གསར་འགོད་པ། ཡུམ་སྐྱབས།
སྤྱི་ལོ་༢༠༡༩ལོའི་ཟླ་༥ཚེས་༡༨ཉིན་གྱི་ཉིན་གུང་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་སུ་སུད་སི་ས་གནས་རེ་ཀོན་ནས་ཕུལ་སོང་། ཐེངས་འདིའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་དང་རེ་ཀོན་དགོན་པའི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་གཙོས་དགེ་འདུན་པ་རྣམ་པ། ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་གཙོས་སྤྱི་ཟུར་རྣམ། དེ་བཞིན་ཚོགས་པ་སྒྲིག་འཛུགས་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ་བཅས་ཁྱོན་མི་གྲངས་གཉིས་རྒྱ་ཙམ་ལྷན་འཛོམས་ཀྱིས་མཛད་སྒོ་གཟབ་རྒྱས་ངང་འཚོགས་སོང་།
སུད་སི་ས་གནས་མདོ་སྨད་མི་མང་གི་ཚོགས་གཙོ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་མཛད་སྒོའི་དབུ་འབྱེད་གཏམ་བཤད་གནང་དོན་གཟེངས་རྟགས་འདི་ནི་སྤྱི་ལོ་༢༠༡༣ ལོར་ས་གནས་རྒྱུན་ལས་སྐབས་བརྒྱད་པས་མདོ་སྨད་ཀྱི་ཤེས་ལྡན་པ་དང་རྒན་རབས་པ་མང་པོ་ཞིག་ལ་དགོངས་ཚུལ་བསྡུ་ལེན་གྱིས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་ཡང་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཆེས་དཀའ་སྡུག་ཆེ་ཞིང་གཉན་ཕྲེང་གི་དུས་རིམ་ཁྲོད་བོད་བསྟན་སྲིད་མི་རིགས་ལ་མཛད་རྗེས་རླབས་ཆེན་སྐྱོང་མཁན་བོད་ཀྱི་སྲི་ཞུ་ཞིག་ལ་འབུལ་གཏན་ཁེལ་བ་ཞིག་ཡིན་འདུག
གཟེངས་རྟགས་འདི་འདྲ་ཞིག་འབུལ་དགོས་པ་ནི་བོད་སྐྱེས་ཆེན་སྲི་ཞུ་བ་རྣམས་ཀྱིས་སྐུ་ཚེ་ཧྲིལ་བོར་བོད་བསྟན་སྲིད་ཆེད་མཛད་རྗེས་རླབས་ཆེན་བཞག་པ་མི་མང་གིས་ངོས་འཛིན་དང་མ་འོངས་བོད་ཀྱི་ལོ་རྒྱུས་ཁྲོད་ཁོང་རྣམ་པའི་མཛད་རྗེས་ཡུན་གནས་ཐུབ་པ་དང་མི་རབས་གསར་བ་རྣམས་ལ་མིག་དཔེ་བཟང་བོ་ཞིག་ཏུ་འགྱུར་བའི་ཆེད་ཡིན་པ་གསུངས་སོང་།
དེ་བཞིན་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་མི་ཚེ་ལོ་རྒྱུས་དང་ཁོང་གིས་མི་ཚེ་ཧྲིལ་བོར་བོད་མི་རིགས་ཀྱི་བསྟན་སྲིད་ཆེད་དུ་དཀའ་བ་ཁྱད་བསད་དང་ངལ་བ་དང་བླང་གིས་ཕྱག་ལས་ཅི་ལྟ་བུ་ཞིག་གནང་ཡོད་སྐོར་ནས་གཏམ་བཤད་བྱས་རྗེས་ཐེངས་འདིའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གསུང་བཤད་གནང་།
ཁོང་གིས་གསུངས་དོན་གསེར་གྱི་གཟེངས་རྟགས་གནང་ཡུལ་གྱི་གང་ཟག་རང་ལྟ་བུ་ཡིན་ན་དངོས་འབྲེལ་བྱས་རྗེས་རྔོ་ཐོག་པ་འདི་ཡོད་ཅེས་བཤད་རྒྱུ་གང་ཡང་མེད་ལ། དེ་འདྲའི་འོས་བབས་ཤིག་ཀྱང་མིན་སྟབས་སེམས་ནང་མ་བདེ་བ་ཞིག་དང་། ཕྲན་བུའི་འཚེར་སྣང་ཡོང་གི་འདུག ད་བར་ག་རེ་ཞུས་པ་འདི་ནི་གུས་རང་བོད་པ་ཞིག་ཡིན་པའི་ཆ་ནས་ལས་འགན་ཞིག་དང་ཡིན་པ་དང་། དེ་ཡང་ཞུ་འོས་པ་དང་དགོས་པ་ཞིག་ཀྱང་ཡིན། འདས་པའི་ལོ་ངོ་༦༠ ཙམ་རིང་དངོས་འབྲེལ་ཚང་མས་བཙན་བྱོལ་ནང་སྐུ་ལས་ཞེ་དྲག་སྐྱོན་ཡོད་རེད། ལྷག་པར་ཏུ་མི་རབས་རྒན་པ་ཚོས་སྐུ་ལས་སྐྱོན་པ་འདི་ང་ཚོས་དུས་རྟག་ཏུ་དྲན་དགོས་པ་ཡིན། སུད་སི་མདོ་སྨད་མི་མང་ནས་བོང་བ་གསེར་གཟིགས་ཀྱིས་ཕྲན་ནས་ངོ་ལོ་༤༠ལྷག་རིང་སྤྱིར་བསྟན་སྲིད་སྤྱི་དང་། ལྷག་པར་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་༧གོང་ས་སྐྱབས་མགོན་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞབས་སྣེར་སྲི་ཞུ་བསྒྲུབ་རྒྱུའི་ལས་དབང་སྐལ་བཟང་གི་གོ་སྐབས་བྱུང་བ་ནི་འདི་དང་ཕྱི་མའི་རྒྱབ་བརྟེན་བསུབ་ཏུ་མེད་པ་ཞིག་ཡིན་སྙམ་པ་ལས་དེ་མིན་བྱས་རྗེས་འབུར་ཐོན་གང་ཡང་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་དེ་ནི་སྐབས་སོ་སོའི་ལས་རོགས་རྣམ་པའི་རྒྱབ་སྐྱོར་དང་གོང་འོག་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་ཡིན། ཡིན་ནའང་ད་རེས་ཕྲན་ལ་གཟེངས་བསྟོད་འདི་འདྲ་གནང་བ་དེར་བཀའ་དྲིན་ཆེ་ཞེས་གསོལ་རས་ཞུས་པ་དང་སྦྲགས་དེ་སྔ་སོ་སོར་མཉམ་དུ་ཕྱག་ལས་གནང་མཁན་འདས་གསོན་ཚང་མའི་ཚབ་ཞུས་ཏེ་གཟེངས་རྟགས་ཞུས་པ་ཞིག་ལ་མང་ཚོགས་ནས་ངོས་འཛིན་གནང་རོགས་ཞེས་གསུངས་སོང་།
ཐེངས་འདིའི་གཟེངས་རྟགས་འབུལ་ས་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ནི་༡༩༥༦ལོར་བོད་སྟོད་ཁུལ་དུ་འཁྲུངས་ཤིང་༡༩༥༩ལོར་རྒྱ་གར་ཏུ་སྐྱབས་བཅོལ་ཏུ་ཕེབས། སློབ་གྲྭ་ཆེ་འབྲིང་རིམ་ཐོན་བྱས་རྗེས་ཀྱི་༡༩༧༧ལོར་བཅན་བྱོལ་བོད་གཞུང་གི་སྲི་ཞུ་བའི་ཡིག་རྒྱུགས་ནང་ཞུགས་ཏེ་༡༩༧༧ལོའི་ཟླ་༦ནས་བདེ་སྲུང་ལས་ཁུངས་སུ་ལོ་གཅིག་རིང་ཚོད་ལྟའི་རྒན་དྲུང་ལས་ཚབ་ཏུ་བསྐོ་བཞག་གནང་། ༡༩༧༨ལོ་ནས་བདེ་སྲུང་ལས་ཁུངས་ཀྱི་རྒན་དྲུང་ངོ་མར་བསྐོ་བཞག་གནང་ནས་བཟུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་ཚབ་དང་བདེ་སྲུང་ལས་ཁུངས་ཀྱི་སྐུ་ཕྱྭ་དང་གསང་བའི་ལས་དོན་གྱི་འགན་བཞེས། སྤྱི་ལོ་༢༠༠༧ལོའི་བཀའ་ཤག་སྐབས་༡༣པའི་སྐབས་ཀྱི་བདེ་སྲུང་བཀའ་བློན་དང་། ༢༠༡༡ལོའི་བཀའ་ཤག་སྐབས་༡༤པའི་བདེ་སྲུང་བཀའ་བློན། ༢༠༡༦ལོའི་ཟླ་༥པའི་ཚེས་༣༡ནས་རྒྱལ་ས་ལྡི་ལིའི་སྐུ་ཚབ་དོན་གཅོད་གནང་མུས་བཅས་མི་ལོ་༤༠ ལྷག་རིང་བོད་བསྟན་སྲིད་མི་རིགས་ཆེད་ཕྱག་ལས་རླབས་ཆེན་གནང་མཁན་ཞིག་ཡིན་འདུག
སྐུ་མགྲོན་རྣམ་པས་གཏམ་བཤད་གནངས་རྗེས་ས་གནས་མདོ་སྨད་ཟློས་གར་ཚོགས་པ་གཙོས་ཆོལ་ཁ་གསུམ་གྱི་གཞས་མ་གཞས་མ་རྣམས་ཀྱིས་གཞས་དང་ཞབས་བྲོ་གཟིགས་འབུལ་ཞུས་རྗེས་དེ་རེབ་ཀྱི་མདོ་སྨད་གསེར་གྱི་གཟེངས་རྟགས་ཀྱི་མཛད་སྒོ་རྒྱལ་ཁའི་མཇུག་སྒྲིལ་སོང་།
སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་འདི་ནི་༢༠༡༣ལོར་འབུལ་འགོ་བཙུགས་པ་ཞིག་ཡིན་པ་དང་ཐེངས་དང་པོར་བཀའ་བློན་ཁྲི་ཟུར་དང་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་ཕུལ་ཡོད་པ་དང་། གཉིས་པ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་མཆོག་ལ་ཕུལ་ཡོད་འདུག
རྒད་པོ་འདི་ལ་གསེར་གྱི་གཟེངས་རྟགས་འདི་ལས་ལྷག་ཞིག་ཡོད་ནའང་སྤྲད་ན་འགྱོད་པ་མེེད།
གཟེངས་རྟགས་འབུལ་ས་ནོར་མི་འདུག ཁོང་གིས་ལྷག་བསམ་དང་སྙིང་སྟོབས་འཇོན་ཐང་སོགས་ལ་ནམ་ཡང་ཡི་རངས་དང་བསྟོད་བསྔགས་ཞུ་བཞིན་ཡོད། ཁོང་གི་སྐུ་ཚེའི་མཛད་པ་དེ་དག་བོད་ཀྱི་ལོ་རྒྱུས་ཁྲོད་ནམ་གནས་འོས་ཤིང་གནས་ངེས་པ་ཞིག་རེད། ས་གནས་མདོ་སྨད་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཕུལ་ཡུལ་ནོར་མི་འདུག བཀུར་འོས་འབྲོང་ཆུང་དངོས་གྲུབ་ལགས་ལ་རྟེན་འབྲེལ་དང་། སུད་སི་མདོ་སྨད་མི་དམངས་ལ་བཀའ་དྲིན་ཆེ་ཞུའོ།།
ངས་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་ཀྱི་སྐོར་ལ་ཤེས་རྟོགས་དེ་ཙམ་མེད། བོད་གནས་ལག་དེབ་ཅེས་པའི་དེབ་ཅིག་མཇལ་མྱོང་། དེ་རྩོམ་སྒྲིག་བྱེད་མཁན་ཁོངས་སུ་ཁོང་འདུག དེབ་དེ་ནི་བཙན་བྱོལ་བོད་ཀྱི་གནད་ཡོད་མི་སྣ་ཚོའི་སྐོར་ལ་དོ་སྣང་གནང་མཁན་མང་པོས་ཤེས་ཀྱི་རེད། དེབ་ཧ་ཅང་གི་ཡག་པོ་ཞིག་ཡོད།
ཁོང་གིས་སྐབས་སྔ་མའི་བཀའ་བློན་གྱི་ལས་མཚམས་བཞག་མཇུག་ཏུ་ཁོང་དང་མི་ལོ་མང་པོར་ལས་དོན་མཉམ་སྒྲུབ་གནང་མཁན་ཚོས་ཆེ་མཐོང་ཞུས་རིམ་དང་། རིག་གནས་པའི་སྡེ་ནས་ཁོང་གི་མི་ཚེར་བསྟོད་པའི་རྩོམ་ཡིག་མང་པོ་འཕྱུར་སྟངས་བཅས་ལས་འཕྲོས་པའི་གནང་སྟངས་དེ་ཚོ་ནི་ཧ་ལས་པ་ཞིག་ཏུ་མཐོང་སོང་།
དེ་ནས་བཟུང་། ཧ་ཅང་མངོན་ཆུང་གིས་བཞུགས་པའི་མི་འདི། བོད་མིའི་སྤྱི་ཚོགས་ཀྱིས་དོ་སྣང་སྔར་ལྷག་བྱེད་པ་ཞིག་ཆགས་སོང་། འདི་ནི་ད་ལྟ་ང་ཚོར་ལྷག་བསམ་ཅན། དྲང་ཚུགས་ཅན། གོང་ས་མཆོག་ལ་དབུ་སྐོར་མི་ཞུ་མཁན། མང་ཚོགས་ལ་མགོ་སྐོར་མི་གཏོང་མཁན་ཧ་ཅང་མཁོ་བའི་སྐབས་འདིར། ཡར་ནས་བལྟས་ན་མཐོང་ཞིང་། མར་ནས་བལྟས་ནའང་མཐོང་བའི་དྲང་ཚུགས་ཀྱི་རི་བོ་ཞིག་དདང་མཚུངས། ད་རེས་སུད་སིའི་མདོ་སྨད་མི་དམངས་ནས་གཟེངས་རྟགས་ཕུལ་ཡུལ་ནོར་མི་འདུག ཐུགས་རྗེ་ཆེ་ཞུ།
ཡག་བྱུང་བཀའ་དྲིན་ཆེ།
རླབས་ཆེན་མི་སྣའི་བྱས་པར་ངོས་འཛིན་གཟེངས་རྟགས་གནང་བ་ནི་ཞེ་དྲག་འོས་ཤིང་འཚམས་པ། དོན་ལ་གནས་པ། དུས་ལ་བབས་པ་ཞིག་རེད། རྣམ་དཔྱོད་ཅན་གྱི་གངས་ཅན་པ་མདོ་སྨད་རྣམས་ལ་ཐུགས་རྗེ་ཆེ་ཞུ།
སྐོུ་འབྲོང་ཆུང་དངོས་གྲུབ་མཆོག་མི་མང་གི་ཐུགས་འདུན་ནམ་ཡང་ཆུད་ཟོས་སུ་མི་གཏོང་མཁན། ཡིད་ཆེས་བློ་གཏོད་ཞུ་ཆོག་ས། དེ་དེ་བཞིན་སྒང་གི་ཆེས་མཐོའི་དཔོན་རིགས་ཚོས་ཐུགས་རེ་ཡོངས་སུ་གཏོད་ས་ཡིན་པ། ད་ཐེངས་གསལ་པོ་ཆགས་སོང་། མི་མང་གི་མངོན་འདོད་ཡིན་ཕྱིན། རང་ཉིད་ཆེ་མདོག་མི་སྟོན་པར། གཟེངས་རྟགས་དེ་བཞེས་པར་དངོས་སུ་ཕེབས་ཤིང་། ཟབ་རྒྱས་དུས་ལ་སྨན་པའི་བཀའ་སློབ་གནང་འདུག་པས། གཙོ་བོའི་གཙོ་བོ་སྐོུ་ཁོང་ལ་བཀའ་དྲིན་ཆེ་ཞུ་དགོས་པ་རེད། ཁོང་གིས་གཟེངས་རྟགས་དེ་བཞེས་པས་གཟེངས་རྟགས་ཀྱི་ཆེ་མཐོང་གོང་དུ་སྤེལ་སོང་། བཀའ་དྲིན་ཆེ། ཐུགས་རྗེ་ཆེ།
སྐུ་ངོ། འབྲོང་ཆུང་མཆོག་ནི། སྤྲེལ་ལད་ལ་མི་དགྱེས་ཤིང་། ཞལ་སྙན་མོ་ཁོ་ནས་ལག་ལེན་མེད་པའི་རིགས་མིན་པ། ཕྱོགས་ཞེན་དང་ཕྱོགས་རིས་ཀྱི་ན་ཚ་ཁྱོན་ནས་མེད་པ། བཟང་ངན་གཉིས་མཉམ་འཁྲིད་ལ་ནུས་པ་ལྡན་ཞིང་། མཐར་ངན་པ་ཡང་བཟང་པོར་བསྒྱུར་ནུས་པ། བག་འཁུམས་དང་སྡར་མའི་གཤིས་ཀ་མེད་པ། རྒྱས་སྤྲོས་མེད་ཅིང་དགོས་སར་གཏོང་ཕོད་པ། བོད་ཀྱི་རྩ་དོན་ལ་ཐུག་དུས་བློ་ཁོག་ཆེ་ཞིང་སུ་ལའང་ཁ་གཏད་གཅོག་ནུས་པ། ཁ་གཏད་བཅག་པ་དེ་ཡང་བབ་བརླིང་བརྟན་གསུམ་དང་ལྡན་པ། སྒུལ་མི་ཚུགས་པ། གཞོམ་བཤིག་མི་ནུས་པ། ངང་རྒྱུད་ཤིན་ཏུ་རིང་ལ། བསྟོད་སྨད་སོགས་ཕྱི་རོལ་གྱི་འགྱུར་བས་རང་ལ་གཡོ་འགུལ་གཏོང་མི་ནུས་པར་ཕར་ཞིབ་འཇུག་གི་རིག་རྩལ་ཕུན་སུམ་ཚོགས་པ་དང་ལྡན་པ། མདོར་ན་བོད་ཀྱི་དཀའ་ངལ། བོད་ཀྱི་ནུས་པ། བོད་ལ་ཚུར་རྒོལ་བྱེད་མཁན་བཅས་ཚང་མའི་ཕྱི་ནང་གསང་གསུམ་ལ་རྒྱུས་མངའ་ཤིན་ཏུ་ཟབ་པས། ཁོང་ལྟ་བུའི་མེད་ཐབས་མེད་པའི་སྐྱེས་བུ་རླབས་ཆེན་ཞིག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ་ནི། རིས་སུ་མ་ཆད་པའི་བོད་མི་ཡོངས་དགའ་བ་སྐྱེ་བའི་གནས་སུ་གྱུར་བ་བརྗོད་ག་ལ་དགོས། ཚང་མར་ཐུགས་རྗེ་ཆེ་ཞུ། སྐོུ་འབྲོང་ཆུང་། སྐུ་ཚེ་བརྟན། མཛད་འཕྲིན་རྒྱས་པར་སྨོན།།
མི་གསེར་ལྟ་བུ་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་ཕུལ་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
གསེར་གྱི་གཟེངས་རྟགས། མ་རབས་ཐམས་ཅད་མཁྱེན་པ་སློབ་བཟང་སངས་རྒྱས་ལ་མི་འབུལ་བར། མ་རབས་མི་ཤེས་པའི་འབྲོང་ཆུང་དངོས་གྲུབ་ལ་ཕུལ་ནས་ག་རེ་ཁེ་ཕན་ཡོད་རེད།ཧ་ཧ་ཧ།
མི་རིགས་ཤིག་ལ་མ་འོངས་པའི་མདུན་ལམ་དགོས་པ་དང་། རྒྱལ་ཁབ་གཅིག་འཛུགས་སྐྱོང་དགོས་ན་མི་ཕོ་འདི་འདྲ་བ་དགོས། སྡང་དགྲ་བོའི་ཐོག་ཏུ་མེ་ལས་ཚ་བ་དང་། བོད་མགོ་ནག་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པ། ན་གཞོན་པའི་སྐབས་ནས་སྲོག་འབེན་དུ་བཙུགས་ནས་དགྲ་བོའི་མདུན་དུ་ཐོན་མྱོང་བ་དང་། སྔ་བར་ཕྱི་གསུམ་དུ་མཛད་འགན་རིམ་པ་ཞིག་བཞེས་པའི་སྐབས་བབ་རླིང་བརྟན་གསུམ་ལྡན་ལ། ཕུགས་ཇུས་ཟབ་ཅིང་། ལས་ཕྱོད་ཆེ་བ། སྤྱོད་གཙང་ཀུན་གྱི་ཡིད་དུ་འཐད་པ་བཅས་ཀྱི་ཁྱད་ཆོས་སྣ་ཚོགས་ལྡན། སྲིད་ཕྱོགས་གཅིག་པུ་ནས་བྱ་ན་མི་འདི་འདྲ་བ་དེང་སང་ང་ཚོ་བཙན་བྱོལ་བོད་པའི་ནང་དུ་སུ་ཡང་མེད།
བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་སུ་སུད་སི་ས་གནས་མདོ་སྨད་མི་མང་གིས་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་ཕུལ་བ་ལ་རྗེས་སུ་ཡི་རངས་ཡོད།
སུད་སི་མདོ་སྨད་དོན་ཀྱི་གཟིངས་རྟགས་བཀའ་་ཟུར་འབྲོང་ཆུང་དངོས་གྲུབ་མཆོགས་ཀྱི་བསུབ་ཏུ་མེད་པའི་མཛད་རྗེས་ལ་འབུལ་བ་དགེ་མཚན་དུ་མས་་ཕྱུག་པ་སྟེ་ ཁོ་བོས་ཀྱང་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན་
ཁོང་ལ་ཕུལ་བ་ལ་རྗེས་སུ་ཡི་རངས་ཡོད། འབུལ་ཡུལ་ནོར་མི་འདུག
རྗེས་མ་གསེར་གྱི་གཟིང་རྟགས་དེ་་་ཤར་ཁུག་ལ་སྤྲོད་ཐུབ་པ་ཞུ་རེ་ཡིན།
སྐོུ་འབྲོང་ཆུང་དངོས་གྲུབ་མཆོག་ལ་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས།གསེར་གྱི་གཟེངས་རྟགས་འབུལ་ས་ནོར་མི་འདུག་དགའ་བསུ་ཡོད། མ་འོངས་པ་ཡང་མ་ནོར་བ་གནང་རོགས།
ངེས་པ་དོན་གྱི་མཛངས་བློན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་རྟེན་འབྲེལ་ཞུ། བསམ་བློར་མུ་གེ་ཐེབས་པ་རེ་ཟུང་གིས་རྟག་ཏུ་རང་རེའི་བསྟན་སྲིད་ཆེད་སྐུ་ལས་དཔག་མེད་བསྐྱོན་མཁན་དག་ལ་ཟུར་ཟ་དང་། ཚིག་མཚོན་འདེབས་པ་ནི་རང་གི་དེ་ཉིད་ཕྱིར་བསྟན་པ་ཙམ་ལས་གཞན་ཅི་ཡང་མིན།
གསེར་གྱི་གཟེངས་རྟགས་འབུན་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་བ་དང་།
གསེར་གྱི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་དངོས་གྲུབ་ལགས་སུ་མཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།
སྐུ་ཞབས་ཁོང་གི་སྔོན་གྱི་བྱས་རྗེས་ལ་རྗེས་སུ་ཡིད་རང་དང་མ་འོང་བྱ་ཞག་རྣམས་ལམ་ལོངས་ཡོང་བའི་སྨོན་འདུན་ཞུ།
https://www.youtube.com/watch?v=HwPgZe4HuBU&t=60s
དབྱིན་སྐད་མ་ཎི་འདོན་འདོན་བྱེད་ཨེ་འདོད། དབྱིན་སྐད་ཆུ་རྒྱུག་རྒྱུག་བྱེད་ན་ཨེ་འདོད། དབྱིན་སྐད་དི་ཀོ་ཐག་སྒྱ་གྱག་དགོས་ན། སྨྲ་ལྕེ་དག་པའི་དགེ་རྒན་འདི་བསྟེན་དང་། ཁྱེད་ཀྱི་དབྱིན་སྐད་ཡར་རྒྱས་ལ་ཁྱེད་རང་ཉིད་ཀྱང་ཧང་སང་སྲིད།
ངོ་མ་ཡག་པོ་འདུག