཡོད་པ་རེད། ཁོང་ནས་བརྒྱུད་པའི་མི་རབས་དྲུག་གི་རྗེས་སུ། བྲིས་རྒྱུན་དེ་འཛིན་མཁན་ལྷ་བྲིས་དགེ་རྒན་སངས་རྒྱས་ཡེ་ཤེས་ལགས་བྱོན་འདུག ཁོང་གི་མདུན་ནས་ང་རང་ལ་ལྷ་བྲིས་ཐིག་རྩ་དང་བཅས་པའི་བྲིས་རྒྱུན་གང་འཚམ་ཡག་པོ་ཞིག་ཐོབ་ཡོད། དེ་ལྟར་ང་རང་གི་བྲིས་རྒྱུན་སྨན་བྲིས་ཡིན།
ཕྲན་གྱིས་གོ་ནོར་ཐེབས་མེད་ན།དྲ་གྲོགས་སྐོར་ཞིག་གིས་རི་མོའི་སྒྱུ་རྩལ་འདི་གཞུང་ལུགས་ཆེན་པོ་མ་ཡིན་པར་འདོད་འདུག་པས།འདིར་ཞུ་རྒྱུ་ཞིག་ལ། རི་མོའི་སྒྱུ་རྩལ་འདི་བོད་ཀྱི་རིག་གནས་ནང་ཚན་གྱི་བཟོ་རིག་པའི་ཁོངས་སུ་གཏོགས་ལ། སངས་རྒྱས་རང་ཉིད་ཀྱིས་གསུངས་བའི༼ཤྰ་རའི་བུས་ཞུས་བའི་མདོ།དུས་འཁོར་རྩ་རྒྱུད། བདེ་མཆོག་སྡོམ་འབྱུང་སོགས་སུ་སྐུ་རྟེན་བཞེངས་ཚུལ་གྱི་ཆ་ཚད་མང་དུ་གསུངས་ཡོད་པ་དང་བོད་རང་དུ་ཏྰ་ལའི་བླ་མ་སྐུ་ཕྲེང་དང་བོ་དགེ་འདུན་གྲུབ་དང་དུས་ཐོག་མཉམ་པའི་ལྷ་བཟོ་མཁས་པ་སྨན་བླ་དོན་འགྲུབ་དང་ཁ་བ་དཔལ་ལྡན་བློ་གྲོས་གཉིས་ཀྱིས་མཛད་པའི་༼ལྷ་སྐུའི་ཕྱག་ཚད༽སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི༼་བེེཊྰིརྱ་གཡའ་སེལ༽རོང་མཐའ་བློ་བཟང་དམ་ཆོས་ཀྱིས་མཛད་པའི་༼བཟོ་རིག་པའི་རྣམ་བཤད༽སོགས་མང་དུ་ཡོད་པས་དེ་དག་ལ་དམིགས་ཡུལ་ཆེན་པོ་རེ་ཡོད་ངེས། དེ་བཞིན་དགོངས་འཇགས་འཚལ།
དབྱངས་ཅན་འབངས་ལེགས། ཁྱེད་དབྱངས་ཅན་འབངས་སུ་ཡོད་པ་ངོ་མཚར་ཆེ། ད་དུང་ལོ་ཤས་རིང་དེ་ལྟར་མཛད་ན། རྗེ་ཙོང་ཁ་པ་དང་། དགེ་ཆོས་ལ་སོགས་པ་ལྟར་བོད་ཀྱི་དབྱངས་ཅན་དངོས་སུ་རོལ་ངེས། ཁྱེད་རྐྱེན་གྱིས་གཞན་མཁས་པ་མང་པོ་ཡང་བོད་དབྱངས་ཅན་གྱི་ཞལ་ལྟ་བ་ལ་ང་ཡང་ཡོད། ང་ཡང་ཡོད། ང་ཡང་ཡོད། ཅེས་པ་མང་བས། བློ་གྲོས་ཀྱི་གྲུ་དང་། བརྩོན་འགྲུས་ཀྱི་མཉན་པ་ཟུང་གིས་བོད་ཀྱི་དབྱངས་ཅན་གྱི་རྒྱ་མཚོ་ཆེན་པོར་འཇུག་ཐུབ་པ་ཐག་ཆོད་ལགས། ད་ལྟ་རྒྱུགས་སྤྲོད་ལ་ཉིན་ཁ་ཤས་འདུག དེ་ནས་རྒྱུགས་དཔེ་རྣམས་ཀློག་པ་སོགས་ལས་འབྲེལ་ཆེ། ཡུལ་གཞན་དུ་འགྲུལ་ཞུད་ཀྱིས་དྲ་གྲོགས་རྣམས་ཀྱི་རྩོམ་ཡིག་དང་མཆན་ཡིག་རྣམས་ཀློག་ལོང་འོང་མིན་མི་ཤེས་ལགས། དགེ་ཆོས་སོགས་ཀྱིས་དུས་འདིར་ཡང་གཙོ་བོ་བོད་སྔ་རབས་པའི་སྐད་དེ་བཀོལ་བར་སྣང་། བོད་སྔ་རབས་པའི་སྐད་བོད་ཀྱི་གྲོང་ཡུལ་དག་ན་ད་ལྟ་ཡང་ཡོད་ངེས། མདོ་སྡེ་ལས་བརྒྱ་པ་ན། ཐེ་རེལ་ཟ་མཁན། ཞེས་པ་ལ་དྭགས་པ་སློབ་སྦྱོང་མེད་པ་ཞིག་གིས་ཀྱང་གོ་ཐུབ། སྔོན་བོད་གཞུང་གི་ཡི་གེ་མཁས་པ་ཞིག་ལ་ལ་དྭགས་ལ་དབྱུག་པ་ལ་འཕང་ཟེར། བོད་ལྷ་སར་ཟེར་རམ་བྱས་པས། མི་ཟེར་རོ། ཞེས་ཐོས། དེ་ནས་༡༩༨༧ལོར་དགའ་ལྡན་འབྲོག་ཏུ་སངས་སྒྱེ་མོ་གང་ཉོས་པས། སངས་ཚོང་མ་འབྲོག་པའི་བུ་མོས། སངས་ཀྱི་སྒྱེ་མོ་དེ་རླངས་འཁོར་ནང་ལ་འཕང་ངམ། ཟེར་སོང་།
བོད་ཀྱི་མཁས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་པས། སྔ་རབས་པའི་སྒྲ་སྒྱུར་པ་ཀུན་ས་ཐོབ་པའི་སྤྲུལ་པའི་སྐུར་འཛིན་མཛད་ཀྱང་། བདག་གི་བསམ་པར་དེ་དུས་ཀྱི་སྒྲ་སྒྱུར་པ་ཀུན་བོད་སྐད་ལ་མངའ་བརྙེས་པ་་ཡིན་པས་གོ་སླ་བར་སེམས། བདག་གིས་མཐོང་སྟངས་ལ་དིང་སང་བྲིས་པའི་སྒྲུང་དཔེ་ཞིག་དང་། སྔ་རབས་ཀྱི་དུས་སུ་བྲིས་པའི་བཀའ་འགྱུར་ན་ཡོད་པའི་སྒྲུང་དཔེ་ཞིག་ལ་བལྟ་ན། སྔ་མ་ལས་ཕྱི་མ་དེ་ཆེས་སླ་བ་ཞིག་ཏུ་མཐོང་། དེས་ན་ཁྱེད་སྙན་དངགས་མཁན་རྣམས་ཀྱིས་བོད་སྐད་ལ་མངའ་བརྙེས་པ་བྱས་ཏེ། རྗེ་ཙོང་ཁ་པ་དང་། དགེ་ཆོས་སོགས་ཀྱིས་མཛད་པའི་རྗེས་སུ་འབྲང་བ་་གལ་ཆེ་བར་མཐོང་། ཞེས་སོ།།
མེ་ཏོག་དཀར་པོ་ལེགས།
གང་བློ་མ་ན། སྒྲོགས་དང་སྒྲོག་གཉི་ག་ཡོད་ཀྱང་། སྔ་མ་དེའི་སྐོར་ལ་དྲིས་པ་དང་། ཕྱི་མ་དེ་གཏང་སྙོམས་སུ་བཞག་དགོས་པ་དེ་ཅི་ཡིན་ནམ། ལ།
དྲྭ་གྲོགས་ཡོངས་ལ་འདི་འདྲ་ཞིག་ཞུ།
རིག་གཞུང་གི་དོ་ར་འདི་ན།།
གཤིས་རྒྱུད་ལ་རྣམ་དཔྱོད་འབར་བས།།
ལེགས་བཤད་ཀྱི་དུ་བ་སྔོ་ཐུལ།།
ཨེ་མ་ལ་སྣང་བ་དྲོད་པ།།
རྒན་ལེ། ཕྱག་འཚལ། སྔ་མ་ལ་དོགས་པ་ཡོད་ལ་ཕྱི་མ་ནི་དག་གོ་སྙམ་མོ།།
མེ་ཏོག་པདྨ་དཀར་པོ་ལེགས། ཁྱེད་ཀྱིས་དཔེ་དག་པ་ཞིག་གཟིགས་འདུག དེ་ཉིད་ཤིན་ཏུ་དག དིང་སང་ཁ་ནས་མ་འཐོན་པས། ཐམས་ཅད་ཡོད་པར་སྨྲ་བའི་སློབ་དཔོན་བཞིའི་ནང་གི་བཙུན་པ་དབྱངས་སྒྲོགས། དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན། དབུས་སྤར་ཤོག་གྲངས་ ༡༠༤བ་ན། ཡོད་པ་ལ་ཡང་དབྱངས་སྒྲོག ཅེས་བྲིས་ཏེ། བཀའ་བསྟན་གསུང་འབུམ་དག་གི་ཡི་གེའི་དག་ཆ་མེད་པར་གཏོང་བ་ཐག་ཆོད། ཅེས་སོ།
རྩེ་བློ་བཟང་བཀྲ་ཤིས་ཀྱིས་གསུངས་པ་བདེན་པ་རེད།
སྟོན་པའི་གསུང་དོན་ངོ་མ་སྟེ་མར་ཁུ་འདྲ་བ་འདིའི་གནས་རྣམས་ངོ་ཇི་ཡིན་མི་ཤེས་པ་ཕར་ཙམ་བཞགས་ནས་ཆུང་ཚགས་ཀྱི་ཆ་ལུགས་དང་བྲིས་ཚུལ་སོགས་གལ་ཆེན་བརྩི་བ་འདི་ནི་བོད་ཀྱི་འཇིག་རྟེན་ཕལ་པས་ཞིབ་འཇུག་བྱེད་སྟངས་ཤིག་རེད། དཔེར་ན། བོད་ཀྱི་གྲུབ་མཐའ་ཆེ་ཁག་གི་ལྟ་གྲུབ་ངོ་མ་རྣམས་ཇི་ཡིན་མ་ཤེས་པ་ཞྭ་མོ་དང་གྱོན་པ་ཁོ་ནས་ཁྱད་པ་འབྱེད་མཁན་འདི་ཚོ་གྲས་དང་རེད། གདན་སའི་དགེ་བཤེས་རྣམས་ནི་སྟོན་པའི་གསུང་གི་བདུད་རྩི་ཆོས་ཀུན་རྣམ་རྟོག་ཙམ་དང་ཐ་སྙེད་ཙམ་གྱིས་འཇོག་ལུགས་ཤེས་པས་སངས་རྒྱས་པ་དང་མྱ་ངན་ལས་འདས་པ་གཉིས་རྟོག་པས་བརྟགས་པ་ཙམ་ལས་ངེས་དོན་ལ་མཉམ་པ་ཉིད་ལས་མ་འདས་པ་ཡིན་ཡོངས་གྲགས་ཡིན་པས་དེ་ལ་བོད་པ་རྣམས་རྣམ་རྟོག་ཆེ་བས་མྱ་ངན་ལས་འདའ་བའི་སྐུ་འདྲ་མེད་པ་ག་ནས་ཡིན།
ནམ་མཁས་བོད་པ་རྣམས་རྣམ་རྟོག་ཆེ་བས་མྱ་ངན་ལས་འདའ་བའི་སྐུ་འདྲ་བཞེངས་མེད་པ་འདྲ་ཞེས་ཐེ་ཚོམ་གྱི་བློ་ཞིག་གིས་བྲིས་འདུག་ན། དྲིས་ལན་ཁ་གསལ་བོ་བྱས་དང་། ཉ་ཉོག་ལུང་བ་གང་དྲུད་ནས་ཡོང་ན་རྒྱུ་མཚན་དང་གནས་ལུགས་ལ་བསམ་ཐུབ་ས་མ་རེད། མི་ལོ་སྟོང་ཕྲག་གི་རིང་ལ་རང་ཅག་གི་སྟོན་པ་ཐུགས་རྗེ་ཅན་གླེང་། རང་སྟོན་པའི་ཞབས་ལ་དད་ནས་ཡོང་མཁན་དག་གིས་དྲི་བ་འདི་ཙམ་ལ་ཡང་ལན་འདེབས་མ་ཐུབ་ན། དངོས་ནས་བློ་ཕམ་པོ་རེད།
རྩེ་བློ་བཟང་བཀྲ་ཤིས་ཡང་དགེ་བཤེས་ཀྱི་མཚན་ཞིག་ཡོད་པ་འདྲ་མོད།འོན་ཀྱང་ཁོས་གསུངས་པ་ལྟར་ཕྱི་ཤུན་གྱི་པགས་པ་རིགས་ལ་ཐུགས་མོས་མི་གནང་ཞེས་བཤད་ཀྱང་།དོན་ལ་ལན་ཞིག་མ་ཐེབས་པའི་རྟགས་ཞིག་རེད།
ནང་ཤུན་ལ་མཁས་མདོག་བསྟན་གྱི་འདུག་ཡང་ཕྱི་ཤུན་འདི་ཙམ་ལ་འགྲེལ་བཤད་གསལ་བོ་གསུངས་ཐུབ་ཀྱི་མེད་སྟངས་ལ་གཞིགས་ན་ནང་ཤུན་དེ་བས་ཀྱང་ཤེས་མདོག་ཁ་བོ་མ་རེད་དྲན་སོང་།གལ་སྲིད་ཕྱི་ཤུན་འདི་ལ་ལན་གསལ་བོ་ཞིག་འདེབས་ཐུབ་ཚེ་ལན་མི་འདེབས་པའི་དགེ་བཤེས་ཞིག་མིན་པ་ཐག་གིས་ཆོད།གང་གིས་ཁོང་ཁྲོ་དང་ང་རྒྱལ་གྱི་རྫིང་བུ་ཞིག་རེད།གལ་སྲིད་ལན་གསལ་བོ་འདེབས་ཤེས་ཚེ་གསུངས་དང་ང་ལྟ་བུ་དང་ནམ་མཁའ་ལྟ་བུ་ལ་ཕན་ཐོག་ཆེན་པོ་འདུག་ཐུགས་རྗེ་ཆེ།