—-ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཡེ།
འགྲོ་ལ་བརྩེ་བའི་ཐུགས་རྗེ་ཅན།།
ཐམས་ཅད་མཁྱེན་ལ་ཕྱག་འཚལ་ལོ།།
འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།།
རྗེས་དྲན་ཡིད་བཞིན་ནོར་བུ་འབྲི།།
ཆོས་ཉིད་གནས་ལུགས་ཇི་ལྟ་བར།།
དེ་ནི་དེ་བཞིན་གཤེགས་པ་ཉིད།།
ཆོས་ཅན་འགྲོ་ལ་ཕན་བདེའི་ཕྱིར།།
དགྲ་བཅོམ་ཡང་དག་དམ་ཆོས་བསྟན།།
རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས།།
རིག་པ་དང་ཞབས་སུ་ལྡན་པ་ཉིད།།
བདེ་བར་གཤེགས་པ་ཀུན་གྱི་དཔལ།།
འཇིག་རྟེན་མཁྱེན་པའི་ཡེ་ཤེས་ཅན།།
སྐྱེ་བུ་འདུལ་བའི་ཐབས་མཁས་རྒྱལ།།
ཐར་ལམ་ཁ་ལོ་སྒྱུར་བའི་མགོན།།
བླ་ན་མེད་པའི་སྟོན་པ་མཆོག།
ལྷ་དང་མི་ཡི་འདྲེན་པ་ཉིད།།
འཁྲུངས་སྐར་མཆོད་པའི་མེ་ཏོག་ཐོར།།
ཀ་དག་དགོངས་པའི་ཆོས་ཀྱི།།
ལྷུན་གྲུབ་སྣང་བའི་ལོངས་སྤྱོད་རྫོགས།།
གང་འདུལ་སྨིན་པའི་སྤྲུལ་པའི་སྐུ།།
བཅོམ་ལྡན་ཤྰཀྱ་སེངྒེ་རྒྱལ།།
དེ་བཞིན་གཤེགས་པའི་ཡོན་ཏན་ནི།།
བསོད་ནམས་དག་གི་རྒྱུ་མཐུན་པ།།
དགེ་བའི་རྩ་བ་ཆེ་ཆུང་ཀུན།།
ཆུད་མི་ཟ་བའི་ནོར་བུ་མཆོག།
བཟོད་པས་རབ་ཏུ་བརྒྱན་པ་ཉིད།།
བསོད་ནམས་ཡེ་ཤེས་གཏེར་གྱི་གཞི།།
མཚན་བཟང་རྒྱན་པའི་དཔག་བསམ་ཤིང་།།
དཔེ་བྱད་མཛེས་པའི་མེ་ཏོག་རྒྱས།།
སྤྱོད་ཡུལ་རན་པའི་དྲི་བཟང་ཅན།།
མཐོང་ཐོས་དགའ་བ་ཁྱོད་ལ་བསྟོད།།
དད་མོས་ཞིང་གི་མགོན་པོ་ཉིད།།
གསང་གསུམ་དྲན་པའི་མེ་ལོང་དུ།།
སྐྱེས་རབས་དཔག་བསམ་འཁྲི་ཤིང་ལ།།
མི་ཕྱེད་དུང་བས་ཕྱག་གིས་མཆོད།།
གང་ཚེ་གཙོ་བོ་ཁྱོད་བལྟམས་ཚེ།།
ས་ཆེན་གོམ་པ་བདུན་བོར་ནས།།
ང་ནི་འཇིག་རྟེན་མཆོག་ཅེས་གསུངས།།
ངེས་དོན་བླ་མ་ཁྱོད་ལ་འདུད།།
སྐུ་མཆོག་གསེར་གྱི་ལྷུན་པོ་བརྗིད།།
གསུང་མཆོག་ཚངས་དབྱངས་དྲུག་ཅུའི་རྒྱན།།
ཐུགས་མཆོག་ཡེ་ཤེས་རྒྱ་མཚོའི་དཔལ།།
བསྐལ་བཟང་རྣམ་འདྲེན་བཞི་བར་བསྔགས།།
དགེ་སྒྲུབ་སྡིག་སྤོང་ཐར་ལམ་དང་།།
ངེས་འབྱུང་འཕགས་པའི་ལམ་བཟང་དང་།།
བྱང་ཆུབ་སེམས་ཀྱི་བསམ་སྤྱོད་དང་།།
གསང་ཆེན་སྟོན་པའི་སངས་རྒྱས་བསྟོད།།
སྐྱེ་བ་ཚེ་རབས་ཐམས་ཅད་དུ།།
དཀོན་མཆོག་གསུམ་དང་མི་འབྲལ་ཞིང་།།
ཕན་བདེ་མཛད་པའི་ཕྲིན་ལས་ཀུན།།
རྒྱལ་ཀུན་དགྱེས་པའི་དཔྱིད་དུ་སྨོན།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་ས་ག་ཟླ་བའི་སྟོན་པའི་འཁྲུངས་སྐར་ལ་དབྱིན་ཡུལ་རྒྱལ་ས་ལན་དྲོན་ནས་ཤྲྰི་ཨནནྟས་བཛྲས་བགྱིས་པར་དགེའོ།། །།
ཨ་ལེ་འབུམ་དུམ་པ་སྨྱོན་གཏམ་མ་བཤད་རོགས། དེང་གི་དུས་འདིར་གཅིག་རྗེས་དྲན་གཉིས་རྗེས་དྲན་ཟེར་ནས་འདུག། ཉེ་ཆར་ཁ་བརྡ་ཚང་གི་དྲ་ངོར་གུ་རུ་བོད་ལ་ཕེབས་པའི་རྗེས་དྲན་ཞིག་སྤེལ་སོང་། ད་འདི་ན་སངས་རྒྱས་རྗེས་དྲན་ཟེར་བ་ཞིག་ཐོན་ཐལ། གུ་རུ་ཟེར་བ་འདི་དེང་གི་ཨབ་གྷན་སི་ཐན་ནས་བོད་ལ་ཡོང་བའི་མྱི་འཁྱར་ཞིག་རེད། ཁོང་གིས་སངས་རྒྱས་ཞེས་རང་གི་ཆུང་མ་ལ་ཕྲུ་གུ་གསོ་རོགས་མ་བྱས་བར་ནགས་འདབས་ནས་བུ་མོ་གཞན་པ་༼སོས་ཇ་ཐ༽་ཞིག་གི་ལག་ཟས་ཟ་མཁན་གོ་ཏ་མའི་ལྟ་ལོག་དེ་བོད་ཀྱི་རྒྱལ་པོ་ཀླུས་རྒན་ཚོར་བཤད་རེད། མྱི་འཁྱར་དེ་མེད་ན། ཆོས་འཁྱར་དེ་མེད་ན། བཙན་པོའི་གདུང་རྒྱུད་ཆད་ཡོད་རྒྱུ་མ་རེད།
ཀ་དག་དགོངས་པའི་ཆོས་ཀྱི་དབྱིངས་།
འདིར་མཆན་འགོད་མཁན་མེད་པར་རྒྱུན་རིང་ལུས་སོང་། མཆན་གཅིག་བཀོད་འདུག་པ་ནི་གདུག་ཚོད་མེད་པ་ཞིག་བྲིས་འདུག་ཀྱང་། ལན་བསྐྱོན་མཁན་ཅང་མི་འདུག། ད་ལམ་ངས་བཀའ་འདྲི་ཞུ་རྒྱུ་ལ། རབ་བྱུང་བཅུ་བདུན་པ་འདི་ལ་མིང་ཞིག་འཇོག་པ་ལ་མཁས་དབང་ཚེ་ཏན་ཞབས་དྲུང་ལ་ཡང་སྐུ་ངལ་ཕྲན་བུ་ཕྲད་གནང་འདུག། མཐའ་མ་སྨན་རྩིས་ཁང་གི་ལོ་ཐོར་ལོ་ཤས་གོང་ནས་རབ་གནས་ཞེས་བྲིས་ཏེ་བཏོན་སོང་ཡང་། འགྲེལ་བཤད་མ་མཐོང་། རབ་གནས་ཀྱི་གནས་ཀྱི་དོན་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་གནས་དེ་ཡིན་ནམ ཡང་ན་དེ་མིན་གཞན་ཞིག་ཇི་ཡིན་མཁྱེན་ལྡན་རྣམས་ལ་བཀའ་འདྲི་ཞུ་བ་ལགས།
གཉིས་པ། སྐུ་བརྙན་འདི་ཡང་དབུ་རྒྱན་བསྒྲོན་པ་གང་ཞིག་ལ་མགུལ་རྒྱན་སོགས་མེད་པ་འདི་སྤྲུལ་སྐུའམ་ལོངས་སྐུ་ཇི་ཡིན་འགྲེལ་བཤད་ཅིག་གནང་སྐྱོང་ཡོང་བ་ཞུ།