སྐྱོ་བྲག་དགའ་དབང་།
སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་འདི་རུ་ཐོག་མར་མཚན་དཔེའི་དཀྱིལ་འཁོར་གསལ་བའི་དུས་མཆོད་འཕགས་ཡུལ་དུ་སྔོན་ནས་ཡོད་ཅིང་། དེང་གི་དུས་སུ་གནམ་བདག་ཆོས་ལུགས་པ་ཚོའི་བྱ་སྲོལ་ལྟར་ང་ཚོས་ཀྱང་སྟོན་པའི་འཁྲུངས་སྐར་ཤིས་ཤོག་ཕན་ཚུན་འབུལ་བའི་ལམ་ལུགས་བཟུང་ནའང་དགེ་ཕན་ཡོད་པ་སྨོས་མ་དགོས། རེ་ཞིག་འཁྲུངས་ཚེས་གང་ཡིན་ངེས་གཏན་ཐུབ་དགོས་པ་ནི་གཞི་རྩའི་གནད་དོན་ཡིན་ནའང་། མཁས་པ་རྣམས་ལ་སངས་རྒྱས་ཀྱི་འཁྲུངས་ཚེས་གང་ཡིན་ཐད་བཞེད་ཚུལ་སྣ་ཚོགས་ཤིག་ཡོད་པར་འདུག་སྟེ།
སྐྱོ་བྲག་དགའ་དབང་མཆོག་གིས་བདག་ཅག་གི་སྙོན་པ་མཉམ་མེད་ཟས་གཙང་སྲས་སྐུ་འཁྲུངས་པའི་སྐོར་ལ་ཚོལ་སྒྲུབ་གཞུང་དུ་མ་ལས་བཏུས་པ་དང་། ལྷག་པར་དུ་བོད་ཀྱི་སྐད་ལེགས་པ་ཞིག་ཏུ་བྲིས་པ་བོད་སྐད་སྦྱོང་མཁན་བདག་ལྟ་བུ་རྣམས་ཀྱི་མིག་དཔེར་འོས་པ་ཞིག་ཏུ་མཆིས་པས་མཁས་དབང་ཁོང་ལ་བཀྲ་ཤིས་བདེ་ལེགས། བདག་སོགས་འགྲོ་བ་ཡོངས་ལ་སངས་རྒྱས་ཀྱི་བྱིན་རླབས་འཇུག་པར་གྱུར་ཅིག ཅེས་སྨོན་པ་དང་། ཞར་དུ། ས་ག་ཞེས་པའི་སྒྲ་ལ་དཔྱད་པར་བྱ་སྟེ། སྔོན་དུ། ས་ག ཞེས་པ་མང་དུ་ཐོས་ཀྱང་། སྒྲ་འདི་ཇི་ལྟར་བྱུང་། བོད་རང་དུ་བུང་བ་ཞིག་གམ། ཡང་ན། ལེགས་སྦྱར་སྒྲ། བི་ཤཱ་ཁ ཞེས་པ་ཟུར་ཆག་སྟེ། བོད་སྐད་དུ། ས་ག ཞེས་པ་བྱུང་སྙམ་པ་ཞིག་ཉེ་དུས་དེ་འདྲའི་སྣང་བ་སྐྱེས་སོ།།
ས་ལུག་ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔ་ལ་བཅོམ་ལྡན་ཤཀྱཱ་ཐུབ་པ་ལྷུམ་དུ་ཞུགས་ནས། ཟླ་བ་དགུ་དང་ཞག་ཉེར་གཉིས་འདས་པའི། ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་སྐུ་བལྟམས། དགུང་ལོ་ཉེར་དགུ་ལ་བཙུན་མོའི་འཁོར་བརྒྱད་ཁྲི་རྒྱལ་སྲིད་དང་བཅས་པ་སྤངས་ཏེ་རབ་བྱུང་མཛད་ནས་ལོ་དྲུག་དཀའ་བ་སྤྱད་པས། ཤིང་རྟ་ལོར་རྡོ་རྗེ་གདན་དུ་མངོན་པར་རྫོགས་སངས་རྒྱས། དེ་དང་ལྷན་གཅིག་ཟླ་བ་ཡང་སྒྲ་གཅན་གྱིས་བཟུང་ཞིང། གོང་དུ་ཐུབ་པ་རབ་ཏུ་བྱུང་བའི་དུས་སུ། ཤཀྱཱའི་བུ་མོ་གྲངས་འཛིན་མ་ལ་སྲས་ཞིག་བྱིན་གྱིས་བརླབས་པ་ཡང་ལོ་དྲུག་དུ་མངལ་དུ་ཞུགས་པ་བལྟམས་ནས། སྲས་ཀྱི་མིང་དུ་སྒྲ་གཅན་འཛིན་དུ་བཏགས། དེ་ནས་ཞག་བདུན་ཕྲག་བདུན་དུ་ཆོས་མི་གསུང་བའི་ཚུལ་དུ་བཞུགས་པ་ལ་ལྷ་ཚངས་པས་བསྐུལ་ཏེ། འཁོར་ལྔ་སྡེ་བཟང་པོ་ལ་བཀའ་དང་པོ་བདེན་བཞིའི་ཆོས་གསུངས་པ་ནས་བཟུང་སྟེ་ཆོས་འཁོར་རིམ་ཅན་དུ་བསྐོར། དགུང་ལོ་བརྒྱད་ཅུ་གྱ་གཅིག་གི་ལྕགས་འབྲུག་ས་གའི་ཉ་ལ་སྐུ་མྱ་ངན་ལས་འདས་སོ།
འདི་ནི་ཕུག་པའི་པད་དཀར་ཞལ་ལུང་གཙོར་བྱས་པ་ཡིན།
སྤྱིར་སྟངས་ཤཀྱཱ་ཐུབ་པའི་སྐུ་འཁྲུངས་པའི་ཟླ་དུས་སོགས་ལ་མི་མཐུན་ཤིན་ཏུ་མང་བ་སྟེ།
༡༽ པད་དཀར་ཞལ་ལུང། གོང་གསལ་བཞིན་ནོ།
༢༽ ས་སྐྱ་པནཌི་ཏས་མེ་ཡོས་ས་ག་ཟླ་བའི་ཉ་ལ་ལྷུམ་དུ་ཞུགས། ས་འབྲུག་དབོ་ཟླའི་ཚེས་བཅུ་ལ་སྐུ་བལྟམས། དགུང་ལོ་བརྒྱད་ཅུ་མེ་ཕག་ལ་མྱ་ངན་ལས་འདས།
༣༽ གཏེར་མར་གྲགས་པའི་བཀའ་ཐང་ཤེལ་བྲག་མ་ལས། ཤིང་བྱི་ལ་སྐུ་བལྟམས། དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་ཏེ་ཤིང་བྱ་ལ་མྱ་ངན་ལས་འདས།
༤༽ ཇོ་བོ་རྗེས་ཤིང་གླང་ལ་སྐུ་བལྟམས། བརྒྱད་ཅུ་བཞེས་པའི་ཤིང་སྤྲེལ་ལ་མྱ་ངན་ལས་འདས་པར་བཤད།
༥༽ ཇོ་བོ་རྗེའི་རྗེས་འབྲེང་ཡིན་ཟེར་བ་འགའ་ཞིག་གིས་ས་གླང་ལ་སྐུ་བལྟམས། ས་སྤྲེལ་ལ་མྱ་ངན་ལས་འདས་པར་བཤད།
༦༽ དུས་འཁོར་བའི་རྗེས་འབྲེང་ཁ་ཅིག་གིས་མེ་རྟ་ས་ག་ཟླ་བའི་ཉར་ལྷུམ་དུ་ཞུགས་ནས། ཟླ་ལྷག་དང་བཅས་པས་ཟླ་ཚང་བའི་མཆུ་ཡི་ཉ་ལ་སྐུ་བལྟམས། ལོ་ངོ་བརྒྱད་ཅུ་གྱ་གཉིས་ལོན་པའི་མེ་ཡོས་ལ་སྐུ་མྱ་ངན་ལས་འདས་པར་བཤད།
༧༽ ཁ་ཆེ་པཎ་ཆེན་གྱིས་མེ་སྦྲུལ་ལོར་མྱ་ངན་ལས་འདས་པར་བཤད།
མདོར་ན་མི་རེའི་འཁྲུངས་ལུགས་མི་འདྲ་བ་རེ་བཤད་པར་མཐོང་བས། སྐུ་ཡི་འཁྲུངས་ཚེ་ཀྱི་དུས་སྟོན་བརྩི་དགོས་ན་དང་པོ་འདི་དག་གི་ནང་ནས་གང་ཞིག་ལ་ཆ་འཇོག་བདེན་པའི་ངོས་འཛིན་ཞུ་རྒྱུ་ཡིན་ནམ། ཤོག་བྱང་བཟོ་རྒྱུ་ལས་སླ། ལས་ཁུང་དགོངས་གསེང་གཏོང་རྒྱུའང་ལས་སླ། ལྷག་པར་དུ་བོད་དམངས་གཙོར་བསྒྱུར་ཟིན་དུས། དམངས་སྤྱི་ལ་ཁྱབ་པའི་དུས་ཆེན་དང་ལས་ཁུང་དགོངས་གསེང་གཏོང་དགོས་པ་ལས། ཆོས་ལུགས་ཆོས་རྒྱུད་རེའི་སྟོན་པ་དང་སྐྱེས་ཆེན་འཁྲུངས་ཚེས་ཀུན་ལ་དགོངས་གསེང་གཏོང་དགོས་ན། ལོ་གསར་བཅུ་གསུམ་མི་ཡོང་བའི་ངེས་པའང་མེད། དེ་ནས་ཆོས་རྒྱུད་སོ་སོའི་ཆོས་རྒྱུད་གསར་བཏོད་གནང་མཁན་དེ་ལའང་དགོངས་གསེང་གཏོང་དགོས་པ་ཆགས་སྲིད། ལྷག་པར་དུ་བོད་མིའི་དམངས་ཀྱི་ནང་དུ་ཆོས་བྱེད་མཁན་ཡོད་ལ། ཆོས་མི་བྱེད་མཁན་ཀྱང་ཡོད། ནང་པ་ཡིན་མཁན་ཡོད་ལ་མིན་མཁན་ཀྱང་ཡོད།
འཁྲུངས་ཚེས་ས་གའི་ཚེས་༧ ས་གའི་ཚེས་ ༨ ས་གའི་ཚེས་ ༡༥
བན་དེ་བ་མཆོག་ལ་ཞུ་བ།
ཁྱེད་ཀྱིས་བྲིས་པ་དང་། རྩོམ་ཡིག་དངོས་འབྲི་མཁན་གཉིས་བར་ན་བཞེད་པ་མི་མཐུན་པ་ཡོད་དམ། གཉིས་ཀས་འདྲ་བ་ལྟ་བུར་མཐོང་བ་ལས། ཞིབ་བརྟགས་ཀྱིས་དཔྱད་པ་བྱེད་ཁོམ་མ་མཆིས། འོན་ཕུན་སུམ་ཚོགས་པར་རྗེས་སུ་ཡི་རང་། འོན་ཀྱང་རྗེས་འབྲང་ལ་རྗེས་འབྲེང་ཞེས་ཚར་དུ་མར་འབྱུང་ཡོད་པ་ལ་དཔགས་ན། དབྱངས་ཡིག་མཐའ་ཅན་གྱི་མིང་ཚིག་དག་ལ་ཐུགས་ཡིད་གཏད་དགོས་པར་སྣང་ངོ་། ྄
བདག་ཅག་གི་སྟོན་པའི་འཁྲུངས་ཚེས་ལ་གཅིག་འགྱུར་གྱི་ངོས་འཛིན་དང་གཏན་འབེབས་ཤིག་བྱེད་རན། ཡང་ཡུམ་གྱི་གློ་གཡས་ནས་གནོད་པ་མེད་པར་ན་བཟའ་དང་བཅས་འཁྲུངས་ཞེས་པ། འཁྲུངས་མ་ཐག་ཏུ་གོམ་པ་བདུན་སྤོས་པ་སོགས་ཀྱི་གཏམ་རྒྱུད་ལ་བསམ་བློ་ཞིག་གཏོང་རན་པ་མ་ཡིན་ནམ། ལས་དང་པོ་བ་ལ་སྟོན་པའི་ཆེ་བརྗོད་དུ་སྣང་རུང་སྤྱིར་བཏང་གི་རང་བཞིན་པ་དག་ལ་ཆོས་ཉིད་དང་མི་མཐུན་པའི་སྐྱོན་དུ་འཇུག་ངེས་པས། མཁྱེན་ལྡན་རྣམས་ཀྱི་དཔྱད་པར་འཚལ།།
བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་འདི་ག་དུས་གང་དུ་འཁྲུངས་ཡུལ་འཁྲུངས་ཚེས་ལ་མཁས་པའི་བཞེད་སྲོལ་ཁག་ཅིའི་ཕྱིར་བྱུང་བ་ཡིན་ནམ། ཞེས་རྒྱུན་རིང་ནས་ཡིད་གཉིས་ཡོད། ༧གོང་ས་མཆོག་ནས། ང་ཚོས་སོ་སོའི་སྟོན་པ་ཤཱཀྱ་ཐུབ་པ་དེ་དངོས་ཡོད་ལ་དུས་ནམ་ཞིག་ལ་བྱོན་པ་སུས་ཀྱང་ཤེས་ཀྱི་མེད། འདི་ནི་ནང་པ་ཞིག་ལ་ལྷག་པར་དུ་ཐབས་སྐྱོ་པོའི་གནས་ཚུལ་ཡིན། ཅེས་གསུངས།
ངའི་བསམ་པར། ཁ་ཆེ་པཎ་ཆེན་དང་གནས་བརྟན་སྡེ་པའི་ལུགས་གཞིར་བཞག་ན་བྱོན་ལོ་འགྲིགས་རུང་འཁྲུངས་ཟླ་འཁྲུངས་ཚེས། ནམ་རྒྱུན་ནང་བཞིན་འགྲོ་འཐུས་སམ། བལ་ཡུལ་ནང་པ་ཚོས་ཟླ་བ་གཅིག་གི་སྔོན་ལ་རྩིས་སྲོལ་བྱེད་ཀྱི་ཡོད། གང་ལྟར་ས་ཟླའི་ཚེས་བཅོ་ལྔར་རྩིས་ན་འགལ་འདུ་ཆེན་པོ་ཨེ་ཡོད་སྙམ།
དུས་ངེས་ཅན། ཟླ་ཚེས་ངེས་ཅན་མ་གསུངས་པར། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཞེས་དུས་བཀག་མ་གནང་བའི་གནད་འགག་དེ་གསང་གསུམ་དབྱེར་མེད་འཕྲིན་ལས་འབད་མེད་ལྷུན་གྲུབ་ཀྱིས་མིན་ནམ་སྙམ་པ་ཙམ་མོ།།
གང་གི་སྟོང་དང་རྟེན་འབྱུང་དག །
དབུ་མའི་ལམ་དུ་གནད་གཅིག་པར།།
གསུང་མཆོག་མཚུངས་པ་མེད་པ་ཡི།།
ཐུབ་དབང་དེ་ལ་ཕྱག་འཚལ་ལོ།།
བཅོམ་ལྡན་འདས་ཀྱིས་ཁྱིམ་བདག དཔྱིད་ཟླ་ཐ་ཆུང་ལ་བཙས་སོ། །ཞེས་གསུངས་པས་ས་གའི་ཉ་ལ་ལུམྦི་ནིའི་ཚལ་དུ་ཡུམ་གྱི་རྩིབ་ལོགས་གཡས་ནས་ཡུམ་ལ་གནོད་པ་མེད་པར་བཙས། གསུངས་པ་འདི་ལས་ལྷག་པ་ཅིག་ཡོད་དམ།
ས་གའི་ཉ་ལ་ལུམྦི་ནིའི་ཚལ་དུ་ཡུམ་གྱི་རྩིབ་ལོགས་གཡོན་བྱང་ཆུབ་ལྗོངས་ཤིང་ལ་རྟེན་ནས་ཡུམ་ལ་གནོད་པ་མེད་པར་བཙས།
རྒན་ལ་དྭགས་ང་ཡི་མཆན་བུ་བཀླགས་པར་ཐུགས་རྗེ་ཆེ།
ང་ཡི་མཆན་གྱི་བརྗོད་དོན་དང་རྩོམ་ངོ་མ་གཉིས་ཡོངས་སུ་གཅིག་པ་མི་འདུག ལྷག་པར་དུ་རྩོམ་ཡིག་ངོ་མའི་ནང་དུ་་་་ཏ་ར་ན་ཐ་དང་་་མདོ་གཞན་་་་་བུ་སྟོན་ཆོས་འབྱུང་་་་འགོས་ལོའི་དེབ་སྔོན་་་ཤེས་བྱ་ཀུན་ཁྱབ་་་ལས་སོགས་ཀྱི་བཞེད་ཚུལ་བཀོད་འདུག ་་ ང་ཡི་མཆན་ནང་དུ་དེ་དག་གི་མིང་ཕལ་ཆེར་མེད་བསམ།
རྗེས་འབྲེང་་་་རྗེས་འབྲང་་་་་འདས་མ་འོངས་ད་ལྟའི་ཁྱད་པར་ཙམ་ལས་དེ་མིན་ཁྱད་མེད། ངས་བཀའ་བརྟེན་ལ་གཞི་བཅོལ་ནས་བྲིས་པ་ཡིན་་་་ཁྱེད་ཀྱིས་ང་ཚོས་བསྟན་འགྱུར་ལ་ཁུངས་བཅོལ་དགོས་གསུངས་པར་་་ངས་བཀའ་བརྟེན་ལ་ཁུངས་བཅོལ་ནས་བྲིས་ཡིན།
༼ འོན་ཀྱང་རྗེས་འབྲང་ལ་རྗེས་འབྲེང་ཞེས་ཚར་དུ་མར་འབྱུང་ཡོད་པ་ལ་དཔགས་ན། ༽ རྒན་ལགས་་དགོངས་པ་མ་འཚོམས་་་་ཚར་དུ་མར་བྱུང་ཡོད་པ་་་་ཞེས་ཟེར་དགོས་པ་མིན་ནམ་་་ཚར་དུ་མར་བྲིས་ཟིན་པ་དང་འདས་པ་རེད། འབྱུང་ནི་མ་འོངས་སྟོན་པའི་སྒྲ་རེད།
ལྷུམས་སུ་ཞུགས་དུས་དང་སྐུ་བལྟམས་དུས་སོ་སོར་འབྱེད་དགོས་ཀྱི་རེད་པ། དེ་མིན་ཡོངས་གྲགས་ཀྱི་འགྲོ་སྟངས་ཅིག་འབྱུང་མི་ཐུབ།
ཉན་ཐོས་སྡེ་བའི་ལུང་དཔྱད་གཞིར་གཟུང་ནས་དཔྱད་པ་བྱ་དགོས་ཀྱི་རེད། དུས་ལ་ལྷུམས་སུ་ཞུགས་དུས་ཀྱི་ཁྱབ་པར་འདོད་མཁན་ཚོས་དགག་པ་འབྱུང་གི་མ་རེད། ལྷུམས་སུ་ཞུགས་ནས་ཟླ་ངོ་བཅུའི་རྗེས་སུ་སྐུ་བལྟམས་པར་བྱས་ན་སྤྱི་ཁོག་འགྲིགས་སོང་པ་རེད།
རྣམ་དཔྱོད་ཅན་གྱི་སྐྱོ་བྲག་དགའ་དབང་དང་་་་བན་སྡེ་གཉིས་ཀྱི་ཤིན་ཏུ་ལེགས་པོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ་ཞུ་བ་ཡིན་གལ་ཏེ་གཞན་ལ་ལད་མོ་བྱས་ཏེ་དུས་ཚོད་ངེས་ཅན་ཞིག་འཁྲུངས་སྐར་ཤོག་བྱང་སྐུར་རེས་སོགས་བྱེད་བསམ་ན་སྔོན་ལ་འདི་འདྲའི་དཔྱད་པ་ཞིག་བྱེད་དགོས་པ་དེ་གོ་ཤེས་ཡོད་པའི་མི་ཞིག་ཡིན་ན་ཤེས་དགོས་པ་རེད་
དེ་མིན་མཐོང་རྒྱ་ཐོས་རྒྱ་གང་ཡང་མེད་པར་ཡི་གེ་དག་ཆ་ཅུང་ཟད་བྲི་ཤེས་པ་དང་ཚིག་བཅད་རེ་གཉིས་བྲི་ཤེས་པ་ཙམ་གྱི་རྩོམ་ཉོག་གང་བྱུང་དྲ་ཐོག་ཏུ་བཀོད་ཏེ་རང་གི་གྲགས་པ་རྒྱས་ཐབས་བྱེད་བཞིན་པ་རྫ་ཚེ་རིང་བཀྲ་ཤིས་ཟེར་བའི་མི་རྩ་མེད་སྨྱོན་ཚུབ་ཚུབ་ཅན་དེ་དང་ཀླུ་སྨྱོན་ཟེར་བ་དེ་གཉིས་སྔོན་ལ་ལྟ་རྒྱ་ཐོས་རྒྱ་ཅུང་ཟད་ཆེ་ཙམ་བྱས་ཏེ་དེ་ནས་མི་གཞན་ལ་སྐད་ཆ་བཤད་རྒྱུའི་འབད་རྩོན་བྱས་ན་དེ་ནས་རྒྱུ་མཚན་ཡོད་པ་ཞིག་ཆག་གི་རེད་
ང་ཚོའི་བསམ་ཚུལ་བྱས་ན་ཤོག་བྱང་སྐུར་རེས་དང་གཞུང་འབྲེལ་གུང་སེང་ཟེར་བ་སོགས་ཡེ་ཤུ་སོགས་ལ་ལད་མོ་ཞིག་བྱེད་དགོས་པ་གང་ཡང་མ་མཐོང་་་་་་་དེ་ལས་གངས་པ་ཅན་རྣམས་ལ་སྔར་ནས་ཕྱག་ཞེས་བཟང་པོ་ཡོད་པ་བཞིན་བོད་ཟླ་བཞི་པ་འདི་ཆ་ཚང་སྡིག་སྤོང་དགེ་འགྲུབ་ཀྱི་དྲན་སྐུལ་ཡང་ཡང་བྱེད་ཐུབ་ན་དེས་འཐུས་པ་རེད་
བོད་ཀྱི་བུ་འདི་ལོ་ཤས་སྟོན་དུ་བསམ་བློ་གཏོང་སྟངས་ཨའུ་ཙམ་ཡོད་དེ་དིང་སང་ཀླད་མཁྲེགས་ང་ཟེར་མཁན་ཞིག་ཏུ་བསྒྱུར་ནས་འདུག
ནང་གཞུང་ལ་བཀའ་བསྟན་དང་། བོན་གཞུང་ལ་བཀའ་བརྟེན་ཞེས་བྲིས།
བན་དེ་བ་མཆོག
སྐྱོན་སྟོན་མཛད་པར་དགའ་འོས་པ་ཡིན། འབྱུང་གི་འདས་པར་བྱུང་ཞེས་ཁྱེད་ཀྱིས་ཡིག་ནོར་དེ་བསྟན་པ་ན། རང་གི་སྐྱོན་བསལ་བར་བདག་ལ་སྤྲོ་བ་བརྟས། འོན་ཀྱང་བདག་གིས་ད་དུང་ཡང་། ད་ལྟ་འདས་མ་འོངས་རིམ་བཞིན། འབྲང་ འབྲངས་ འབྲང་ བསྐུལ་ཚིག་ལ་ བདག་གིས་ནན་ཏན་མི་ཤེས། བྲོངས་སམ། འབྲོངས་ གང་ཡིན། ཨ་རིའི་བོད་སྐད་ལ་མཁས་པ་Goldstein གྱིས་ཕྱི་མ་དེ་བཀོད། འོན་ཀྱང་དེ་དག་ལ། འབྲེང་། ཞེས་འགྲེང་པོ་ཡོད་པ་ཞིག་བདག་གིས་བོད་ཀྱི་རིག་གཞུང་གི་སྐད་དག་པ་ན་ད་བར་དུ་མ་མཐོང་། འབྲེང་ནི་ཀོ་བ་ལ་འཇུག་སྟེ། འབྲེང་ཐག ཅེས་པ་ལྟ་བུ། འདི་ཡང་སྟོན་པ་ཤཱཀྱའི་རྒྱལ་པོའི་དུས་སྟོན་བཟང་པོར་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་དུ་བྲིས་སོ།།
༸སྟོན་པའི་འཁྲུངས་སྐར་ཚེས་བཅོ་ལྔ་རང་ལ་སྲུང་བརྩི་བྱས་ན་ཕན་ཡོན་ཆེ་བར་སེམས།
་་་་། པད་དཀར་ཆོས་འབྱུང་ལས་ནི། དགུན་འདས་ནས་དཔྱིད་ཟླ་ཐ་ཆུང་སྐར་མ་ས་ག་ལ་བབ་པའི་ཚེས་བཅོ་ལྔ་ཟླ་བ་ཉ་སྐར་མ་རྒྱལ་གྱི་དུས་སུ་ཡུམ་གསོ་སྦྱོང་ལ་གནས་པའི་གློ་གཡས་པ་ནས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ། རྒྱལ་སྲས་རྣམས་ཀྱིས་ཉེ་བར་སྤྱད་པ་རིན་པོ་ཆེའི་བཀོད་པ་ཞེས་བྱ་བའི་གཞལ་མེད་ཁང་རང་བྱུང་བར་ཟླ་བ་བཅུ་གཉིས་ལྷ་དང་མི་ཁྲག་ཁྲིག་ཕྲག་སུམ་ཅུ་རྩ་དྲུག་སྨིན་པར་མཛད།
དེ་ནས་འདུལ་བ་གཞུང་དམ་པ་ལས། བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག དཔྱིད་ཟླ་ཐ་ཆུང་ལ་བཙས་སོ། །ཞེས་གསུངས་པས་ས་གའི་ཉ་ལ་ལུམྦི་ནིའི་ཚལ་དུ་ཡུམ་གྱི་རྩིབ་ལོགས་གཡས་ནས་ཡུམ་ལ་གནོད་པ་མེད་པར་བཙས། ཞེས་ལྷུམས་སུ་ཞུགས་པ་དང་སྐུ་བལྟམས་པ་གཉིས་ཀ་ས་ཟླའི་ཚེས་བཅོ་ལྔ་ཡིན་པར་བཤད་དོ། །་་་་ཟེར།
འདུལ་བ་གཞུང་དམ་པ་ལས།
བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུ་བ་དང་། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག དཔྱིད་ཟླ་ཐ་ཆུང་ལ་བཙས་སོ། །
ཞེས་པ་འདི་ས་གའི་བཅོ་ལྔ་ཡིན་སྟངས་ལ་ཁུངས་གང་དང་གང་ཡོད་དམ། སྐྱོ་བྲག་དགའ་དབང་ལགས།
ཀརྡོ་ལགས་སྐྱོན་ཡོད་མེད་སྐད་ཆ་མ་རེད། ནང་པ་གཞན་པ་ཚོས་ཁས་ལེན་མི་ལེན་ལ་ཐུག་པ་རེད
ནང་པ་གཞན་པ་ཚོས་འཁྲུས་ཚེས་ས་གའི་བཅོ་ལྔར་ཁས་མི་ལེན་པས་རྒྱུ་མཚན་ཁུངས་བདེན་གང་ཡོད་དམ་། འདུལ་བ་གཞུང་དམ་ལས། ས་གའི་བཅོ་ལྔར་གསུངས་པ་ལས་ལྷག་པ་ཁུངས་ཅིག་གསུང་ལས་རྒྱུ་ཨ་ཡོད། ཉན་ཐོས་གཞི་ཤེས་པ་མང་ཆེ་འདོད་དོ། ཐེག་ཆེན་ལམ་ཤེས་པས་ཞལ་འཛུམ་ཙམ་མཛད་ངེས་རེད་དོ།
བདག་ནི་སྟོན་པ་གཞན་སྤངས་ནས། ། བཅོམ་ལྡན་ཁྱེད་ལ་སྐྱབས་སུ་མཆིས།། དེ་ཅིའི་སླད་དུ་ཞེས་ན་ནི།། སྐྱོན་མི་མངའ་ལ་ཡོན་ཏན་ལྡན།།
སྐྱོ་བྲག་དགའ་དབང་ལགས་སྙིང་ནས་ཐུགས་རྗེ་ཆེ། ངས་ནི་གལ་ཏེ་བཅོམ་ལམདན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཀའ་དྲི་གནང་ནས། དེ་ལ་བཅོམ་ལྡན་འདས་ཀྱིས་གསུང་ལན་དུ་དེ་ལྟར་གསུངས་ཡོད་ན། དེ་དེ་བཞིན་དུ་ཡིན་སྙམ། དེའི་ནང་ནས་ཀྱང་འདུལ་བ་དམ་པའི་གཞུང་ནས་གསུངས་ཡོད་ན་དེ་ལས་ཀྱང་ཁས་ལེན་དགོས་པ་ཞིག་ཡིན། ཡིན་ཀྱང་བོད་ནང་གི་འཁྲུངས་སྐར་དུས་ཆེན་རྩི་ཚུལ་དང་། འཛམ་གླིང་སྤྱི་མང་ནས་རྩི་ཚུལ་གཉིས་སྐབས་རེ་མི་མཐུན་པ་ཡོང་གིན་འདུག་པ་དེའི་སྐོར་ཞིག་གསལ་བཤད་བཀའ་དྲིན་གནང་རོགས།
བདག་ནི་སྟོན་པ་གཞན་སྤངས་ནས། ། བཅོམ་ལྡན་ཁྱེད་ལ་སྐྱབས་སུ་མཆིས།། དེ་ཅིའི་སླད་དུ་ཞེས་ན་ནི།། སྐྱོན་མི་མངའ་ལ་ཡོན་ཏན་ལྡན།།
སྐྱོ་བྲག་དགའ་དབང་ལགས་སྙིང་ནས་ཐུགས་རྗེ་ཆེ། ངས་ནི་གལ་ཏེ་བཅོམ་ལམདན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཀའ་དྲི་གནང་ནས། དེ་ལ་བཅོམ་ལྡན་འདས་ཀྱིས་གསུང་ལན་དུ་དེ་ལྟར་གསུངས་ཡོད་ན། དེ་དེ་བཞིན་དུ་ཡིན་སྙམ། དེའི་ནང་ནས་ཀྱང་འདུལ་བ་དམ་པའི་གཞུང་ནས་གསུངས་ཡོད་ན་དེ་ལས་ཀྱང་ཁས་ལེན་དགོས་པ་ཞིག་ཡིན། ཡིན་ཀྱང་བོད་ནང་གི་འཁྲུངས་སྐར་དུས་ཆེན་རྩི་ཚུལ་དང་། འཛམ་གླིང་སྤྱི་མང་ནས་རྩི་ཚུལ་གཉིས་སྐབས་རེ་མི་མཐུན་པ་ཡོང་གིན་འདུག་པ་དེའི་སྐོར་ཞིག་གསལ་བཤད་བཀའ་དྲིན་གནང་རོགས།། །།
ས་ཟླའི་ངོ་སྤྲོད་ཚིག་ཉུང་མུན་སེལ་སྒྲོན་མེ།
ཆབ་མདོ་ངག་ཕུན།
བོད་ཟླ་བཞི་པ་འདི་ལ། །ས་ག་ཟླ་བ་ཟེར་ཞིང་།།
ཟླ་བ་འདི་ཡི་ནང་དུ། །སྟོན་པ་ཤཱཀྱ་ཐུབ་པས།།
གདུལ་བྱ་ཐར་པའི་ལམ་ལ། །འགོད་མཛད་བསམ་མི་ཁྱབ་པའི།།
མཛད་པ་བཞེས་པའི་ནང་ནས། །སྐུ་བལྟམས་རང་བྱུང་མཛད་པ།།
བདུད་རིགས་བཏུལ་བའི་མཛད་པ། །མངོན་རྫོགས་སངས་རྒྱས་མཛད་པ།།
མྱ་ངན་འདས་པའི་མཛད་པ། །དུས་ཆེན་ལྔ་འཛོམས་ཡིན་ཞིང་།།
དམིགས་བསལ་ཚེས་པ་བཅོ་ལྔ། །སྟོན་པ་སྐུ་བལྟམས་མཛད་པ།།
མངོན་པར་སངས་རྒྱས་མཛད་པ། །མཐའ་མ་མྱ་ངན་མཛད་པ།།
དུས་ཆེན་གསུམ་འཛོམས་འདི་ལ། །རྣམ་དཀར་དགེ་བའི་བྱ་བ།།
ཞེས་དང་།
་་་་་་་་་་་་་་་་་་་་
སྤེལ་ན་བྱིན་རླབས་ཕན་ཡོན། །ཆེ་བའི་དུས་སྟོན་རྩ་ཆེན།།
བརྩི་བའི་ལུགས་སྲོལ་ཡོད་ཅིང་། །དེ་སྔ་རང་བཙན་ཡོད་སྐབས།།
བཅོ་ལྔའི་་ཉིན་མོ་དེ་ལ། །བོད་གཞུང་མཛད་གཙོ་ཡོངས་རྫོགས།།
འཛོམས་ཏེ་ལྷ་སའི་གཙུག་ལག །ར་མོ་ཆེ་དང་ནོར་གླིང་།།
པོ་ཏ་ལ་སོགས་དགོན་གནས། །མཆོད་མཇལ་གླིང་སྐོར་ཕེབས་པ།།
དེར་ཉིན་ལྷ་སའི་གྲོང་མི། །ཞོགས་པ་སྔ་པོར་བཞེངས་ནས།།
ཕྱག་དང་མཆོད་པ་བྱེད་ཅིང་། །དེ་དག་རིམ་གྱིས་གྲུབ་རྗེས།།
ལུས་ལ་གཟབ་མཆོར་སྤྲས་ནས། །ཇ་ཆང་ཞིམ་ཟས་ཁྱེར་ཏེ།།
རྫོང་རྒྱབ་ཀླུ་ཁང་ཕྱིན་ཏེ། །ཀོ་གྲུར་ཞུགས་ནས་མཚོ་སྐོར།།
གླུ་གཞས་རྣམ་ཐར་ལ་སོགས། །བཏང་ནས་སྤྲོ་སྐྱིད་གཏོང་སྲོལ།།
དེ་བཞིན་དུས་ཆེན་ཉིན་དེར། །རང་གཞུང་རྩིས་ལས་ཁང་ནས།།
ཇོ་ཤཱག་རྣམ་གཉིས་གཙོས་པའི། །གདན་ས་གཙོ་གྱུར་དགོན་སྡེའི།།
རྟེན་གཙོ་ཡོངས་ལ་ས་ཟླའི། །མཆོད་སྤྲིན་ཞེས་བྱ་ཞལ་གསེར།།
སྤྱན་འབྱེད་མཆོད་འབུལ་སྙན་དར། །རྒྱ་ཆེར་གནང་སྲོལ་ཡོད་ཅིང་།།
དེ་བཞིན་དགེ་འདུན་ཚོགས་ལ། །བསྙེན་བཀུར་ཞབས་ཏོག་གཟབ་རྒྱས།།
ཞུ་བའི་ལུགས་སྲོལ་ཡོད་སྐད། །ལྷག་དོན་རང་གཞུང་ཕྱོགས་ནས།།
སྲོག་གཅོད་སྤོང་པའི་ཁྲིམས་ལུགས། །བསྡམས་ཏེ་ཁྲོམ་གཞུང་ཁག་ལ།།
ཤ་ཁྲོམ་འདོན་མཁན་མེད་ཅིང་། །ལྷག་དོན་གཞུང་སྒེར་གཉིས་ནས།།
ངན་སློང་སྦྱིན་པ་གཏོང་བ། །དགེ་འདུན་བསྙེན་བཀུར་བྱེད་ཅིང་།།
ར་ལུག་གཡག་དང་བྱིའུ། །ལ་སོགས་ཚེ་ཐར་གཏོང་བ།།
སྣང་ཤག་ལས་ཁུངས་མདུན་གྱི། །ནག་ཅན་བཙོན་པ་གློད་གྲོལ།།
སེམས་ཅན་འཚེ་བ་མི་ཡོང་། །དམར་ཟས་སྤོང་ཞིང་དགེ་སྒྲུབ།།
མ་ཎི་དྲུང་ཕྱུར་གསོགས་པ། །ཕྱག་འཚལ་སྐོར་སྦྱོང་བྱེད་པ།།
བཀའ་བསྟན་ལྗགས་ཀློག་ལ་སོགས། །རྣམ་དཀར་དགེ་ལས་བརྩོན་པ།།
དེང་སྐབས་བཙན་བྱོལ་ནང་ལ། །བོད་མིའི་སྒྲིག་འཛུགས་འོག་ནས།།
སྔ་སྲོལ་བཟང་པོའི་མཇུག་སྐྱོང་། །ཆོས་སྲིད་ཡར་ངོ་ཟླ་ལྟར།།
འཕེལ་རྒྱས་ཡོང་བའི་ཆེད་དུ། །ཐེག་ཆེན་ཆོས་གླིང་ཆོས་རར།།
སྲིད་ལས་མགོ་དམངས་ཡོངས་གཙོས། །འདིར་ཡོད་མི་མང་འཛོམས་ནས།།
བཀའ་ཆོས་ཞུ་བ་ལ་སོགས། །ལྷ་རྒྱལ་རི་ལ་རླུང་རྟ།།
དར་འཛུགས་བྱེད་སྲོལ་ཡོད་ཅིང་། །དེ་ཉིན་རྒྱ་གར་གྲོང་གསེབ།།
ཁག་ནས་སྤྲང་པོ་བརྒྱ་ཕྲག །གཙུག་ལག་ཁང་གི་སྐོར་ལམ།།
གཡས་གཡོན་སྤྲང་པོས་ཡོངས་ཁེངས། །སྐབས་རེར་སྤྲང་པོ་དེ་དག །
སྒོར་རྡོག་ཁ་ཤས་དོན་དུ། །སྤྲང་པོ་ཕན་ཚུན་འཁྲུག་འཛིང་།།
མཐོང་དུས་ཨ་ཁ་བསམ་ཞིང་། །སྙིང་རྗེ་ཚད་མེད་སྐྱེ་བ།།
བོད་མི་རྒན་དར་གཞོན་གསུམ། །སྤྲང་པོར་བྱམས་སེམས་ཆེན་པོས།།
དངུལ་དངོས་སྦྱིན་གཏོང་གནང་བ། །དེ་བཞིན་ཉེ་འཁོར་དགོན་སྡེ།།
དགོན་པར་བཅར་ནས་སྨོན་ལམ། །འདེབས་པ་ལ་སོགས་མཆོད་འབུལ།།
ས་ཟླའི་དུས་ཆེན་ཉིན་དེར། །རྣམ་དཀར་ལས་ལ་བརྩོན་ནས།།
དགེ་བའི་ཆོས་ལ་འབད་དོ། །འདི་ནི་བོད་ཀྱི་དུས་ཆེན།།
ངོ་སྤྲོད་ཅེས་པའི་དེབ་ལ། །གཞི་རྩར་བཟུང་ནས་བསྒྲིགས་ཡོད།།
ཚར་གཅིག་ཀློག་ན་ཕན་ལས། །གནོད་པའི་གནས་ནི་མེད་དོ།།
ཀུན་གྱིས་དེ་དོན་རྟོགས་མཛོད།།ཡིག་འབྲུ་དྲུག་བརྒྱ་དོན་གཅིག །
ཚིགས་སུ་བཅད་ནས་སྤེལ་ཡོད། །འདི་ཡི་དགེ་བའི་རྒྱུ་ཚོགས།།
འཛམ་གླིང་སྐྱེ་འགྲོ་ཡོངས་དང་། །ཡང་སྒོས་གངས་ཅན་པ་རྣམས།།
དཀའ་སྡུག་གནས་ལས་གྲོལ་ནས། །རང་དབང་བདེ་སྐྱིད་དཔལ་ལ།།
རྟག་རོལ་ཡོང་བའི་སྨོན་འདུན། །བདག་གི་སྙིང་ནས་གསོལ་འདེབས། །ཞེས་ཟེར།
ས་ཟླའི་ངོ་སྤྲོད་ཚིག་ཉུང་མུན་སེལ་སྒྲོན་མེ།
ཆབ་མདོ་ངག་ཕུན།
བོད་ཟླ་བཞི་པ་འདི་ལ། །ས་ག་ཟླ་བ་ཟེར་ཞིང་།།
ཟླ་བ་འདི་ཡི་ནང་དུ། །སྟོན་པ་ཤཱཀྱ་ཐུབ་པས།། ་་་་་་
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
་་་་་་ དཀའ་སྡུག་གནས་ལས་གྲོལ་ནས། །རང་དབང་བདེ་སྐྱིད་དཔལ་ལ།།
རྟག་རོལ་ཡོང་བའི་སྨོན་འདུན། །བདག་གི་སྙིང་ནས་གསོལ་འདེབས། །ཞེས་ཟེར།
ཆང་ནི་ཉེས་པ་ཀུན་གྱི་རྩ་བ་ཡིན། །རྩ་ཐོག་ཟིལ་པ་ཙམ་ཡང་འཐུང་མི་ཆོག །དུས་བཟང་དེར་བདེ་སྐྱིད་ཀྱི་དཔལ་ལ་རོལ་བ་ཆོག་ཀྱང་ཆང་ལ་རོལ་བ་དེ་ནི་མི་འོས་པ་མིན་ནམ།