ཡང་དག་རྫོགས་པའི་ཐུགས་ལྡན་པ།།
བདེན་པའི་གནས་ལུགས་སྟོན་པ་པོ།།
བསྐལ་བཟང་རྣམ་འདྲེན་ཤཱཀྱའི་ཏོག།
སངས་རྒྱས་དེ་ལ་ཕྱག་འཚལ་ལོ།།
སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས།།
ཐར་འདོད་ངེས་འབྱུང་ཤུགས་དྲག་པོས།།
ཕུན་ཚོགས་བདེ་ལྡན་རྒྱལ་བོའི་ཁབ།།
རྒྱབ་ཀྱིས་ཕྱོགས་ལ་ཕྱག་འཚལ་ལོ།།
བྲམ་ཟེའི་ཡུལ་ན་དར་བའི་ཆོས།།
བདེན་པ་འཚོལ་བའི་གྲུབ་པའི་མཐའ།།
ཕལ་གྱིས་གནས་ལུགས་མ་རྟོགས་ཕྱིར།།
རང་ལམ་འཚོལ་ལ་ཕྱག་འཚལ་ལོ།།
ཆུ་ཀླུང་ནེ་རཉྫ་ནའི་རྒྱུད།།
རྡོ་རྗེ་གདན་གྱི་རི་བོའི་མགུལ།།
བྱང་ཆུབ་ཤིང་གི་སྡོང་བུ་ལ།།
མངོན་སངས་རྒྱས་ལ་ཕྱག་འཚལ་ལོ།།
བདུད་པོའི་མཚོན་གྱི་ཆར་བ་དང་།།
མཛེས་མའི་ཡིད་འཕྲོག་འཆོར་སྒེག་གིས།།
བ་སྤུ་གཅིག་ཀྱང་མ་གཡོས་པ།།
ཏིང་འཛིན་བརྟན་ལ་ཕྱག་འཚལ་ལོ།།
རིག་བྱེད་མཁས་པའི་ལྕེ་བརྒྱ་དང་།།
རིག་སྔགས་གྲུབ་པའི་མཐུ་བོ་ཆེར།།
རིག་དང་རིགས་ལམ་འགྲན་པ་ལས།།
རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ།།
བདེན་པ་བཞི་ཡི་གནས་ལུགས་ཅན།།
དགེ་སྡུག་རྒྱུ་འབྲས་བླང་དོར་གྱིས།།
བདེ་སྡུག་རང་ལ་བརྟེན་པའི་ཆོས།།
སེང་གེའི་སྒྲ་ལ་ཕྱག་འཚལ་ལོ།།
འོན་ཀྱང་དགེ་སྡུག་བླང་དོར་ལ།།
འཇིག་ཚོགས་ལྟ་བའི་ཆོས་སྤྱོད་ཀྱིས།།
སྲིད་ཞིའི་རྩ་བ་མི་གཅོད་པས།།
སྣང་སྟོང་འདོམས་ལ་ཕྱག་འཚལ་ལོ།།
བདེན་གྲུབ་བདེན་མེད་གསུང་བའི་ཆོས།།
འགལ་འདུའི་རྣམ་རྟོག་སེལ་བ་ལ།།
དྲང་ངེས་འབྱེད་པའི་གསུང་རབ་ཀྱིས།།
གནས་ལུགས་གསལ་ལ་ཕྱག་འཚལ་ལོ།།
སྟོན་ཁྱོད་འོད་ཀྱི་ཞིང་ཞིག་ནས།།
མ་རིག་མུན་པའི་འཇིག་རྟེན་ལ།།
སྤྲོས་པའི་སྣང་བ་འོད་པོ་ཆེ།།
ལེགས་རྟོགས་འགྲོ་བ་ཤིན་ཏུ་དཀོན།།
འོན་ཏེ་ཐབས་མཁས་ཐུགས་རྗེ་ཡིས།།
གྲངས་མེད་ངལ་བ་ཁྱད་བསད་ནས།།
འགྲོ་ཁམས་མོས་ངོར་འཇུག་པའི་ཆོས།།
དཔག་མེད་གསུང་ལ་ཕྱག་འཚལ་ལོ།།
ཐོས་བསམ་སྒོམ་པ་འཁོས་ཆུང་ཞིང་།།
ཡང་དག་གནད་ལ་བློ་གྲོས་མིག།
ལྡོངས་པའི་བླུན་གཏམ་མུ་ཅོར་གྱིས།།
ཁྱོད་རྗེས་བསུབ་པ་ཡི་རེ་མུག།
འཁོར་བའི་བདེ་ལ་ལྷག་པར་ཆགས།།
རྙེད་བཀུར་གྲགས་པས་ཆོས་ཚུགས་འཛིན།།
ད་ལྟའི་ཆོས་གཟུགས་ཡ་མ་བརླ།།
གཟིགས་ན་མགོན་ཁྱོད་ཅི་ཞིག་དགོངས།།
བློ་ལྡན་འགའ་ཞིག་ཚེ་འདིའི་དོན།།
བློས་བཏང་སྒྲུབ་པ་ཉམས་ལེན་གྱིས།།
གང་ཞབས་སྙེག་པའང་ལེགས་མཐོང་ནས།།
དད་པས་མཆུ་མ་དབང་མེད་འཁྲུག།
ཁྱོད་ཀྱི་མཁྱེན་རབ་ཉི་ཟེར་ཆ།།
ཕྱོགས་རེ་བས་ཀྱང་གནའ་དེང་གི།
ལྟ་གྲུབ་འཆིང་རྒྱ་གྲོལ་མཐོང་ནས།།
མགོན་ཁྱོད་སྒྲོག་ལ་བདག་ཉིད་སྤྲོ།།
གང་ཚེ་བདེན་འཛིན་འཁྲུལ་སྣང་གིས།།
ཉོན་མོངས་བདག་སེམས་ངལ་བའི་ཚེ།།
སྟོང་དང་རྟེན་འབྱུང་རོལ་བའི་རྩལ།།
བདག་སེམས་ནད་ལ་སྨན་གྱི་ཕུལ།།
འདོད་རྔམ་དྲག་པོས་སྲིད་པ་འདིའི།།
ཕུན་ཚོགས་ཡོད་དགུ་ཐོབ་འདོད་པ།།
རང་སེམས་ངལ་བའི་རྒྱུར་མཐོང་སྟེ།།
ལས་འབྲས་ཆོས་ལ་ནན་ཏན་བྱེད།།
བདེ་སྡུག་ཕྱོགས་རེས་སྣང་བ་ལ།།
མཐའ་གཅིག་འཛིན་པའི་སེམས་མཁྲེགས་པོ།།
མི་རྟག་ཕྲ་རགས་ཆོས་ཉིད་ཀྱིས།།
མིག་གིས་ལྟ་ཚེ་ལྷོད་ཀྱིས་ཞིག།
མ་བྱས་ལས་དང་མི་འཕྲད་ཅིང་།།
བྱས་པ་ཆུད་མི་ཟ་འོ་ཞེས།།
ལས་འབྲས་རྟེན་འབྲེལ་ཟབ་མོའི་ཚུལ།།
བསམ་ཚེ་སྒོ་གསུམ་གཙང་མ་བྱེད།།
ཨེ་མ་སྟོན་པ་ཐུགས་རྗེ་ཅན།།
མགོན་ཁྱོད་ཞིང་གཞན་གཤེགས་གྱུར་ཀྱང་།།
ཁྱོད་ཀྱི་གསུང་བ་དམ་པའི་ཆོས།།
གནས་ལུགས་ཡིན་པས་ནུབ་པ་མེད།།
11/4/15
ཡག་བྱུང་བཀྲིན་ཆེ།