སྐྱོ་བྲག་དགའ་དབང་།
ཏོག་དབྱིབས་ནད་ཡམས་སམ་འཆམ་རིམས་འཛམ་གླིང་གི་ས་གནས་ཕལ་མོ་ཆེ་དང་རྒྱ་གར་ནང་ཁྱབ་འཕེལ་ཆེན་པོ་བྱུང་ནས་དཀའ་ངལ་མི་ཉུང་བ་འཕྲད་བཞིན་པ་རྣམས་ཞི་ཆེད། ང་ཚོས། ཆགས་མེད་རི་ཆོས་ལས། དེ་བཞིན་ཚེས་བརྒྱད་སྨན་བླ་འབྱོན། །ཞེས་ཟླ་བ་ཡར་གྱི་ངོའི་ཚེས་པ་བརྒྱད་ནི་སངས་རྒྱས་སྨན་བླ་འབྱོན་པའི་ཉིན་མོ་ཡིན་པར་གསུངས་པ་ལ་བསམས་ནས། ལྕགས་ཕོ་བྱི་བ་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད་ཉིན། བསྐལ་བཟང་གི་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་ལ།
དེ་བཞིན་གཤེགས་པ་བདུན་མཆོད་པའི་ཆོ་ག་བསྡུས་ཏེ་བྱ་བ་སློབ་དཔོན་བོ་དྷི་ས་ཏྭས་མཛད་པའི་གཞུང་སོར་བཞག་ལ། ཞལ་འཕང་རྣམས་རྒྱལ་ཚབ་རིན་པོ་ཆེས་མཆན་བུར་མཛད་པ་དཀྱུས་སུ་བཅུག་སྟེ། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་གིས་ཀཾ་ཚང་གི་ཕྱག་ལེན་ལྟར་ལེགས་པར་བསྒྲིགས་ནས་པར་དུ་འཁོད་པ་ལ་འཁྲུགས་ཅུང་ཟད་ཡོད་པ་དང་། ཁ་འཕང་རྣམས་ངག་ནས་ཤེས་དགོས་པ་རྣམས་བཙུད་ནས་བལྟས་ཆོག་འདོན་འགྲིགས་སུ་ཀརྨ་ཨ་རཱ་གས་བྲིས་པ་དེ་བཏོན་པ་ཡིན།
སྨན་བླའི་མདོ་ཆོག་འདི་ནི་བོད་ཡུལ་ལ་ནང་པ་སངས་རྒྱས་པའི་ལུགས་ཀྱི་ཆོ་ག་ཡོངས་གྲགས་ཀྱི་དར་ཁྱབ་བྱུང་བ་ཐོག་མ་དེ་ཡིང་ཅིང། མཚན་ཉིད་ཀྱི་གྲྭ་ས་ཐམས་ཅད་ནས་གུས་མཐོང་ཡང་ཆེས་ཆེ་བ་ཡིན་པར། ཀརྨ་ཆགས་མེད་ཀྱིས། ཆོས་ཕལ་ཆེར་ལ་སྐྱོན་འདོགས་ཤིང་མགུ་དཀའ་བ་མཁས་པའི་གྲྭ་ས་ཆེན་པོ་བྱང་ངམ་རིང་དཔལ་འཁོར་ཆོས་སྡེ་ལ་སོགས་མཚན་ཉིད་ཀྱི་གྲྭ་ས་ཐམས་ཅད་ནས་གསོན་པོའི་སྐུ་རིམ་དང་ཤི་བའི་སྒྲིབ་སྦྱོང་ལ་སྨན་བླ་མ་གཏོགས་གཞན་ཆོ་ག་མི་དར་ཞིང་། བོད་ཡུལ་གྱི་རྡོ་རྗེ་གདན་ལྷ་ས་ཇོ་བོའི་མདུན་དང་བསམ་ཡས་བྱང་ཆུབ་ཆེན་པོའི་མདུན་དུ་གཏོང་རྒྱུའི་ཆོ་ག་ཡང་སྨན་བླའི་ཆོ་ག་ཡིན། ཞེས་གསུངས་ཡོད།
ཆོ་ག་འདི་ལ་ཐུགས་དམ་བྱས་པའི་ཕན་ཡོན་ནི། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་ལས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གཟུངས་འདི་འཆང་ངམ། ཀློག་གམ། མཆོད་དམ། གཙང་མར་བྱས་ཏེ་ཕྱོགས་གཙང་མར་འཕགས་པའི་ཡན་ལག་བརྒྱད་དང་ལྡན་པར་བྱས་ལ་སེམས་ཅན་ཐམས་ཅད་ལ་མཆོག་ཏུ་སྙིང་རྗེ་བས་དེས་དེ་བཞིན་གཤེགས་པ་བདུན་པོ་དེ་དག་གི་སྐུ་གཟུགས་བྱས་ལ།
དེ་བཞིན་གཤེགས་པ་འདི་དག་ལ་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། སྤོས་དང་། ཕྲེང་བ་དང་། རོལ་མོའི་སྒྲ་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱིས་མཆོད་པ་བྱེད་ཅིང་ཉི་མ་བདུན་དུ་འཕགས་པའི་ཡན་ལག་བརྒྱད་ལ་གནས་ཏེ་གཟུངས་ཀྱི་ཚིག་འདི་དག་ལན་སྟོང་རྩ་བརྒྱད་དུ་བཏོན་ན།
དེ་ལ་དེ་བཞིན་གཤེགས་པ་རྣམས་དགོངས་པར་འགྱུར། བྱང་ཆུབ་སེམས་དཔའ་ཐམས་ཅད་སེམས་པར་འགྱུར། རྡོ་རྗེ་འཛིན་ཐམས་ཅད་ཀྱང་ཡང་དག་པར་བསྲུང་བར་འགྱུར། ལྷ་ཐམས་ཅད་དང་། བརྒྱ་བྱིན་དང་། ཚངས་པ་ཐམས་ཅད་དང་། རྒྱལ་པོ་བཞི་པོ་དག་གིས་ཀྱང་ཡོངས་སུ་བསྐྱང་བར་འགྱུར།
མཚམས་མེད་པ་ལྔ་ལ་སོགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་ཡོངས་སུ་བྱང་བར་འགྱུར། ནད་ཐམས་ཅད་ཀྱིས་མི་བཏབ་པར་འགྱུར། རིང་དུ་འཚོ་བར་འགྱུར། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར། འཆི་བ་དང་། དགྲ་དང་། དགོན་པའི་གནོད་པ་དང་། འཐབ་པ་དང་རྩོད་པ་དང་། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར། དགྲ་ཐམས་ཅད་ཀྱི་དབང་དུ་མི་འགྲོ་བར་འགྱུར། ཅི་བསམས་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །ཞེས་སོགས་ཕན་ཡོན་བསམ་ལས་འདས་པ་གསུངས་སོ། །
ཆགས་མེད་གསུང་། སྨན་བླའི་ཆོ་ག་མདོར་བསྡུས་ཤོག་གྲངས་ལྔ་ཙམ་འདུག་དེ་རེད་པས། ཡང་ན་དེ་ལས་རྒྱས་པ་འདུག དྲི་བ་ཡིན།
སངས་རྒྱས་སྨན་བླའམ། སྨན་ལྷ་མཆེད་བདུན་ནམ། མཆེད་བརྒྱད་ཀྱི་རྣམ་ཐར་རྣམས། བཀའ་བསྟན་གང་དུ་བཞུགས་ཡོད་པ་རེད་དམ། ལགས།