ཇོ་མོ་གླང་མའི་ཁ་ཆར་ཞོད་པོས་ཨ་ཆེན་གངས་རིས་སྔམ་པ་ཤོར།།
ཉམ་ཐག་སྤྲང་པོའི་གོང་ཁ་རེ་ན་ཁྱེད་ཀྱི་ཐུགས་རྗེའི་སྤྱན་ཆབ་རེ།།
གཞིས་བྱེས་བོད་མིའི་ངོ་གདོང་རེ་ན་ཁྱེད་ཀྱི་ཕྱག་གི་རྔུལ་ཆུ་རེ།།
ཤར་ནུབ་མཁས་པའི་ཚོགས་ཆེན་རེ་ན་ཁྱེད་ཀྱི་བསམ་བློའི་འཛུམ་མདངས་རེ།།
ལྷོ་རྒྱུད་གོ་ལའི་བཞི་མདོ་རེ་ན་ཁྱེད་ཀྱི་བདེན་པའི་གསུང་སྐད་རེ།།
རྨ་སྟོད་འབྲོང་གི་ཧར་སྒྲ་གཅིག་གིས་གདོད་མའི་ཁྱིམ་ཚང་རྨང་ནས་འཁྲུགས
ཤར་མཐའི་རླུང་ཡན་འུར་གྱིས་གཡུགས་པས་བྱང་ཐང་རྐྱང་ཁྱུ་ཤེད་ཀྱིས་དཀྲོགས།།
ཁྲི་ཤོར་རྒྱལ་མོའི་མཚོ་རླབས་དབུས་ནས་བདེན་སྟོབས་འོད་ཀྱི་བཞིན་རིས་འཛུམ།།
ཉི་མ་ལྷ་སའི་སྤྲིན་དཀར་ཕོན་པོ་ཙོང་ཁའི་བླ་རིའི་དབུ་ལ་བསྒྲོན།།
ཨ་མས་མིག་མཐའི་མཆི་མ་ཕྱིས་ཏེ་རེ་བའི་སྐ་རགས་ཡར་ལ་བཅིངས།།
རྩེད་དགོད་ལུས་ཀྱི་གར་སྟབས་རེ་རེ་སྙིང་གི་སྒྲོམ་བུར་འོད་དུ་འཚེར།།
དད་འདུན་ཡིད་ཀྱི་ལོ་རྒྱུས་རིང་མོར་རྣམ་ཐར་གསར་བའི་ཁ་སྣོན་མཛད།།
ཆིབས་བསུ་གར་གྱི་གྲལ་རྡང་བསྒྲིག་ཅིང་རྔ་གླིང་རོལ་མོའི་སྒྲ་དབྱངས་ལྡིར།།
ཕེབས་བྱམས་སེར་པོའི་དྲ་མིག་ནང་ལ་མིག་དབང་འབུམ་ཕྲག་དུས་གཅིག་དྲངས།།
རྭ་སྒྲེང་ཕྱག་གི་ཁ་བཏགས་དཀར་པོས་ལེགས་གསོལ་སྨོན་པའི་དམ་ཚིག་བཏེགས།།
ཡོངས་འཛིན་རྣམས་ཀྱི་དགོངས་པའི་རྩལ་ལས་ལྟ་སྤྱོད་གཙང་མའི་རང་ཚུགས་ཟིན།།
ཕོ་བྲང་དམར་པོའི་རྔམ་བརྗིད་ཀློང་ནས་ཕ་ཁྱིམ་སྨུག་པོའི་དྲོ་གྲང་མྱངས།།
ལོ་རྒྱུས་འཁོར་ལོའི་རྩིབས་མ་རིང་བའི་སྲིད་གཞུང་དགའ་ལྡན་ཕོ་བྲང་བསྐྱངས།།
ལེགས་བཅོས་གསར་བའི་བཅའ་ཁྲིམས་བསྣམས་ཏེ་བློ་སྟོབས་དར་ཆ་ཡར་ལ་ཕྱར།།
ཚན་རྩལ་ཤེལ་གྱི་རྒྱང་མཐོང་ནང་ནས་ཟླ་བའི་གོ་ལ་སྤྱན་གྱིས་འཚོས།།
རྒྱལ་རྩེའི་དབྱིན་འགོག་དམག་འཁྲུག་རྗེས་ཀྱི་ཐལ་རྡུལ་འཚུབ་མ་སྐྱ་ཉིལ་ལེ།།
དམར་དམག་རྒྱང་སྐྱོད་རྡོག་སྒྲ་རྩུབ་མོར་ཤ་ཁྲག་རུས་པའི་འོ་དོད་མཆེད།།
ས་དང་ཆུ་ཡི་དཀྱིལ་འཁོར་དཀྲུགས་པས་ལྷོ་ལམ་ཕྲ་མོ་ཞབས་ཀྱིས་བཅགས།།
རང་དབང་སེམས་ཀྱི་རྒྱ་ཁྱོན་མ་བརྐུམས་བདེན་ཚིག་གདོང་གི་དམར་མདངས་བསྟན།།
རྡ་རམ་ས་ལའི་རི་ལུང་གཟར་པོར་གསར་འགྱུར་སྨུག་པའི་རླབས་ཀྱིས་བཏུམས།།
བཙན་བྱོལ་བོད་པའི་འུར་སྒྲ་མཐོན་པོ་ཞི་འཇམ་སློབ་གསོའི་གཅེས་སྐྱོང་གནང་།།
སྡེ་པ་གཞུང་གི་རྩ་ཁྲིམས་རྙིང་པ་དམངས་གཙོའི་སྲིད་ཀྱིས་ཁ་ཕྱོགས་བསྒྱུར།།
མཐུན་སྒྲིལ་ཕྱག་གིས་ཐལ་མོ་སྦྱར་ཏེ་རྒྱ་བོད་བར་གྱི་འདུམ་པ་མཛད།།
རྡོ་རྗེ་གདན་གྱི་མཆོད་རྟེན་མདུན་ནས་རིགས་དྲུག་སེམས་ཅན་ཐུགས་ཀྱིས་བཟུང་།།
ཁ་ཆེའི་ཆོས་པའི་ཞྭ་མོ་གྱོང་པོར་ཡིད་ཆེས་མཛད་པས་སྣུམ་ཐིག་བྱུགས།།
ཕོ་བྲང་དཀར་པོའི་སྲིད་ཀྱི་སྡིངས་ཆར་ཐོབ་ཐང་གསེར་གྱི་རྟགས་མ་བཞེས།།
ནོ་བྷེལ་ཞི་བདེའི་གཟེངས་རྟགས་བླངས་ཏེ་རླབས་ཆེན་མི་ཡི་གཙོ་འཛིན་མཛད།།
ཉམ་ཐག་སྤྲང་པོའི་གོང་ཁ་རེ་ན་ཁྱེད་ཀྱི་ཐུགས་རྗེའི་སྤྱན་ཆབ་རེ།།
གཞིས་བྱེས་བོད་མིའི་ངོ་གདོང་རེ་ན་ཁྱེད་ཀྱི་ཕྱག་གི་རྔུལ་ཆུ་རེ།།
ཤར་ནུབ་མཁས་པའི་ཚོགས་ཆེན་རེ་ན་ཁྱེད་ཀྱི་བསམ་བློའི་འཛུམ་མདངས་རེ།།
ལྷོ་རྒྱུད་གོ་ལའི་བཞི་མདོ་རེ་ན་ཁྱེད་ཀྱི་བདེན་པའི་གསུང་སྐད་རེ།།
མི་བཟོད་སྙིང་རྗེའི་གཡོ་འགུལ་ཟབ་མོས་མཐའ་ཡས་རྒྱ་མཚོའི་རླབས་སྒྲ་བཅུམ།།
རྫོགས་ཆེན་ལྟ་བའི་མྱོང་པ་བརྟན་པོས་སྲིད་པའི་རི་བོའི་ང་རྒྱལ་གཞོམ།།
དཔྱོད་ཤེས་རིག་པའི་གོ་རྟོགས་མཐོན་པོས་ཚན་རིག་མཁན་པོའི་ཡིད་དབང་བཀུགས།།
འགྲུལ་བཞུད་སྐུ་ཡི་མཛད་སྤྱོད་བཟང་པོས་སྐྱེ་རྒུའི་སྡུག་གི་གཉེར་མ་བསལ།།
ལོ་འཁོར་སུམ་བརྒྱའི་འགན་དབང་ལྕི་མོ་སྤོབས་པ་ཆེན་པོས་གསོལ་རས་བསྩལ།།
མིག་རྒྱང་རིང་པོའི་དཔེ་སྟོན་མཛད་དེ་བརྩེ་བས་བོད་འབངས་ཕྱག་གིས་བཟུང་།།
སྙིང་སྟོབས་བསླབ་བྱའི་ཆར་རྒྱུན་སྣུམ་པོས་མེ་རྡུལ་མཚོན་ཆའི་རྣོ་ངར་བསད།།
རྒྱལ་སྤྱིའི་མིག་གི་གུར་ཁྱིམ་ནང་ན་གཟི་མདངས་སྐུ་ཡི་མཛད་རྗེས་འཁྱིལ།།
མིའི་རིགས་ཀྱི་སྐྱེས་བུ་ཆེན་པོ་༧རྒྱལ་བ་རིན་པོ་ཆེ་སྟེ། གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོ་མཆོག་གི་བཀའ་དྲིན་དྲན་ཞིང་། དད་འདུན་དང་དགའ་སྐྱོ་འདྲེས་མའི་མགྲིན་ལམ་ནས་བརྡོལ་བའི་གླུ་འདི། སྙོམ་ལས་པ་གཙང་ཞོལ་བདེ་གསལ་གྱིས་རི་བོ་རྡ་རམ་ས་ལ་ནས་སྤྱིལོ་༢༠༡༡ཟླ་༦ཚེས༢༦ཉིན་བླངས་སོ།།
སྐྱབས་སུ་ཆེ་ ད་བར་རྩ་བ་ནས་མཇལ་མ་མྱོང་བའི་སྐུ་དཔར་ཞིག་ཁྱེད་ལ་འདུག་ དེ་ག་དུས་ཡིན་ནམ་ གང་དུ་ཡིན་ནམ་