ཡེ་ཤུའི་འཁྲུངས་སྐར་གྱི་ཞོགས་པར་བྱིས་པ་རྣམས་ལ་ལེགས་སྐྱེས་རྔན་པ་འཁྱེར་ཡོང་བར་བཤད་པའི་སན་ཏ་་ ཁི་ལའུ་སི་ཞེས་པ་འདི་ལ་ལོ་རྒྱུས་རིང་པོ་ཞིག་ཡོད་འདུག དེ་ཡང་མཐར་གཏུགས་ན་འཕགས་པ་ནིས་ཁོ་ལ་སི་(St. Nicholas c. 280–343) ཞེས་པ་ལ་ཐུག་འདུག
འཕགས་པ་ནིས་ཁོ་ལ་སི་ནི་ཡེ་ཤུའི་མཁན་པོ་ཞིག་ཡིན་ལ། ཁོང་ནི་ད་ལྟའི་ཊུར་ཀེ་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པའི་ས་ཆ་པཱ་ཏཱ་རཱ་ཞེས་པར་ཕྱི་ལོ་༢༨༠ ཙམ་ལ་འཁྲུངས་པ་དང་། ཁོང་གིས་དབུལ་ཕོངས་ལ་རོགས་བྱས་པ་རེད་ལ། ཁོང་འདས་རྗེས་ཁོང་གི་ལེགས་སྐྱེས་རྔན་པ་སྤྲོད་པའི་ལམ་སྲོལ་དེ་དར་ཁྱབ་ཕྱིན་པ་དང་། རིམ་གྱིས་འཕགས་པ་ནིས་ཁོ་ལ་སི་ཡང་འཛམ་གླིང་ཁྱོན་གྱི་བྱིས་པ་རྣམས་ལ་ཡེ་ཤུའི་འཁྲུངས་སྐར་ཉིན་ལེགས་སྐྱེས་འཁྱེར་ཡོང་མཁན་གྱི་གྲགས་ཆེ་བའི་མི་སྣ་སན་ཏ་ ཁི་ལའུ་སི་ཞེས་པར་གྱུར་པ་རེད།
ཁོང་ནི་ཕྱུག་པོ་ཞིག་གི་ཁྱིམ་དུ་འཁྲུངས་ཡོད་པ་དང་། སྐུ་ན་ཕྲ་བའི་སྐབས་སུ་ཕ་མ་གཉིས་འདས་ཤིང་། བཤད་རྒྱུན་ལྟར་ན། སྟོན་པ་ཡེ་ཤུའི་གསུང་ཚིག་ “རང་ལ་གང་ཡོད་པ་བཙོངས། སྒོར་མོ་རྣམས་དབུལ་ཕོངས་ལ་བྱིན།” ཞེས་པའི་ངག་ལ་མཉན་ནས་ཁོས་རང་གི་ཕ་མའི་རྒྱུ་ནོར་རྣམས་དབུལ་པོ་དང་ནད་པར་རོགས་རམ་བྱེད་རྒྱུར་སྤྱད་པ་རེད། ཁོང་ཡེ་ཤུའི་ཆོས་ལ་དད་འདུན་བརྟན་པོ་ཡོད་པ་ཞིག་ཡིན་པ་དང་ཕྱིས་སུ་ད་ལྟ་ཌེམ་རི་(Demre)ཞེས་པའི་འབོད་པའི་གྲོང་ཁྱེར་མའེ་ར་(Myra)ཞེས་པ་ཞིག་ཏུ་ཆོས་དཔོན་ནམ་མཁན་པོ་བྱས་པ་རེད།
འཕགས་པ་ནིས་ཁོ་ལ་སིའི་སྐོར་ལ་གཏམ་རྒྱུད་ཧ་ཅང་མང་པོ་ཡོད། ཐེངས་ཤིག་ཁོང་གིས་བུ་མོ་དབུལ་པོ་སྤུན་གསུམ་ལ་རོགས་རམ་བྱས་པ་རེད། ཁོང་ཚོའི་ཕ་དེ་༼བཤད་རྒྱུན་ལ་ལར་ཁོང་ཚོང་པ་ཞིག་རེད་ཟེར།༽ལ་བུ་མོ་རྣམས་གཉེན་སྒྲིག་པའི་སྐབས་སུ་སྤྲོད་རྒྱུའི་གཉེན་རིན་སྒོར་མོ་མེད་སྟབས་བུ་མོ་རྣམས་བྲན་གཡོག་ཏུ་བཙོང་རྩིས་བྱས། དུས་སྐབས་འདིར་བུ་མོ་རྣམས་ལ་གཉེན་རྟེན་སྒོར་མོ་མེད་ན་བྲན་གཡོག་གམ་སྨད་འཚོང་གི་ལས་སུ་འཇུག་དགོས་ཡོད། འཕགས་པ་ནིས་ཁོ་ལ་སི་མཚན་མོར་ཡིབ་ནས་ཁྱིམ་ཚང་དེར་ཕྱིན་ཏེ་གསེར་གྱི་སྒོར་མོའི་སྣོད་ཅིག་སྒེའུ་ཁུང་ནས་གཡུགས། སྒོར་མོ་དེས་བུ་མོ་རྒན་པ་གཉེན་སྒྲིག་ཐུབ་པར་གྱུར། དེའི་རྗེས་སུ་སྒོར་མོ་ཐེངས་གཉིས་པ་གཡུགས་པ་དེས་བུ་མོ་བར་མ་གཉེན་སྒྲིག་ཐུབ་པར་གྱུར། གསེར་གྱི་ལེགས་སྐྱེས་གསུམ་པ་ཡང་འབྱོར་རེ་བྱེད་བཞིན་ཕ་དེས་སྒུག་བཞིན་མཚན་གང་ལ་བསྡད། གསེར་གྱི་སྣོད་གཡུགས་མ་ཐག་ཏུ་ཕྱི་རོལ་དུ་སོང་ནས་ཡ་མཚན་པའི་མི་དེ་ལ་བལྟས་སྐབས་དེ་ནི་འཕགས་པ་ནིས་ཁོ་ལ་སི་ཡིན་པ་ཤེས། ཁོང་གིས་འཕགས་པ་ལ་ཐུགས་རྗེ་ཆེ་ཞུས་པ་རེད། འཕགས་པས་ “ང་ལ་ཐུགས་རྗེ་ཆེ་ཞུ་མི་དགོས། ཐུགས་རྗེ་ཆེ་ཞུ་ན་དཀོན་མཆོག་ལ་ཞུས།” ཞེས་ལན་བཏབ། དེ་ལྟར་བྱས་ནས་བུ་མོ་གསུམ་གཉེན་སྒྲིག་ཐུབ་པར་གྱུར། ཡང་བཤད་སྲོལ་གཞན་ཞིག་ལྟར་ན། ཁྱིམ་དེའི་དུད་ཁུང་ནས་གསེར་འཕངས་པ་མེ་ཐབ་ཀྱི་མདུན་དེར་སྐམ་རྒྱུར་བཞག་པའི་རྐང་ཤུབས་ནང་ཟགས་པ་རེད་ཅེས་བཤད། ད་དུང་ཁོང་གིས་ཉེས་མེད་དུ་བཙོན་འཇུག་དང་སྲོག་ཁྲིམས་བཅད་པའི་མི་གསུམ་གྱི་ཚེ་སྲོག་བསྐྱབས་པའི་ལོ་རྒྱུས་ཀྱང་ཡོད།
ཡིག་ཆའི་ཁུངས་འགའ་ཞིག་ལྟར་ན། འཕགས་པ་ནིས་ཁོ་ལ་སི་ནི་ཕྱི་ལོ་ ༣༤༣ ལོའི་ཟླ་བ་ ༡༢ ཚེས་ ༦ ཉིན་གྲོངས་ཡོད་པ་རེད། དེའི་རྗེས་ཀྱི་ལོ་ཟླ་དག་གི་ནང་། ཁོང་གི་རྫུ་འཕྲུལ་དང་ཁོང་གིས་དབུལ་ཕོངས་ལ་རོགས་རམ་བྱས་པའི་གཏམ་རྒྱུད་རྣམས་འཛམ་གླིང་ལ་འཕེལ་བར་གྱུར། ཁོང་ནི་བྱིས་པ་དང་གྲུ་གཏོང་མཁན་རྣམས་ཀྱི་སྲུང་སྐྱོབ་པ་ཡིན་པར་གྲགས་ཆེ་ཞིང་ལེགས་སྐྱེས་སྤྲོད་པའི་ལམ་སྲོལ་དང་འབྲེལ་ཡོད་པ་རེད།
འཕགས་པ་ནིས་ཁོ་ལ་སི་ནི་ཡུ་རོབ་ཏུ་གྲགས་ཆེ་བའི་མི་སྣ་ཞིག་ཏུ་གྱུར་པ་དང་། ཕྱིས་སུ་དུས་ཟིང་སྣ་ཚོགས་ཀྱི་སྐབས་སུའང་ཁོང་གི་སྙན་གྲགས་ཡལ་མེད་ལ། ཧོ་ལན་ཌི་རྒྱལ་ཁབ་ཏུ་ཁོང་ནི་གལ་ཆེ་བའི་མི་སྣ་ཞིག་ཏུ་གནས་པ་རེད། ཧོ་ལན་ཌིའི་མི་རྣམས་ཀྱིས་ཁོང་གྲོངས་པའི་ཉིན་མོ་སྟེ་ཕྱི་ཟླ་ ༡༢ ཚེས་ ༦ ཉིན་དུས་ཆེན་སྲུང་བརྩི་བྱེད་ཅིང་བྱིས་པ་རྣམས་ཀྱིས་ཉིན་འདིའི་སྔ་དགུང་རང་གི་གྱོན་ལྷམ་ཕྱི་རོལ་དུ་འཇོག་ཅིང་། ཕྱི་ཉིན་ཁོང་ཚོར་འཕགས་པ་ནིས་ཁོ་ལ་སི་ཡིས་བཞག་པའི་ལེགས་སྐྱེས་རྣམས་རག་གི་རེད། ད་དུང་ཉིན་འདི་ནི་ཉོ་ཚོང་ཆེན་པོ་བྱེད་པའམ་ཡང་ན་གཉེན་སྟོན་བྱེད་པ་སོགས་ལ་ལམ་ལྷོང་ཆེ་བའི་དུས་ཆེན་ཞིག་ཏུའང་བརྩི་བ་རེད།
ཕྱིས་སུ་ཧོ་ལན་ཌིའི་ཡུལ་སྐད་དུ་འཕགས་པ་ནིས་ཁོ་ལ་སི་ལ་ སིན་ཊར་ ཀི་ལ་སི་ ཞེས་འབོད་པ་དེ་ཨ་མི་རི་ཁར་སླེབས་པ་དང་། ཡུལ་སྐད་དེའི་སྒྲ་ཡང་འགྱུར་ནས་རིམ་གྱིས་ སཱན་ཊ་ ཁི་ལའུ་སི་(Santa Claus) ཞེས་འབོད་མགོ་བཙུགས་པ་དང་། དུས་ཚོད་ཀྱང་འགྱུར་ཡེ་ཤུའི་འཁྲུངས་སྐར་དང་སྟབས་བསྟུན་པ་ཞིག་ཡིན་པ་རེད།
རྩོམ་འདི་ནི་ དྲ་བ་དག་ནས་ཕྱོགས་སྒྲིག་བྱས་པ་ཡིན་སྟབས་ནོར་འཛོལ་གང་མཆིས་ལ་དགོངས་འགལ་མེད་པ་ཞུ། གཤམ་དུ་ཡོད་པ་ནི་དྲ་ལམ་ན་འཕེལ་བཞིན་པའི་པར་རིས་སྐོར་གཅིག་ཡིན་ནོ།།
རྟོག་སྒྲུང་དེར་ཞིབ་འཇུག་ཡག་པོ་གནང་འདུག བཀའ་དྲིན་ཆེ།