ཨཱཙཱརྱ་ཨག་ལོད་ཀྱིས།
༄༅། །མཚན་གྱི་རྒྱལ་མོའི་ལུས་ཟུངས་རྒུད་ཅིང་སྐར་མའི་གྲང་འདར་དགུང་ནས་རྒྱག །
ཟླ་བ་ཁེར་འགྲོ་ནུབ་ཁར་ཆས་ཤིང་མཚམས་སྤྲིན་ཁ་བཏགས་སྐེ་ལ་གཡོགས། །
གྲང་རླུང་ངར་མས་ཕེབས་སྐྱེལ་ཡིན་ཟེར་སྙིང་ཆུང་ལུ་གུ་འཁྱག་གིས་བསྡམས། །
གཡུ་ལོ་མེ་ཏོག་སད་ཀྱིས་བཅོམ་པས་གདུངས་བའི་ལོ་འདབ་ས་ལ་ཉིལ། །
ལྔ་བཅུ་ང་དགུའི་ལོ་ནག་དེ་ལ་མི་རིགས་འདི་ཡི་ལས་དབང་ཤོར། །
སྟོང་ལོ་བཅུ་དགུའི་ལོ་སྨད་འདི་ལ་ཅིཏའི་ཁ་ཕྱོགས་རྨང་ནས་ཤོར། །
སྟོན་ཟླ་དགུའ་པའི་ཚེས་པ་འདི་ལ་གཡུ་ལོ་མེ་ཏོག་རླུང་གིས་བསྐྱོམས། །
དགུ་གསུམ་འདི་དག་དྲན་པའི་མོད་ལ་ན་ཟུག་ཚེར་མའི་མལ་དུ་བསྙལ། །
སྨུག་པས་གཡོགས་པའི་རྡོ་ལའི་རི་བོར་ཕྱོགས་མེད་རླུང་བུའི་བརྟུལ་ཞུགས་འཛིན། །
ཆར་པས་བརླན་པའི་རྡ་སའི་གྲོང་དུ་ཟིལ་མའི་ཐིགས་ཕྲེང་གྲངས་སུ་བཤེར། །
ལྷུག་ལྷུག་འབབ་པའི་བྷག་ཟུར་ཆུ་མོར་ཕྱིར་རྟོག་གཏམ་གྱི་ཉིང་ཁུ་བསྐྱུགས། །
གཡུ་ལོ་མེ་ཏོག་སེར་བས་བརྡུངས་བའི་ན་ཟླའི་གཡུ་སྦྲང་འདི་ཀོ་སྐྱོ། །
སྲང་ལམ་དོག་པའི་གངས་སྐྱིད་གཞུང་དུ་ལས་སྣེ་ཞིག་གི་སྒོ་གླེགས་བརྡུངས། །
འཁུན་སྒྲ་ཆེ་བའི་བདེ་ལེགས་ཁང་དུ་བཟང་དྲུག་སྨན་གྱི་ཐུན་ཟས་བསྟེན། །
ལྗོན་པས་བསྐོར་བའི་གྷམ་རུ་གྲོང་དུ་སྟོང་བསམ་དུ་མའི་རི་ཀླུང་བསྙེགས། །
གཡུ་ལོ་མེ་ཏོག་རླུང་གིས་སྤུར་བའི་མྱ་ངན་སྡོང་པོ་ཁེར་རྐྱང་འགྲེངས། །
སྤྲིན་པས་བཏུམས་པའི་གནམ་འོག་འདི་ནས་རེ་བའི་ཕྱེ་ལེབ་གཤོག་ཡ་ཆག །
གངས་ཀྱིས་བཀླུབས་པའི་རི་རྩེ་འདི་ནས་སེངྒེ་དཀར་མོའི་གཡུ་རལ་བསིགས། །
སྔོ་ཞིང་ལྡེམ་པའི་མཚོ་མོའི་ཀློང་ནས་ཡོ་ལང་རྦ་རླབས་དྲག་པོར་གཡོས། །
མདུན་ལ་ཕྱོགས་པའི་མི་ཚེའི་རྨི་ལམ་ཁ་དོག་སྔོ་སེར་དཀར་དམར་མང་། །
འདུ་འཛི་རྒོད་པའི་པཱ་ལང་པུར་བར་སེམས་ཀྱི་གླང་པོ་བདག་མེད་ཤོར། །
དབེན་ཞིང་བས་མཐའི་སྦི་རི་གྲོང་དུ་ལྷིང་འཇགས་འཇིག་རྟེན་སྒོམ་དུ་ལྷགས། །
མི་ཚོགས་ཆེ་བའི་གཙུག་ལག་ཁང་དུ་སྡིག་བཤགས་ལས་ངན་བྱང་ཕྱིར་བཅར། །
གཡུ་ལོ་མེ་ཏོག་རྡོག་པས་བརྫིས་པའི་དུས་ཀྱི་ཕོ་ཉའི་གད་རྒྱངས་ལགས། །
ཐ་མག་དུ་བའི་སྨུག་ཞགས་ཀློང་ནས་སེམས་ཀྱི་ཁ་དོག་འཚོལ་དུ་ཕྱིན། །
སྦི་རག་གྲང་མོའི་བཅུད་དང་བསྡོངས་ནས་འཆི་མེད་རྒྱལ་པོའི་གྲོང་དུ་གཤེགས། །
བློ་ཁ་མཐུན་པའི་གྲོགས་མཆོག་ལྷན་དུ་སྙིང་གཏམ་ཆུ་སྣེ་གཅིག་ཏུ་བསྲེས། །
གཡུ་ལོ་མེ་ཏོག་ཆར་པས་བརླན་པའི་མིག་མཆུའི་ཟིལ་མ་ཁྲོམ་ཁྲོམ་ཐིགས། །
ཀ་མེད་གཟིམ་ཆུང་གྲུ་བཞིའི་ནང་དུ་གཉིད་མེད་མཚན་གྱི་ཕ་མཐར་བསྐྱལ། །
བཀོལ་སྤྱོད་ཆེ་བའི་ཁ་པར་ནང་ནས་དུས་ཀྱི་མགྲོན་པོར་སྐྱེལ་མ་བྱས། །
གློག་ཀླད་གྲུ་བཞིའི་ལྡེབས་རིས་ངོས་སུ་གདུངས་བའི་སྙན་ཚིག་རེ་ཁར་བྲིས། །
གཡུ་ལོ་མེ་ཏོག་སྨུག་པས་བསྟིབས་པའི་སྐྱོ་གདུང་མུན་པའི་འོབ་ཏུ་ཚུད།། །།
༢༠༡༩།༩།༡༧།
སེམས་ནང་ཡོད་པའི་གཡུ་ལོ་མེ་ཏོག་ལས་ངན་གྲང་བས་བཙེས་ལགས་སམ། །
ཁ་མཚར་ཆེ་བའི་ཨག་ལོད་ཁྱོད་ཉིད་སྐྱོ་གདུང་མུན་པས་བཅོམ་ལགས་སམ། །
དགའ་རོགས་ཡིན་ཞེས་འཁྲིད་པ་མ་མཐོང་དགའ་མས་གཡུགས་པ་ག་ནས་ཡིན། །
གང་ལྟར་ད་ཐེངས་དམག་བྱུས་ཕམ་ནས་འགྲོ་སྟངས་སྡོད་སྟངས་ཤོར་འདི་སྐྱོ། །
ཁོང་པ་ལགས། སྙན་དངགས་གང་དང་དགའ་བྱུང་འདུག །མཚན་གུང་མཚམས་སྤྲིན་ཡོད་པ་དེ་དགའ་བདེ་རང་མ་བྱུང་ངོ།
༄༅། རང་ཡུལ་བཙན་པོས་ཟས་ནས་མི་ལོ་དྲུག་བཅུ་ལྷག་ཏུ་ཟིན་ན་ཡང།
ཡུལ་ལྷ་གཞི་བདག་སྐྱེས་ལྷ་སྲུང་མ་རྣམ་པས་མི་གཟིགས་ཅི་ཞིག་ཡིན།
བོད་ཀྱི་བདག་པོ་བོད་མི་རྣམས་ཚོ་དམར་པོའི་ལྟ་སྤྱོད་སྤེལ་བ་སྐྱོ།་
ཆོས་མེད་དངོས་མེད་ཞི་བདེ་རང་དབང་གཏན་མེད་པ་ད་ཅི་ཞིག།
རྩོམ་འདྲ་ཡོད་ན་ཕ་ཡུལ་བཙན་འཕྲོག་དམར་པོའི་ལྟ་སྤྱོད་འདི་ཐོག་བྲིས།
འཆལ་གཏམ་ངག་བཀྱལ་རྩོམ་བྲིས་པ་ནི་དོན་མེད་དུས་ཚོད་འཕྲོ་བརླག་རེད།
སྙན་ངག་ངོ་མ་ཡག་པོ་བྲིས་འདུག།
ཁ་བྱངརྐུས་ནི་མིན་་རྒྱུ་ན་ཡག་གི་ཡ།
འཇིགས་བྲལ་དགའ་རོགས་མེད་པ་གཏན་ནས་མིན་ཏ།
ཧཧཧ